ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཡུལ་སྐོར་བ་ཞིག་ལམ་ནོར་ཐེབས་ནས་གར་སོང་མ་ཤེས་པར་་་་་་་

སྤེལ་དུས 2020-10-20 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
          ལྷོ་རོང་རྫོང་ནག་ལྕོག་ཤང་དཔལ་སྟོད་གྲོང་ཚོའི་ཉེ་འགྲམ་དུ་ཡུལ་སྐོར་བ་ཞིག་ལམ་ནོར་ཐེབས་ནས་གར་སོང་མ་ཤེས་པས་ཟླ་༡༠ཚེས་༡༣ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༡༨ཐོག་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་ལ་སྙན་ཞུ་བྱས་ཏེ་འཕྲལ་མར་རོགས་སྐྱོབ་བྱེད་པར་རེ་ཞུ་ཞུས། ལྷོ་རོང་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་འཕྲལ་མར་རླངས་འཁོར་༢དང་མི་༩བཏང་ནས། ཐག་པ་དང་གློག་སྒྲོན། མི་མེད་གནམ་གྲུ་སོགས་རོགས་སྐྱོབ་སྒྲིག་ཆས་ཁྱེར་ཏེ་འཕྲལ་མར་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་བསྐྱོད་པ་རེད། 


          ཆུ་ཚོད་༡༨དང་སྐར་མ་༥༤ཐོག་མེ་ཟོན་རོགས་སྐྱོབ་ཚོགས་པ་ནག་ལྕོག་ཤང་མངགས་གཏོང་ཁང་དུ་འབྱོར་ནས་སྤྱི་བདེ་དང་། མཁོ་སྒྲུབ་དོ་དམ། སྨན་དོན་མི་སྣ་བཅས་དང་མཉམ་དུ་འཛོམས་ནས་འཚོལ་སྐྱོབ་ལས་དོན་སྤེལ་འགོ་ཚུགས་པ་རེད། ཚེས་༡༥ཉིན་གྱི་ཆུ་ཚོད་༦དང་སྐར་མ་༣༠ཐོག་རོགས་སྐྱོབ་མི་སྣས་མཚོ་འགྲམ་དུ་སླར་ཡང་འཚོལ་སྐྱོབ་བྱེད་པའི་གཞི་ཁྱོན་ཇེ་ཆེར་བཏང་སྟེ། མཚོ་ངོས་ན་འཕྱོ་གཡེང་བྱེད་བཞིན་པའི་དངོས་པོར་ལྟ་ཞིབ་ནན་མོ་བྱས་ནས་ཆུ་ཚོད་༦ལྷག་ཙམ་རིང་འཚོལ་སྐྱོབ་བྱས་མཐར་རོགས་སྐྱོབ་ཚོགས་པ་མཚེའུ་དེའི་མཐའ་སྣེར་བསླེབས་པ་རེད། དེའི་རྗེས་རི་འཛེག་འཚོལ་སྐྱོབ་བྱེད་འགོ་བཙུགས་ཏེ་ཆུ་ཚོད་༤ཡི་རིང་རི་ཁུལ་དུ་འཚོལ་སྐྱོབ་བྱས་པ་དང་། རོགས་སྐྱོབ་ཚོགས་པ་ཚོད་༡༧དང་སྐར་མ་༣༠ཐོག་ལྷོ་རོང་དང་སྤོ་མེས་འབྲེལ་མཚམས་ཀྱི་ཉག་གར་བསླེབས་པ་རེད། རོགས་སྐྱོབ་མི་སྣས་ལམ་ནོར་ཐེབས་པའི་ཡུལ་སྐོར་བས་གཡུག་པའི་ཐ་མག་དང་། རྐང་རྗེས། བཟའ་བཅའ་སོགས་ཀྱི་ཁུངས་སྣེ་བརྒྱུད་ནས་མུ་མཐུད་དུ་སྤོ་མེས་ས་ཁོངས་ཀྱི་མི་མེད་ཁུལ་དུ་འཚོལ་སྐྱོབ་བྱེད་པར་བསྐྱོད་པ་རེད། ཆུ་ཚོད་༡༩ཡས་མས་སུ་རི་ཁུག་ལུང་ཁུག་ཅིག་ཏུ་ལམ་ནོར་ཐེབས་པའི་ཡུལ་སྐོར་བ་དེ་རྙེད་པ་དང་། ཡུལ་སྐོར་བ་དེའི་གཟུགས་པོ་ཡག་པོ་ཡོད་པར་མ་ཟད་རང་འགུལ་ངང་རྐང་པ་རྒྱབ་ནས་ཕྱིར་ལོག་ཐུབ། གནས་ཡུལ་དེའི་ས་བབ་ཅུང་མཐོ་བ་དང་གནམ་གཤིས་གྲང་ངར་ཆེ་བས་རོགས་སྐྱོབ་ཚོགས་པས་གནས་དེར་ངལ་གསོ་ཅུང་ཙམ་བྱས་རྗེས་ཡུལ་སྐོར་བ་དང་མཉམ་དུ་རྐང་པ་རྒྱབ་ནས་ཕྱིར་ལོག་པ་རེད། 

          ལམ་ནོར་ཐེབས་པའི་ཡུལ་སྐོར་བ་རྙེད་རྗེས་རོགས་སྐྱོབ་མི་སྣས་ཕ་རོལ་པོའི་གཟུགས་པོའི་གནས་ཚུལ་སྐོར་གྱི་སྐད་ཆ་དྲིས་ནས་རང་ཉིད་ནི་མེ་ཟོན་རོགས་སྐྱོབ་དཔུང་ཁག་ཡིན་ཞེས་བཤད་རྗེས། ཡུལ་སྐོར་བས༼སྐྱོན་མེད། ངའི་ལུས་པོ་ཧ་ཅང་ཡག་པོ་འདུག ཁྱེད་ཚོའི་རོགས་སྐྱོབ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་མ་གཞི་ས་ཆ་དེའི་ཤིང་ཟམ་འོག་ཏུ་སྒུག་ནས་འདུག་འདོ་ཡོད་ཀྱང་ངའི་སེམས་སུ་ས་ཆ་འདིར་འཚོལ་སྐྱོབ་བྱེད་དཀའ་བར་བསམ་ནས་བརྡ་རྟགས་ཡོད་པའི་ས་ཆ་ཞིག་འཚོལ་དུ་སོང་པ་ཡིན། ཡིན་ནའང་ལམ་བར་དུ་བརྡ་རྟགས་མི་འདུག༽ཅེས་བཤད།