ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

⏯ རྐང་གྲུག་ཁྱུ་མཆོག་མཱ་ལ་རྡོ་ན་ཚེ་ལས་འདས་སོང་།

སྤེལ་དུས 2020-11-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡང་རྒྱལ་ཚེ་རིང་།
          ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་རྐང་གྲུག་རུ་ཁག་གི་གཞུང་ཕྱོགས་གསར་ལམ་ནས་སྤེལ་བའི་གནས་ཚུལ་ལྟར་ན། འཛམ་གླིང་འཛིན་མའི་ཁྱོན་ཡོངས་སུ་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོ་ཞིང་རྐང་གྲུག་གི་ཁྱུ་མཆོག་གམ"ལྷའི་ཕྱག་ཅན"དུ་འབོད་པའི་ལུས་རྩལ་པ་གྲགས་ཅན་མཱ་ལ་རྡོ་ན་ལགས་ཟླ11པའི་ཚེས25ཉིན་སྙིང་རྩ་འཕར་མཚམས་གློ་བུར་ཆད་དེ་ཚེ་ལས་འདས་པ་རེད།  ཏག་ཏག་ཟླ10པའི་ཚེས30ཉིན་ནི་ཁོ་ལོ་དྲུག་ཅུར་ལོན་པའི་སྐྱེས་སྐར་ཡིན་པ་དང་།  ཟླ11པའི་ཚེས12ཉིན་ཁོའི་ཀླད་པར་གཤགས་བཅོས་བྱས་ཤིང་སྨན་ཁང་ནས་ཐོན་ཏེ་ཁྱིམ་དུ་ངལ་གསོས་ཡོད་པར་བཤད།

གཞོན་པའི་དུས་ཀྱི་མཱ་ལ་རྡོ་ན།
          མཱ་ལ་རྡོ་ན་ལགས་ནི1960ལོའི་ཟླ10པའི་ཚེས30ཉིན་ཨ་ཀེན་ཐིན་རྒྱལ་ཁབ་ནས་སྐྱེས་ཤིང་།  འཛམ་གླིང་སྟེང་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་རྐང་གྲུག་ལུས་རྩལ་པ་དང་རྩལ་ཁྲིད་དགེ་རྒན་ཡིན།
“མང་བཀུར་རྒྱལ་པོ།”
          1975ལོའི་ཟླ10པའི་ནང་། ཁོང་གིས་ཨ་ཀེན་ཐིན་གྱི་རིམ་པ་ཀ་བའི་རྐང་གྲུག་མཉམ་འགྲན་ཁྲོད་འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་སྤྱན་ལམ་དུ་རང་གི་རྐང་རྩལ་ངོམས་ཤིང་། 1977ལོའི་ཟླ་དགུ་པར་ཨ་ཀེན་ཐིན་རྒྱལ་ཁབ་རུ་ཁག་གི་སྣེ་ཁྲིད་ནས་འཛམ་གླིང་ན་གཞོན་རྐང་གྲུག་གི་གཟེངས་རྟགས་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ་དང་།  1978ལོར་ཨ་ཀེན་ཐིན་གྱི་རིམ་པ་ཀ་བའི་རྐང་གྲུག་མཉམ་འགྲན་ཁྲོད་ལོ་ན་ཆེས་ཆུང་བའི་རྐང་གྲུག་རྒྱག་མཁན་ལ་གྱུར། 
“ལྷའི་ཕྱག”
          1982ལོའི་ཟླ7པར་སི་ཕེན་རྒྱལ་ཁབ་ཀྱི་རིམ་པ་ཀ་བའི་རུ་ཁག་སྟེ་པ་སའེ་ལུའོ་ན་རུ་ཁག་ཏུ་ཞུགས་ཤིང་།  1984ལོའི་ཟླ7པར་ཁོས་ལོ་རྒྱུས་ཀྱི་ཟིན་ཐོ་བརྒལ་ཏེ་ཚོགས་པ་བསྒྱུར་བའི་རིན་གོང་ལ་ཨ་སྒོར་ས་ཡ་བདུན་འབུམ་ལྔ་བླངས་ཏེ་དབྱི་ཐ་ལིའི་རུ་ཁག་ན་པུའུ་ལེ་སི་ལ་ཞུགས།  1986ལོའི་ཟླ6པའི་ནང་མཱ་ལ་རྡོ་ན་ཡིས་ཨ་ཀེན་ཐིན་གྱི་རྒྱལ་ཁབ་རུ་ཁག་གི་སྣེ་ཁྲིད་ནས་འཛམ་གླིང་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་བླངས།  1997ལོའི་ཟླ10པའི་ཚེས29ཉིན་དངོས་སུ་འགྲན་སྡུར་ལས་ཐོན་ཅིང་རྩལ་ཁྲིད་པའི་འགན་ཁུར།

“གཡས་བརྐྱངས་གཡོན་སྐུམ།”
          སྤོ་ལོའི་རུ་ཁག་ནས་ཕྱིར་ཐོན་རྗེས་སུ་ཆང་རག་སྤྱོད་པ་དང་དུག་འཐེན་པ་སོགས་ཚུལ་མིན་སྤྱོད་ལམ་གྱི་དབང་གིས་སྨན་ཁང་དུ་ཐེངས་མང་བསྐྱལ་ཏེ་སྙིང་དང་གློ་བ་ལ་ནད་བྱུང་མྱོང་།
“ཆོད་སེམས།”
          མཱ་ལ་རྡོ་ན་ནི་དུས་རབས་ཉི་ཤུ་པའི་ནང་གི་ཆེས་རླབས་ཆེ་བའི་རྐང་གྲུག་ལུས་རྩལ་པ་ཞིག་ཡིན།  ཁོ་ལ་མེ་གླིང་ལྷོ་མའི་ལུས་རྩལ་པ་དག་གི་མགྱོགས་མྱུར་མཚར་གསུམ་འཛོམས་པའི་རྩལ་དང་ལྡན་པས་ལྟད་མོ་པ་ཚོའི་མིག་དབང་རབ་ཏུ་ཕྲོགས་ཤིང་།  འགྲན་སྡུར་གྱི་སྤྱི་ཡོངས་རྟོགས་ཤིང་འཐབ་གྲོགས་ལའང་རམ་འདེགས་ཀྱི་ནུས་པ་ལྡན་པས།  ཁོ་རུ་ཁག་གང་དུ་ཡོད་ན་དེ་རུ་གསོན་ཤུགས་དང་དཔའ་ངར་གྱིས་ཁེངས་ཡོད།
“ཉི་ཟླ་ཁ་སྤྲོད།”
          དེ་སྔོན་ཁོས་སྐྱེས་སྐར་རོལ་དུས་སུ།  ང་ལ་སྐྱེས་སྐར་ལེགས་སྐྱེས་ཅི་ཡང་མི་དགོས། ངའི་སྨོན་འདུན་ནི་མིའི་རིགས་རིམས་ནད་འདི་ལས་རྣམ་པར་རྒྱལ་ཐུབ་རྒྱུ་དེ་ཡིན་ཞེས་བཤད། 

          “དབུལ་ཞིང་ཕོངས་པའི་རྒྱལ་ཁབ་དང་ཁྱིམ་ཚང་དེ་དག་ལ་ཐ་ན་རང་ཉིད་སྲུང་སྐྱོང་བྱེད་ཤུགས་ཀྱང་མི་འདུག  མི་མང་པོའི་ཚེ་སྲོག་ཕྲོགས་པའི་ནད་ཡམས་འདི་མགྱོགས་པོར་མེད་པར་གྱུར་ཅིག”
“རྫུ་འཕྲུལ།”
          2020ལོའི་ཟླ11པའི་ཚེས25ཉིན།   འཛམ་གླིང་རྐང་གྲུག་ལུས་རྩལ་གྱི་ཁྱུ་མཆོག་མི་ཕོ་ཁོ་ང་ཚོ་དང་གཏན་དུ་གྱེས་སོང་།   ཁོ་རང་ང་ཚོ་དང་གཏན་དུ་གྱེས་ནའང་སྟོད་གོས་སྔོ་སྐྱ་ཤར་མ་གྱོན་ཞིང་ངོ་མཚར་འབུམ་གྱིས་ཕྱུག་པའི་དུས་ཚོད་སྐར་ཆ་རེ་རེ་ནི་ནམ་ཡང་ཡལ་བ་མེད་པར་མིའི་རིགས་ཀྱི་དྲན་པའི་མེ་ལོང་ངོས་སུ་གསལ་ལེར་མངོན་སྲིད། 

ཉམས་མྱོང་དམར་ཁྲིད་བྱེད་བཞིན་པ།
          རང་རེའི་བོད་སྐད་དུ་ལོ་རྒན་དྲུག་ཅུ་ལ་རབ་བྱུང་གཅིག་ཟེར་མོད།  རྐང་གྲུག་ལ་དགའ་མཁན་དང་དུང་མཁན་དག་ལ་མཚོན་ན།  མཱ་ལ་རྡོ་ན་ཡི་ཚེ་ལོ་དྲུག་ཅུ་ནི་རབ་བྱུང་ཞིག་མ་ཡིན་པར་དུས་རབས་གཅིག་ལས་ཀྱང་ལྷག་སྟེ། ཁོའི་མི་ཚེ་ཡིས་འཛམ་གླིང་རྐང་རྩེད་སྤོ་ལོའི་དུས་རབས་གཅིག་ལ་རྫོགས་ཚིག་བཀོད་དོ།  །

རྐང་གྲུག་ཁྱུ་མཆོག་མཱ་ལ་རྡོ་ནའི་རྐང་རྩལ།
རྩོམ་སྒྲིག་པ། བདེ་སྒྲོལ།