ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་སྲོལ་རྒྱུན་བོད་ལུགས་རྫ་བཟོའི་ལག་རྩལ་ལོ་ངོ་སྟོང་ལ་རྒྱུན་འཛིན་བྱས་ཤིང་བསྐྱར་དུ་གསོན་ཤུགས་རྒྱས་པ།

སྤེལ་དུས 2020-11-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ཉིང་ནང་གྲོང་ཚོའི་ཆུ་བཟང་རྫ་ཆས་རམ་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལག་ཤེས་བཟོ་རྩལ་པས་རྫ་ཆས་བཟོ་བ། 
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་རྫ་ཆས་བཟོ་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། སྣ་ཁ་དང་བཟོ་དབྱིབས་ཧ་ཅང་མང་ལ། འདི་ནི་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་ཡིན་ཞིང་། མིག་སྔའི་བར་རྫ་ཆས་བཟོ་རྩལ་ཡོངས་སུ་རྒྱུན་འཛིན་ཐུབ་པའི་ལག་རྩལ་པ་ཧ་ཅང་ཉུང་ལ། ས་ཆ་ཁ་ཤས་སུ་ཐ་ན་རྒྱུན་ཆད་པ་རེད། 
          འོན་ཀྱང་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ཉིང་ནང་གྲོང་ཚོའི་རྫ་ཆས་བཟོ་རྩལ་ནི་ད་བར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་ད་བར་རྒྱུན་ཆད་མྱོང་མེད་ལ། ད་ལྟ་མི་རྣམས་ཀྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྫ་ཆས་བཟོ་རྩལ་དེ་རྒྱུན་འཛིན་བྱེད་བཞིན་ཡོད། 
“དེས་བོད་མི་རིགས་ཀྱི་རིག་གནས་དང་། འཚོ་བ། བློ་གྲོས། ལས་ལ་བརྩོན་པ། དཔའ་ངར་ཆེ་བ། ཡུལ་སྲོལ་གོམས་གཤིས་སོགས་གསལ་པོར་མཚོན་ཡོད་པ་རེད།”ཅེས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ཉིང་ནང་གྲོང་ཚོའི་ཆུ་བཟང་རྫ་ཆས་རམ་པ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགན་འཛིན་པ་ཟླ་གཙུག་གིས་དེ་ལྟར་བཤད། རྫ་ཆས་ནི་འཚོ་བའི་ཁྲོད་དུ་སྤྱོད་སྒོ་ཧ་ཅང་ཆེ་བ་མ་ཟད། དེའི་གཟིགས་སྐོར་ཀྱི་རིན་ཐང་ཡང་ཧ་ཅང་ཆེ་བས། འཛམ་གླིང་རིག་གནས་ལོ་རྒྱུས་ཀྱི་རིམ་འགྱུར་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད།
 
ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ཉིང་ནང་གྲོང་ཚོའི་ཆུ་བཟང་རྫ་ཆས་རམ་པ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཐོན་སྐྱེད་བྱས་པའི་རྫ་ཆས།
           རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་ཉིང་ནང་གྲོང་ཚོའི་ཡུལ་ལྗོངས་ལྟ་ན་སྡུག་པ་དང་། གནས་འདིའི་རི་བོ་མཐོལ་སྤྲིན་རིམ་དུ་ཟུག་ཡོད། ནགས་ཚལ་དང་རྩྭ་ཐང་གིས་རྣམ་པར་བརྒྱན་ཡོད་ལ། དྭངས་གཙང་གི་ཆུ་བོ་ཤང་ཤང་དུ་འབབ་ཅིང་། དཔྱིད་དུས་དང་དབྱར་དུས་སུ་མེ་ཏོག་སྣ་ཚོགས་རྣམ་པར་བཞད་པས། དངོས་གནས་མཛེས་ཤིང་ཡིད་དུ་འོང་བའི་ས་ཆ་ཞིག་རེད། རྒན་རྒོན་རྣམས་ཀྱིས་བཤད་པ་ལྟར་ན། སྤྱི་ལོའི་དུས་རབས་བདུན་པར་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བསུ་སྐབས། ཀོང་ཇོས་འདི་ནས་ངལ་གསོ་བྱས་ལ། སྐབས་དེར་གནས་འདིའི་མཛེས་ལྗོངས་ཀྱིས་ཁོ་མོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོག་པས་མཉེས་པོའི་ནགས་ཞེས་མིང་བཏགས་པ་རེད། 
           སྐབས་དེར་གནས་འདི་རུ་གཞིས་ཆགས་པའི་མི་མེད་ལ། དུས་རབས་བཅུ་བདུན་པར་བོད་ལྗོངས་ཆབ་མདོ་ཁ་རུབ་ཆུས་རྫ་ཆས་བཟོ་བ་དཔའ་གྲགས་ཁྱིམ་རྒྱུད་ཀྱི་བུ་པད་མ་བཀྲ་ཤིས་འདིར་ཡོང་ནས་གཞིས་ཆགས། པད་མ་བཀྲ་ཤིས་ཀྱིས་རྒྱུན་མཁོའི་རྫ་ཆས་བཟོ་བཞིན་ཡོད་མོད། འོན་ཀྱང་སྐབས་དེར་འགྲིམ་འགྲུལ་ཆ་རྐྱེན་ཞན་པའི་རྐྱེན་གྱིས། མི་ཤུགས་དང་ཕྱུགས་རིགས་ལ་བརྟེན་ནས་དབོར་འདྲེན་བྱེད་དགོས་པ་དང་། གཙོ་བོ་ནི་ཉེ་འཁོར་གྱི་གྲོང་མི་དང་དགོན་སྡེ་ཁག་ལ་ཉེར་མཁོའི་རྫ་ཆས་དང་ཆོས་ལུགས་ཀྱི་རྫ་ཆས་མཁོ་འདོན་བྱེད་པ་རེད། 
           འབྲི་རུ་རྫོང་གི་རྫ་ཆས་ཀྱི་མཚན་སྙན་ནག་ཆུའི་ཤར་རྒྱུད་ས་ཁུལ་དུ་ཁྱབ་པ་དང་། ཕྱིས་སུ་སྤྱི་ཚོགས་ལ་ཆག་འཇིག་སྣ་ཚོགས་བྱུང་བའི་རྐྱེན་གྱིས་རྫ་བཟོའི་ལག་རྩལ་ཡུན་རིང་ཉམས་རྒུད་དུ་གྱུར་པ་རེད།

ཟླ་གཙུག
           2015ལོར། ཉིང་ནང་གྲོང་ཚོའི་གྲོང་མི་ཟླ་གཙུག་དང་། དཀོན་མཆོག་འཕེལ་རྒྱས། བསོད་ནམས་ཉི་མ། དར་ཆོས་ཚེ་རིང་། སངས་དགའ། དཀོན་མཆོག་དར་རྒྱས་སོགས་རྫ་ཆས་བཟོ་བ་དྲུག་གིས་སླར་ཡང་རྫ་ཆས་བཟོ་སྟངས་ལ་འབད་བརྩོན་བྱས་ཏེ། “འབྲི་རུ་གྲོང་རྡལ་ཉིང་ནང་གྲོང་ཚོའི་ཆུ་བཟང་རྫ་ཆས་རམ་པ་དཔལ་འབྱོར་མཉམ་ལས་རྩ་འཛུགས”དངོས་སུ་བཙུགས་ཤིང་། ལག་རྩལ་དེ་རྒྱུན་འཛིན་ཐུབ་པར་བྱས་པ་རེད།
           མཉམ་ལས་རྩ་འཛུགས་བཙུགས་པའི་ཐོག་མའི་དུས་སུ་མ་དངུལ་མང་པོ་མེད་པས། ཟླ་གཙུག་གིས་ཉིང་ནང་གྲོང་ཚོའི་དུད་ཚང་རེར་མ་དངུལ་སྒོར་ཁྲི2བསྡུ་རྒྱུར་སྐུལ་སློང་བྱས་པས་མཉམ་ལས་རྩ་འཛུགས་གཞི་ནས་འཛུགས་ཐུབ་པ་བྱུང་བ་རེད། སྐབས་དེ་དུས་ལག་ཤེས་བཟོ་ལས་ཀྱི་ལག་རྩལ་རྗེས་ལུས་ཡིན་སྟབས། རྫ་ཆས་ཐོན་རྫས་ཀྱི་སྤུས་ཚད་བརྟན་པོ་མེད་ལ། བཟོ་སྐྲུན་བྱས་པའི་རྫ་ཆས་ཐོན་རྫས་ལ་དངོས་ཡོད་ཀྱི་ཕན་འབྲས་གང་ཡང་མ་ཐོབ་པ་རེད། 
           2019ལོར། ལག་ཤེས་བཟོ་རྩལ་མཁན་རྒན་རབས་པ་ཚོས་རང་གི་ལག་ཏུ་ཡོད་པའི་རྒྱུ་ཆ་འདེམས་སྤྱོད་དང་རྫ་ཆས་བཟོ་རྩལ་སོགས་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་ནས། ལག་ཡོད་ཀྱི་ཐོན་རྫས་སྤུས་ཚད་ཟམ་མི་ཆད་པར་སྤུས་ལེགས་ཅན་དུ་བསྒྱུར་བའི་ཕྱོགས་སུ་བསྐྱོད་པ་རེད། ལོ་མང་རིང་བློ་རྩེ་གཅིག་སྒྲིམ་གྱིས་གཉེར་སྐྱོང་བྱས་པ་བརྒྱུད་དེ། མཉམ་ལས་རྩ་འཛུགས་དེའི་གཉེར་སྐྱོང་རིམ་བཞིན་ཚད་ལྡན་གྱི་ལམ་དུ་བསྐྱོད་ཐུབ་པ་བྱུང་བ་དང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་རྫ་ཆས་ཐོན་རྫས་ནག་ཆུ་གྲོང་ཁྱེར་དུ་སླར་ཡང་སྐད་གྲགས་ཆོད་ནས་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན། 

རྫ་ཆས་བཟོ་བཞིན་པ། 
           “དགེ་ཕྲུག་བཟོ་པ་ཞིག་གིས་ལོ་གཅིག་ལ་སློབ་སྦྱོང་ནན་ཏན་བྱས་ཚེ་རྫ་ཆས་བཟོ་རྩལ་རགས་ཙམ་ཤེས་ཐུབ།”ཅེས་མཉམ་ལས་རྩ་འཛུགས་ཀྱི་རྫ་ཆས་བཟོ་རྩལ་པ་ཐར་ཆོས་ཚེ་རིང་གིས་མུ་མཐུད་བརྗོད་དོན།“ད་ལྟ་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་སྲོལ་རྒྱུན་གྱི་རྫ་ཆས་དང་དེང་རབས་འཚོ་བ་ཅན་གྱི་རྫ་ཆས་ཀྱིས་ཕྱེད་ཀ་རེ་བཟུང་ཡོད། སྤྱིར་བཏང་དུ་མངགས་ཐོ་ལྟར་ཐོན་སྐྱེད་བྱེད་པའི་ཐབས་ཤེས་སྤྱོད་པ་དང་། ལྷག་པར་དུ་ཐོན་སྐྱེད་བྱས་པའི་སྲོལ་རྒྱུན་གྱི་རྫ་ཆས་ནག་ཆུ་གྲོང་ཁྱེར་དུ་མཁོ་མང་འདོན་ཉུང་དུ་གྱུར་ཡོད་པས་སླར་ཡང་སྐད་གྲགས་ཆོད་པ་རེད།”ཅེས་བཤད།
           དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། བོད་རིགས་ཀྱི་ཁྱིམ་ཚང་ཚང་མས་རྫ་ཆས་སྤྱོད་པ་དང་། རྫ་ཆས་ཀྱི་སྒྱུ་རྩལ་ཐོན་རྫས་ཀྱང་ཉར་ཚགས་བྱེད་བཞིན་ཡོད། རྫ་སྣོད་ཀྱི་སྤྱོད་ཆས་ལ་རྫ་སྣོད་དང་། དཀར་ཡོལ། རྫ་དམ། ཆང་སྣོད། ཇ་སྣོད། ཁུ་སྣོད། རྫ་སྒྲོན། རྫ་ཆས་སོགས་ཡོད་ལ། ཟས་གོས་འགྲོ་འདུག་བཅས་ཕྱོགས་ཚང་མར་འབྲེལ་བ་ཡོད་པས། ཁྲོམ་རའི་མདུན་ལམ་རྒྱ་ཆེན་པོ་ཡོད་པ་རེད།
           2018ལོར། ཉིང་ནང་གྲོང་ཚོའི་དུད་ཚང་རེ་ལ་གྲབས་གསོག་བྱས་པའི་མ་དངུལ་སྒོར་ཁྲི2དེ་ཕྱིར་ལོག་ཐུབ་པ་དང་། 2019ལོར་མཉམ་ལས་རྩ་འཛུགས་དེའི་སྤྱིའི་ཡོང་འབབ་སྒོར་ཁྲི40ལྷག་ཙམ་ཡོད་ལ། དེའི་ནང་རྫ་ཆས་ཐོན་རྫས་ཀྱི་རྣམ་གྲངས་རྐྱང་པའི་ཡོང་འབབ་སྒོར་ཁྲི16ཟིན་པ་རེད། ལོ་མཇུག་ཏུ་དུད་ཚང་རེར་ཁེ་སྤོགས་སྒོར6000ཙམ་བགོས་པ་དང་། གྲོང་མི་ཚོའི་སྣེ་ཁྲིད་དེ་རིམ་བཞིན་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་རེད།
རྫ་ཆས་བཟོ་བཞིན་པ། 
           དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རོགས་རམ་བྱེད་པའི་ཁྲོད་དུ། ས་གནས་དེ་གའི་སྲིད་གཞུང་གིས་ཞིང་འབྲོག་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། ཁྱབ་གདལ་བྱེད་ཤུགས་བཅས་ཆེ་རུ་བཏང་བ་རེད། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག མཉམ་ལས་རྩ་འཛུགས་དེས་སྒྱུ་རྩལ་དུས་ཆེན་དང་ནག་ཆུ་གྲོང་ཁྱེར་གྱི་དྲ་ཐོག་ཚོང་དོན་ལས་སྟེགས་བཅས་ལ་བརྟེན་ནས། མི་སྔར་ལས་མང་པོ་ཞིག་གིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་འདིར་ཤེས་རྟོགས་བྱེད་དུ་བཅུག་ལ། ནུས་པ་ཐོན་པའི་སྒོ་ནས་ཕྱིར་འཚོང་གི་བརྒྱུད་ལམ་ཕྱེས་པ་རེད། 
           རྫ་ཆས་ནི་ལོ་རྒྱུས་མཚོན་པའི་མེ་ལོང་ལྟ་བུ་ཞིག་ཡིན་ལ། རིག་གནས་ཀྱི་མངོན་ཚུལ་ཞིག་ཀྱང་རེད། ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཆེད་མཁས་པ་དང་མཁས་དབང་རྣམ་པའི་ངོས་ནས་བརྗོད་ན། རྫ་ཆས་ནི་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་དཔང་པོ་ལྟ་བུ་ཞིག་རེད། ཟླ་གཙུག་གིས་“རྫ་ཆས་རིག་གནས་ནི་ཚན་རྩལ་དར་རྒྱས་ཆེ་བའི་དུས་རབས21པར་ད་དུང་ཡང་སྔར་བཞིན་དེའི་ནུས་པ་མངོན་པ་དང་། ང་ཚོས་ཀྱང་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་མཉམ་དུ་འདྲེས་པའི་རྫ་ཆས་རིག་གནས་འདི་མུ་མཐུད་དུ་དར་སྤེལ་གཏོང་དགོས”ཞེས་བཤད།

རྩོམ་སྒྲིག་པ། བདེ་སྒྲོལ།