ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བྱང་ཐང་གི་གཏམ་རྒྱུད། བཀྲ་ཤིས་པའི“མཁའ་ལམ”རེ་རེས་བདེ་སྐྱིད་དང་ཁམས་བདེ་བསྐྱལ་བྱུང་།

སྤེལ་དུས 2020-07-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         དུས་རབས་20པའི་ལོ་རབས་80པར། ང་བྱ་བའི་དགོས་མཁོའི་དབང་གིས་ཐེངས་བཅུ་ཕྲག་དུ་མར་རླངས་འཁོར་ལ་བསྡད་དེ་ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་དུ་བཅར་འདྲི་བྱེད་པར་བསྐྱོད་མྱོང་ལ།    བྱང་ཐང་གི་དཀའ་ཚེགས་ཆེ་བའི་བགྲོད་ལམ་གྱིས་མྱོང་ཚོར་ཟབ་མོ་བྱིན་མྱོང་།
         བྱང་ཐང་གི་ས་བབ་ནི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་4500ཟིན་ཡོད་པས“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞིག་རེད།     སྔོན་ཆད་གནས་འདིའི“མཁའ་ལམ”མང་པོ་ཞིག་ནི་རླངས་འཁོར་གྱི་འཁོར་ལོ་ལ་བརྟེན་ནས་མནན་པ་ལས་བྱུང་བའི་འདམ་རྫབ་ཀྱི་རང་བྱུང་བགྲོད་ལམ་ཡིན་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཤིན་ཏུ་དཀོན།
         འདི་ནི་མཚོ་གཉིས་དོན་གཅོད་ཁང་(ད་ལྟ་མཚེའུ་གཉིས་རྫོང་དུ་བསྒྱུར་ཡོད)ཞི་བདེ་ཤང་གི་འབྲོག་པས་རླངས་འཁོར་ནང་ཅ་དངོས་བླུགས་བཞིན་ཡོད་པ་དང་། དེ་སྔའི་འདམ་རྫབ་རང་བྱུང་བགྲོད་ལམ་བརྒྱུད་དེ་འབྲོག་ལས་ཐོན་རྫས་དབོར་གྱིན་པའི་རྣམ་པ།
         ཐེངས་ཤིག་ལ་ཕར་ལོག་གིན་པའི་ལྗིད་ཐེག་རླངས་འཁོར་ཞིག་ལ་སྡོད་ཆེད། ང་རིག་གནས་པུའུ་དོན་གཅོད་ཁང་(ད་ལྟ་ཉི་མ་རྫོང་དུ་བསྒྱུར་ཡོད)གི་སྟབས་བདེའི་ཟམ་པ་ཞིག་ཏུ་འགྲེང་སྟེ། གཟའ་འཁོར་གཅིག་ལྷག་ཙམ་འགོར་རྗེས་གཞི་ནས་རླངས་འཁོར་ཞིག་སྒུག་ཐུབ་པ་བྱུང་།     
         ཡང་ཐེངས་ཤིག་ལ།    ང་ལྷ་ས་ནས་མཚེའུ་གཉིས་དོན་གཅོད་ཁང་(ད་ལྟ་མཚེའུ་གཉིས་རྫོང་དུ་བསྒྱུར་ཡོད)བར་གྱི་སྤྱི་ལེ་ཆིག་སྟོང་གི་ལམ་སྐབས་སུ།    ང་འདུག་སའི་རླངས་འཁོར་གྱི་འཁོར་ལོ་འདམ་རྫབ་ཀྱི་ལམ་དུ་ཡང་ཡང་ཤོར་ནས་ཟླ་ཕྱེད་ལྷག་གི་དུས་ཚོད་སོང་རྗེས་ད་གཟོད་གཞི་ནས་དམིགས་ཡུལ་ལ་སླེབས་ཐུབ་པ་བྱུང་།      
         ཡིན་ནའང་ད་ལྟ་དེ་དང་མི་འདྲ། ད་ལྟ་བྱང་ཐང་གི་རྫོང་ཚང་མར་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ལམ་བཏིང་ཡོད་པར་མ་ཟད། སྟབས་བདེའི་འགྲུལ་སྐྱེལ་རླངས་འཁོར་ཡང་གཏོང་གི་ཡོད།     འགྲུལ་སྐྱེལ་རླངས་འཁོར་ནང་བསྡད་ནའང་། ད་ལྟ་ལྷ་ས་གྲོང་ཁྱེར་ནས་མཚེའུ་གཉིས་རྫོང་དུ་བསྐྱོད་པར་ཉིན་དེ་རང་ལ་སླེབས་ཐུབ་ལ། སྐབས་དེ་དུས་ང་རླངས་འཁོར་ནང་སྡོད་པའི་དཀའ་ངལ་དེ་འདྲ་གང་ཡང་མེད།     
         བསྡོམས་རྩིས་བྱས་པ་ལྟར་ན།    2019ལོའི་ཟླ་12པའི་བར་དུ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)11ཚང་མར“རྫོང་སོ་སོར་སྣུམ་ལམ་ཤར་གཏོང་ཐུབ་ཡོད་པ་དང་།”    གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་ཀྱང་66.8%ཟིན་ཡོད།    གཞུང་ལམ་གྱི་ལམ་ཐག་2010ལོའི་སྤྱི་ལེ་8000ལྷག་ཙམ་ཟིན་པ་ནས་ད་ལྟའི་སྤྱི་ལེ་ཁྲི་2.4ལྷག་ཙམ་བར་མགྱོགས་མྱུར་འཕར་ཡོད། 
འདི་ནི་ཉི་མ་རྫོང་གི་སྔོན་ཆད་ཆུ་བརྒྱུད་པའི་གྲོང་ཚོའི་གཞུང་ལམ་ཡིན།  
         སྔོན་ཆད་བྱང་ཐང་ནུབ་རྒྱུད་ཀྱི་དཔལ་མགོན་དང་།    ཤན་རྩ།    འོ་ལྦུ།    མཚེའུ་གཉིས་བཅས་རྫོང་བཞི(ཁྲུའུ)ར་ཡོད་པའི་རྒྱ་ཆེ་བའི་ལམ་དེ་དག་ནི་རླངས་འཁོར་གྱི་འཁོར་ལོས་བཅག་ནས་བཟོས་པ་ཞིག་རེད།     ལྗང་མདོག་གི་རྩྭ་ཐང་སྟེང་དུ།    འཁོར་ལོ་ཡིས་མནན་ནས་བྱུང་བའི་འཁོར་ཤུལ་གཉིས་ནི་ཡངས་ཤིང་རྒྱ་ཆེ་ལ།    འོད་འཚེར་བ།    དཀར་འོད་ཁྲོད་མིག་ཡང་གཟེར་བ་ཞིག་རེད། ས་འདིའི་ལམ་ནི་གཅིག་ཁོ་ན་མིན་པར། རླངས་འཁོར་ཁ་ལོ་བ་རྣམས་ཀྱིས་རླངས་འཁོར་བསྐོར་ནས་རྩྭ་ཐང་དུ་སོང་ཚེ། ས་གང་ཞིག་བདེ་ན་དེ་རུ་བསྐོར་ནས་འགྲོ་ལ། ལ་ལ་གཡོན་དུ་འགྲོ་ཞིང་། ལ་ལ་གཡས་སུ་འགྲོ། ཡང་ལ་ལ་དཀྱིལ་དུའང་འགྲོ། དེ་ནས་དུས་ཡུན་རིང་པོ་ཞིག་འགོར་བ་ན། གསར་བཟོས་ལམ་བུ་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་། མང་ཆེ་བ་གྲལ་གཅིག་ཏུ་བསྒྲིགས་ཡོད།     ལམ་དུམ་བུ་ཁ་ཤས་སུ་ལམ་གསུམ་དང་ལམ་བཞི་ཡོད་ལ།མང་ན་བརྒྱད་དང་བཅུ་ཡང་ཡོད།     ལམ་དེ་དག་ནི་རྒྱུན་དུ“རླངས་འཁོར་ལམ་ཐོག་ཏུ་རྒྱུགས།    མི་རླངས་འཁོར་ནང་དུ་ལྡིང་།    མཆིན་པ་སེམས་ལ་གཡོ”ཞེས་པ་ལྟ་བུ་རེད།     
         ལོ་ངོ་དུང་ཕྱུར་གཅིག་གི་སྔོན་ལ་བསམ་མནོ་བཏང་ཚེ།     རྦ་རླབས་དྲག་ཏུ་འཕྱུར་བའི་གནའ་བོའི་ས་དབུས་རྒྱ་མཚོའི་གྲས་ཡིན་པའི་མདོ་དབུས་མཐོ་སྒང་དེ།    ཧིན་རྡུ་རྒྱ་མཚོ་རྒྱ་བསྐྱེད་པ་དང་།    ས་ཤུན་འགུལ་སྐྱོད།    ས་གཞི་ཆེན་པོ་ཡར་འཕགས་པའི་རྐྱེན་གྱིས།    ཧིན་རྡུ་སྐམ་ས་ཆེན་མོ་ཕལ་པའི་སྣེ་ཞིག་ཁོད་སྙོམས་པའི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་འོག་ཏུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་གདོང་ཐུག་གིས་མདོ་དབུས་མཐོ་སྒང་བར་སྣང་དུ་དེད་ནས།    གྲོག་རོང་ཁྲི་སྟོང་མང་པོའི“འཛམ་གླིང་ཡང་རྩེར”ཆགས་པ་དང་། བོད་ཀྱི་བྱང་ཐང་དེ“འཛམ་གླིང་ཡང་རྩེའི་ཡང་རྩེར”ཆགས་པ་རེད།      
         《བོད་ཀྱི་ཐོག་མཐའི་ཟིན་བྲིས་གནད་བསྡུས》ནང་འཁོད་པ་ལྟར་ན།    བོད་ལྗོངས་སྔོན་ཆད་ཀྱི་འགྲིམ་འགྲུལ་ནི“རྡོ་ཡིས་གང་སར་ཁྱབ་པ་དང་།    ལམ་ཆད་པ།    ཉེན་ཁ་ཆེ་བ། བརྗོད་ཐབས་བྲལ་བ”ཞིག་རེད། བྱང་ཐང་ཙམ་མ་ཟད།    བོད་ལྗོངས་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱང་ཧ་ཅང་དལ་བ་རེད།     
འདི་ནི་མདོ་དབུས་གཞུང་ལམ་བརྒྱུད་སའི་མཚོ་ངོས་ལས་མཐོ་ཚད་སྨི་5231ཟིན་པའི་གདང་ལ་རི་བོའི་ཉག་ག་རེད། (1996)
         དུས་རབས་20པའི་ལོ་རབས་80པར། དུས་ཡུན་རིང་པོར་བོད་ནས་ཕར་འགྲོ་ཚུར་འོང་བྱེད་པའི་དངོས་ཟོག་90%ཡན་དང་འགྲུལ་པ་85%ཡན་སྐྱེལ་འདྲེན་གྱི་ལས་འགན་འཁུར་བའི་མདོ་དབུས་གཞུང་ལམ་ལ“བོད་ཀྱི་ཚེ་སྲོག་གི་ཐིག”ཞེས་བརྗོད་པ་རེད། འཛམ་གླིང་སྟེང་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་དེའི་གདང་ལ་ཉག་ག་ནི་བྱང་ཐང་དུ་གནས་པ་དང་། དེའི་གཞུང་ལམ་གྱི་མཐོ་ཚད་མཐོ་ཤོས་ནི་སྨི་5231ལ་སླེབས་ཀྱི་ཡོད། 
         ཕ་ཡུལ་ཀན་སུའུ་ཀྲང་ཡེ་ནས་ཡིན་པའི་ལོ་ན་བརྒྱད་ཅུ་ཅན་གྱི་བགྲེས་སོང་ལིའུ་ཀོང་ཧྥན་ནི་ཀྲུང་གོ་གསར་པའི་གཞུང་ལམ་སྐྲུན་མཁན་སྐོར་ཁག་དང་པོ་དེ་རེད།     སྐབས་དེ་དུས་ཁོང་གིས་རྔ་མོང་ཁྲིད་དེ་མཚོ་བོད་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་པ་དང་། ན་གོར་མོ་ནས་ལྷ་ས་བར་ཟླ་བ་གསུམ་ཏག་ཏག་བསྐྱོད་པ་རེད།     “གུར་ནང་སྡོད་པ་དང་། རྩམ་པ་དང་ཇ་བསྲུབས་མ་འཐུང་ཏེ། ལྕགས་ཁེམ་རེ་རེ་དང་རྡོ་སླེལ་པོ་རེ་རེ”ལྟར། ཁོང་དང་ལས་རོགས་ཚོས་གཞུང་ལམ་གདང་ལ་རི་བོར་བདེ་བླག་ངང་བཟོས་ཏེ་ལྷ་སར་ཤར་གཏོང་བྱས་པ་རེད།   
འདི་ནི་བྲེལ་འཚུབ་ཆེ་བའི་མཚོ་བོད་གཞུང་ལམ་གྱི་གདང་ལའི་ལམ་དུམ། (2015)
         ད་ལྟ་མི་རྣམས་རླངས་འཁོར་ལ་སྡོད་སྐབས་ཧང་སང་བ་ཞིག་ནི།མུ་མཐའ་མེད་པའི་རྩྭ་ཐང་སྒྲོལ་བའམ་ཡང་ན་གདང་ལའི་ཉག་ག་བརྒལ་རུང་།    མདོ་དབུས་གཞུང་ལམ་སྟེང་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་གྱི་ཆ་སྙོམས་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་བརྒྱད་ཅུ་དགུ་བཅུ་ཡན་ཟིན་གྱི་ཡོད་པས། ཁོད་སྙོམས་པའི་ལམ་ངོས་ཧ་ཅང་བདེ་པོ་རེད།     
         བྱང་ཐང་གི“མཁའ་ལམ”རེ་རེ་ནི། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ཁྲོད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ལ།     ད་ལྟ་ནག་ཆུ་གྲོང་ཁྱེར་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི་40ལྷག་ཙམ་གྱི་ས་གཞི་ཆེན་མོར། གྲོང་གསེབ་ཀྱི་གཞུང་ལམ་དེ་འདམ་རྫབ་ཀྱི་རང་བྱུང་བགྲོད་ལམ་ནས་བྱེ་རྡོ་བགྲོད་ལམ་དང་། དེ་ནས་ད་ལྟའི་ཕན་ནུས་ཆེ་ལ་མྱུར་བའི་སྣུམ་ལམ་བར་སྤུས་ཚད་ཀྱི་མཆོང་སྐྱོད་བྱུང་ཡོད།  
འདི་ནི་འབྲོག་པ་གཉིས་ཀྱིས་འཕྲུལ་རྟ་བཞོན་ནས་ཕྱི་ལ་འགྲོ་བཞིན་པ་རེད། (2009)
         “མཁའ་ལམ”རེ་རེས་རོང་འབྲོག་མང་ཚོགས་ལམ་ལ་ཆས་སྐབས་ཀྱི་སྤྲོ་སྣང་བྱིན་པར་མ་ཟད།    རོང་འབྲོག་མང་ཚོགས་ཀྱི་འགྲོ་སྐྱོད་བྱེད་སྟངས་ལའང་འགྱུར་ལྡོག་བཏང་བ་རེད། མི་རྣམས་དེ་སྔོན་རྟ་བཞོན་ནས་འགྲོ་སྐྱོད་བྱེད་པ་ནས་ཕྱིས་ཀྱི་འཕྲུལ་རྟ་བཞོན་ནས་འགྲོ་བ་དང་།    དེ་ནས་འཕྲུལ་རྟ་ནས་གང་སར་མཐོང་རྒྱུ་ཡོད་པའི་ཁྱིམ་སྤྱོད་རླངས་འཁོར་བསྐོར་ནས་འགྲོ་བ།    ད་དུང་འགྲིམ་འགྲུལ་གཙོ་བོ་ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ནང་སྡོད་པ་སོགས།    དེ་དག་ཐམས་ཅད་དངོས་གནས“དུས་ཡུན་ཐུང་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་། ལོ་ངོ་སྟོང་གི་འཕུར་འགྲོས་བྱས་པ”ལྟར་འགྱུར་ལྡོག་ཧ་ལས་པ་ཞིག་རེད། 
འདི་ནི་སྔོན་ཆད་རྟ་ལ་ཞོན་ནས་འགྲོ་བའི་འབྲོག་པ་མང་ཚོགས་ཡིན། (1987)
         སྔོན་ཆད་འབྲོག་པ་མང་ཚོགས་ཀྱི་སྐྱེལ་འདྲེན་ཡོ་བྱད་ཁོ་ན་སྟེ། གཡག་དང་རྟ་ནི་ད་ལྟ་ཡུལ་སྐོར་བས་འབྲོག་ཁུལ་གྱི་འཚོ་བ་ཉམས་སུ་མྱོང་བའི་ཡུལ་སྐོར་ལག་ཆ་ཞིག་ཏུ་གྱུར་ཡོད།    
         ཤེས་རྟོགས་བྱུང་བར་གཞིགས་ན།    མདོ་དབུས་གཞུང་ལམ་ལ་རླངས་འཁོར་ཐོག་མར་ཤར་གཏོང་བྱེད་དུས། ནག་ཆུ་ས་ཁུལ་ཡོངས་ལ་སྐྱེལ་འདྲེན་རུ་ཁག་དང་དོས་སྐྱེལ་རླངས་འཁོར་6ལས་མེད། ད་ལྟ་ནག་ཆུར་རླངས་འཁོར་སྣ་ཚོགས་ཁྲི་ཡན་ཡོད་པ་དང་དེའི་ནང་རླངས་འཁོར་གསུམ་ཆ་གཅིག་ལ་ཉེ་བ་ནི་བྱང་ཐང་གི་རོང་འབྲོག་མང་ཚོགས་ཀྱི་ཡིན་པ་རེད།      
         བྱང་ཐང་ཨ་མདོ་རྫོང་ནི་བོད་ལྗོངས་བྱང་རྒྱུད་ཀྱི་སྒོ་ཆེན་ཡིན་པ་དང་།    མཚོ་སྔོན་ནས་བོད་ལྗོངས་སུ་བསྐྱོད་པའི་ས་ཚིགས་དང་པོ་དེ་ཡང་ཡིན།     དུས་རབས་གོང་མའི་ལོ་རབས་50པར་འཛུགས་བསྐྲུན་བྱས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྩ་ལམ་ཆེན་པོ་མདོ་དབུས་གཞུང་ལམ་ཡང་ཨ་མདོའི་རྫོང་བརྒྱུད་དུ་ཡོད།      
         སྐལ་ཐུབ་ནི་ཨ་མདོའི་རྫོང་གི་གཞོན་ནུ་ཁ་ལོ་བ་ཞིག་རེད།     ད་ལྟ་ཁོས་ཉིན་རེར་ཐེངས་གཉིས་ལ་འགྲུལ་སྐྱེལ་རླངས་འཁོར་བཏང་ནས་གདང་ལའི་ལ་ཁར་བརྒལ་བཞིན་ཡོད་ལ། ཨ་མདོ་རྫོང་གྲོང་ཁྱེར་ནས་བྲག་སྨུག་བར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད།     ཁོས་གཞུང་ལམ་གྱིས་ཕ་ཡུལ་ལ་འགྱུར་ལྡོག་ཇི་འདྲ་བསྐྱལ་ཡོང་བ་སེམས་གཏིང་ནས་ཚོར་གྱི་འདུག     
འདི་ནི་ནག་ཆུ་གྲོང་རྡལ་གྱི་ཕྱོགས་བསྡུས་ཁྲོམ་རར་འབྲོག་པ་མང་ཚོགས་མང་པོ་ཞིག་གིས་འགྲུལ་སྐྱེལ་རླངས་འཁོར་ནང་བསྡད་ནས་ཡོང་སྟེ་བཤས་མ་ཐག་པའི་ནོར་ལུག་གི་ཤ་འཚོང་བཞིན་པ་རེད། (2012)
         འབྲོག་པ་ཚེ་ཁྱུང་གིས་ཉིན་ལྟར་མགྱོགས་མྱུར་ངང་བཤས་པའི་ཚགས་ཤ་དང་ལུག་ཤ་ཨ་མདོ་རྫོང་གྲོང་ཁྱེར་གྱི་ཁྲོམ་རར་དབོར་ཡོང་སྟེ། ཡོང་འབབ་མི་དམན་པ་རག་གི་ཡོད།     ཁྲོམ་རར་ཚེ་ཆུང་དང་འདྲ་བར་རང་ཁྱིམ་གྱི་འབྲོག་ལས་ཐོན་རྫས་རྫོང་གྲོང་ཁྱེར་དང་ནག་ཆུ་གྲོང་རྡལ་དུ་ཕྱིར་ཚོང་བྱེད་དུ་ཡོང་བའི་འབྲོག་པ་མང་ཆེ་བ་ནི་འགྲུལ་སྐྱེལ་རླངས་འཁོར་ནང་བསྡད་དེ་ཁྲོམ་རར་ཡོང་གི་ཡོད་པ་རེད། 
འདི་ནི་གསར་དུ་བཏིང་བའི་མཚོ་གཉིས་རྫོང་དུ་སྐྱོད་པའི་སྣུམ་ལམ་ཡིན།  (2019)
         མིག་སྔར། བྱང་ཐང་གི“མཁའ་ལམ”དེ“ཐིག་”ནས་“དྲ་བ”དང་། “དོག་པ”ནས་“ཡངས་པ”། “ཤར་གཏོང་ཐུབ་པ”ནས“ཤར་གཏོང་ཡག་པོ་ཐུབ་པའི”ཕྱོགས་སུ་མཐུན་སྦྱོར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། བཀྲ་ཤིས་པའི“མཁའ་ལམ”རེ་རེས་བདེ་སྐྱིད་དང་ཁམས་བདེ་བསྐྱལ་ལོ།།