ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷོ་པ་རིགས་ཀྱི་ལོ་རྒྱུས་སྙན་ངག《ཨ་པ་སྟག་ཉི》ཡི་བརྙན་ལེན་དབུ་འབྱེད་མཛད་སྒོ་སྤེལ་བ།

སྤེལ་དུས 2020-10-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུ་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས21ཉིན། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་དམངས་ཁྲོད་རིག་རྩལ་འཕེལ་རྒྱས་ལྟེ་གནས་ཀྱིས་གྲོས་འགོ་བཏོན་པ་དང་། གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་སྒྲུབ་འགན་འཁུར་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན《ཀྲུང་གོའི་ལོ་རྒྱུས་སྙན་ངག་བརྒྱ་ཡི་ལས་གཞི》ཞེས་པའི་ཡན་ལག་ཞིབ་འཇུག་ལས་གཞི་སྟེ། ལྷོ་པ་རིགས་ཀྱི་ལོ་རྒྱུས་སྙན་ངག《ཨ་པ་སྟག་ཉི》ཞེས་པ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་སྟབས་བདེ་ལ་བརྗིད་ཉམས་ལྡན་པའི་བརྙན་ལེན་དབུ་འབྱེད་མཛད་སྒོ་འཚོགས་ནས་རྣམ་གྲངས་དེའི་ཡུལ་དངོས་རྟོག་ཞིབ་དང་བརྙན་ལེན་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད།
 བརྙན་ལེན་དབུ་འབྱེད་མཛད་སྒོའི་ཡུལ་དངོས་སུ་ལྷོ་པ་རིགས་ཀྱི་ས་གནས་རང་གི་མཁས་དབང་དབྱང་ཡུང་དང་སྒྲོལ་མས་ཆེད་མཁས་པ་དང་མཁས་དབང་རྣམ་པར་བགྲོ་གླེང་བྱེད་པ།
          བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དམ་དེ་དང་འདབས་འབྲེལ་བའི་མེ་ཏོག་རྫོང་དང་། སྨན་གླིང་རྫོང་། ལྷུན་རྩེ་རྫོང་སོགས་སུ་འཚོ་ཞིང་གནས་པའི་ལྷོ་པ་རིགས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གྲས་ཤིག་ཡིན་ཞིང་། མི་རབས་ནས་མི་རབས་བར་ངག་རྒྱུན་ལ་བརྟེན་ནས་རང་ཉིད་ཀྱི་རིག་གནས་དང་སྲོལ་རྒྱུན་རྒྱུན་འཛིན་བྱེད་བཞིན་ཡོད། 《ཨ་པ་སྟག་ཉི》ཞེས་པ་དེས་མཚོན་པའི་ལོ་རྒྱུས་སྙན་ངག་ནི་ལྷོ་པ་རིགས་ཀྱི་དར་ཁྱབ་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་ལྷ་སྒྲུང་སྐོར་ཡིན་ཞིང་། དེའི་ནང་དོན་ཧ་ཅང་ཁྱབ་ཆེ་བས། ལྷོ་པ་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཤེས་བྱ་ཀུན་འདུས་ལྟ་བུ་ཞིག་ཡིན་པ་མ་ཟད། ལྷོ་པ་རིགས་ཀྱི་ལོ་རྒྱུས་དང་རིག་གནས་བཀོད་པའི་འགྱུར་རྡོ་གསོན་པོ་ལྟ་བུ་ཞིག་ཀྱང་ཡིན་ལ། རང་རྒྱལ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་དམངས་ཁྲོད་རིག་གནས་ཀྱི་མཚོན་བྱེད་ཅིག་ཀྱང་རེད།
          དམངས་ཁྲོད་ཀྱི་ངག་ཐོག་ལོ་རྒྱུས་སྙན་ངག་ནི་ངག་ཐོག་གི་རྣམ་པར་བརྟེན་ནས་ལོ་རྒྱུས་དང་ཐུན་མོང་གི་དྲན་པ་རྒྱུན་འཛིན་བྱས་ཡོད་ལ། དེ་ནི་ལྟོས་བཅས་སུ་དོན་དངོས་རང་བཞིན་ཆེ་ཞིང་རྩ་ཆེ་བའི་དཔྱད་གཞིའི་རྒྱུ་ཆ་ཐོག་མ་ཞིག་རེད། རིག་གཞུང་ཞིབ་འཇུག་གི་ངོས་ནས་བརྗོད་ན་ཡིག་ཐོག་ལོ་རྒྱུས་ཀྱི་དཔྱད་ཡིག་དང་འདྲ་མཚུངས་ཀྱི་རིན་ཐང་ཡོད་ ། ཞིབ་འཇུག་ལས་གཞི་འདིའི་ཡུལ་དངོས་རྟོག་ཞིབ་ཀྱི་ས་གནས་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ཤང་དང་མེ་ཏོག་རྫོང་སྟག་མོ་ཤང་ཡིན་ཞིང་། ཀྲུང་གོའི་མངའ་ཁོངས་ཀྱི་ལྷོ་པ་རིགས་འདུས་ཆེ་ཤོས་ཀྱི་ས་ཁོངས་ཤིག་རེད། ཞིབ་འཇུག་ལས་གཞི་འདིའི་བློ་འདྲི་ས་ཅི་ཝུན་ཀྲེང་གིས་དུས་རབས20པའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པར་རྟོག་ཞིབ་བྱས་པའི་དཔྱད་འབྲས་གཞིར་བཟུང་ན། 《ཨ་པ་སྟག་ཉི》ལ་སྙན་རྩོམ་བརྒྱ་ལ་ཉེ་བ་ཡོད་ཅིང་། ད་ལྟ་སྒྱུ་རྩལ་པ་རྒན་པ་གཅིག་རྗེས་གཉིས་མཐུད་དུ་ཚེ་ལས་འདས་པས། རྒྱུན་འཛིན་བྱས་པའི་སྙན་རྩོམ་བཅུ་གྲངས་ལས་མེད་པ་དང་། ལྷོ་པའི་ལོ་རྒྱུས་སྙན་རྩོམ་གྱི་གནས་བབ་ཉག་ཕྲ་བའི་གནས་སུ་ལྷུང་ཡོད། ད་ཐེངས་ཀྱི་ཡུལ་དངོས་རྟོག་ཞིབ་ཏུ《ཨ་པ་སྟག་ཉི》ལོ་རྒྱུས་སྙན་རྩོམ་ལ་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་འགོད་པ་མ་ཟད། དེའི་རྒྱུན་འཛིན་གྱི་ད་ལྟའི་གནས་ཚུལ་ལ་ཡོངས་ཁྱབ་ཞིབ་བཤེར་ཆ་ཚང་བྱས་ནས། སླད་ཕྱིན་གྱི་རིག་གཞུང་ཞིབ་འཇུག་དང་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་ཡོད་སྲུང་སྐྱོང་སྲིད་ཇུས་བཟོ་རྒྱུར་རིན་ཐང་ལྡན་པའི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད།
 བརྙན་ལེན་དབུ་འབྱེད་མཛད་སྒོར་ཞུགས་པའི་ཆེད་མཁས་པ་དང་མཁས་དབང་རྣམས་ཀྱི་མཉམ་པར།
          དེའང་རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱེད་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཞིབ་འཇུག་ལས་གཞི་འདིར་གཏོགས་པའི《ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་བརྒྱ་ཡི་ལས་གཞི》ཞེས་པ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས(རྩོམ་རིག)“ཉིང་བསྡུས་གསུམ”རྗེས་ཀྱི་རྒྱལ་ཁབ་རིམ་པའི་ས་ཁོངས་ཧྲིལ་པོ་དང་མི་རིགས་ཡོངས་ཀྱི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྔོག་བཤེར་དང་ལེགས་སྒྲིག་བྱེད་པའི་ལས་གཞི་ཞིག་ཡིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མཚོན་བྱེད་རང་བཞིན་གྱི་ལོ་རྒྱུས་སྙན་རྩོམ་གྱི་སྤུས་ཚད་མཐོ་བའི་བརྙན་ལེན་ཟིན་ཐོའི་ལས་དོན་ཐོག་མའང་རེད། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་སྟོངས་ལ་ཉེ་བའི་ལོ་རྒྱུས་སྙན་རྩོམ་གྱི་ཐོན་ཁུངས་མྱུར་སྐྱོབ་བྱས་ནས། གསོན་པོར་གནས་པའི་ལོ་རྒྱུས་སྙན་རྩོམ་འཁྲབ་སྟོན་གྱི་སྲོལ་རྒྱུན་ཕབ་ལེན་དང་། སྤུས་ཚད་མཐོ་བའི་སྒྲ་བརྙན་ལག་རྩལ་བྱེད་ཐབས་སྤྱད་དེ། ལོ་རྒྱུས་སྙན་རྩོམ་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ཟིན་ཐོར་འགོད་པ་དང་། མཇུག་མཐར་སྒྲ་བརྙན་ཕབ་བཟོ་དང་ཡིག་ཆ་ལེགས་སྒྲིག གྲངས་མཛོད་འཛུགས་སྐྲུན་བཅས་ཀྱི་བྱེད་ཐབས་གསུམ་སྤྱད་དེ། གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་པས་འཁྲབ་སྟོན་བྱས་པའི་ལོ་རྒྱུས་སྙན་རྩོམ་ཟིན་ཐོར་བཀོད་ནས། སྒྲ་བརྙན་དང་། དཔྱད་གཞིའི་རྒྱུ་ཆ་ཕྱོགས་སྒྲིག གྲངས་མཛོད་བཅས་འགྲུབ་པར་བྱས་ནས། ཀྲུང་གོའི་བརྙན་པར་མིའི་རིགས་རིག་པའི་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ངེས་རེད།