ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་ལོ་ངོ་སྟོང་གི་གེ་སར་རིག་གནས་ལ་སླར་ཡང་རིམ་སྤོར་སྲུང་སྐྱོང་ཐོབ་པ།

སྤེལ་དུས 2020-09-17 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
བརྟག་ཞིབ་ཚན་ཆུང་གིས་གེ་སར་རིག་གནས་ཀྱི་འབྲེལ་ཡོད་རིག་དངོས་ལ་རྟོག་ཞིབ་བྱེད་བཞིན་པ།
          ཚེས16ཉིན་བོད་ལྗོངས་ས་ཁུལ་གྱི་གླིང་སྒྲུང་རིག་གནས་ལག་བསྟར་མྱུར་སྐྱོབ་དང་ནང་དོན་ལེགས་སྒྲིག་རྣམ་གྲངས་དེ་འཚོལ་བསྡུ་དང་བརྟག་ཞིབ་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་དང་། འདི་ཡིས་བོད་ལྗོངས་ས་ཁུལ་གྱི་གེ་སར་རིག་གནས་སྲུང་སྐྱོང་ལ་སླར་ཡང་རིམ་སྤོར་བྱས་པ་མཚོན་ཡོད།
          《གླིང་སྒྲུང》ལོ་རྒྱུས་སྙན་ངག་རིང་མོ་ནི2009ལོའི་ཟླ9པར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང》ནང་ཚུད་པ་རེད། དེ་ནི་འཛམ་གླིང་ཐོག་གྲངས་ཀ་མང་པོ་མེད་ཅིང་“གསོན་ཉམས་ལྡན་པའི་”ལོ་རྒྱུས་སྙན་ངག་གི་གྲས་ཤིག་ཡིན། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ངོ་མཚར་ཆེ་བའི་སྔོན་བྱུང་དཔའ་བོ་གེ་སར་རྒྱལ་པོའི་མི་ཚེ་གང་བོའི་གཡུལ་འགྱེད་ལོ་རྒྱུས་ཟིན་ཐོར་བཀོད་པ་དང་། བོད་ཀྱི་གནའ་བོའི་སྤྱི་ཚོགས་འཚོ་བའི་རི་མོ་ཕྱོགས་བསྡུས་བྱས་པ་ཞིག་ཡིན་ལ། དེའི་ཡིག་འབྲུ་ནི་རྒྱ་གར་གྱི་ལོ་རྒྱུས་སྙན་ངག《ར་མ་ཎ》དང་། ཧོ་མའི་ལོ་རྒྱུས་སྙན་ངག《དབྱི་ལིས་ཡ་ཐེ》དང་《ཨའོ་ཏི་ཞིའུ་ཡི་རྣམ་ཐར》ལས་བརྒལ་ཡོད། 

བརྟག་ཞིབ་ཚན་ཆུང་གིས་གེ་སར་འབྲེལ་ཡོད་ལྡེབས་རིས་ལ་ལྟ་བཞིན་པ།
          བོད་ལྗོངས་སློབ་ཆེན་གེ་སར་ཞིབ་འཇུག་ཁང་དང་པོ་ཏ་ལའི་རིག་གནས་ཡུལ་སྐོར་ཚོགས་པ། བོད་ལྗོངས་ཅའོ་ལའོ་ཚན་རྩལ་མཉམ་འབྲེལ་བཅས་ཀྱིས་རྣམ་གྲངས་བརྟག་ཞིབ་ཚོགས་ཆུང་བཙུགས་ནས། བོད་ལྗོངས་ཀྱི་ས་གནས་ཁག་གི་གེ་སར་རིག་གནས་གཅིག་བསྡུའི་འབྱུང་གནས་སུ་འཚོལ་བསྡུ་དང་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་སྤེལ་ཏེ། དམངས་ཁྲོད་གེ་སར་གྱི་སྒྲུང་པ་དང་ལག་བྲིས་དེབ་སོགས་ལ་གོ་རིམ་ལྡན་པའི་བརྟག་དཔྱད་དང་། འཚོལ་བསྡུ། ཡིག་སྒྱུར། ལེགས་སྒྲིག་བཅས་བྱས་ནས། 《གླིང་སྒྲུང》གི་ལོ་རྒྱུས་སྙན་ངག་མྱུར་སྐྱོབ་དང་ཐོ་འགོད་བྱེད་པའི་ལས་དོན་ཡག་པོར་བསྒྲུབས་པ་རེད།
          དེ་དང་ཆབས་ཅིག་བརྟག་ཞིབ་ཚན་ཆུང་གིས་བྱ་བའི་གྲུབ་འབྲས་བེད་སྤྱོད་གང་ལེགས་ཀྱིས་གེ་སར་རིག་གནས་རྒྱུན་འཛིན་བྱེད་སྟངས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ད་ཡོད་ཀྱི་ལྡེབས་རིས་དང་། ཐང་ག  འཇིམ་བརྐོས། བོད་ཀྱི་ཟློས་གར། དམངས་གཞས་སོགས་སྲོལ་རྒྱུན་རྒྱུན་འཛིན་བྱེད་སྟངས་ཀྱི་རྨང་གཞིའི་ཐོག པར་རིས་དང་སྒྲ། བརྙན་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ《གླིང་སྒྲུང》གི་ལོ་རྒྱུས་སྙན་ངག་གྲངས་འཛིན་ཅན་དུ་བསྒྱུར་བ་དང་། ཆ་ཚང་ཞིང་མ་ལག་ཅན། ཕྱོགས་ཡོངས། བརྗེ་སྤོ་ཐུབ་པ་བཅས་ཀྱི་ཡུན་རིང་རང་བཞིན་གྱི་གཞི་གྲངས་མཛོད་བཙུགས་ནས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གེ་སར་རིག་གནས་ཀྱི་མཆོག་ནོར་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་འགྲེམས་སྟོན་བྱས།
          མིག་སྔར། བརྟག་ཞིབ་ཚན་ཆུང་དང་བཅས་པ་བོད་ལྗོངས་ཆབ་མདོར་བསྐྱོད་དེ་ཡུལ་དངོས་བརྟག་ཞིབ་བྱས་ནས། ད་རུང་མུ་མཐུད་དུ་ནག་ཆུ་དང་མངའ་རིས་སོགས་སུ་བསྐྱོད་རྒྱུ་རེད།
          གེ་སར་རིག་གནས་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་རྣམ་གྲངས་ཀྱི་འགན་འཁུར་བ་བསྟན་འཛིན་ནོར་བུས་བཤད་རྒྱུར། ད་ཐེངས་ཀྱི་བརྟག་ཞིབ་ལས་དོན་འདི་ནི་གེ་སར་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ལ། ཆེད་དོན་བརྟག་ཞིབ་ལས་དོན་འདིས་རིག་གནས་ཐོན་ཁུངས་ཀྱི་གཞི་གྲངས་མཛོད་བཙུགས་པ་བརྒྱུད། དེང་རབས་ཀྱི་གྲངས་འཛིན་ཅན་གྱི་ལག་རྩལ་དཔེ་གསར་བེད་སྤྱད་དེ། ཕྱོགས་མང་པོ་ནས་གེ་སར་རིག་གནས་མྱུར་སྐྱོབ་དང་བསྡུ་རུབ་ལེགས་སྒྲིག་གི་ལས་དོན་སྤེལ་ཏེ།《གླིང་སྒྲུང》གི་ལོ་རྒྱུས་སྙན་ངག་སྲུང་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་ཐུབ་ཟེར། །