ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དྲུག་པ་མཇུག་སྒྲིལ་བ།

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས14ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དྲུག་པས་ལས་རིམ་སོ་སོ་བདེ་ལེགས་ངང་ཡོངས་འགྲུབ་བྱས་ཏེ་ཚོགས་ཆེན་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།  ཚོགས་ཆེན་སྟེང་འོས་ཞུགས་འཐུས་མི243དང་དངོས་ཞུགས་འཐུས་མི217ཡོད་ཅིང་།  བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

ཚོགས་འདུའི་ཡུལ་དངོས།
          ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསབ་གདམ་བྱས་ཏེ། ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་བདམས་ཐོན་བྱུང་བ་རེད།
          ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་མོས་མཐུན་བྱུང་ཞིང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་གྲོས་ཆོད་དང་།  ལྷ་ས་གྲོང་ཁྱེར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་རྒྱང་དམིགས་ཡུལ་གྱི་རྩ་གནད་སྐོར་གྱི་གྲོས་ཆོད། ལྷ་ས་གྲོང་ཁྱེར་གྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གྱི་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་སྐོར་གྱི་གྲོས་ཆོད། ལྷ་ས་གྲོང་ཁྱེར་གྱི2020ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གྱི་གནས་ཚུལ་དང་2021ལོའི་ནོར་སྲིད་གཏོང་ཡོང་སྔོན་རྩིས་སྐོར་གྱི་གྲོས་ཆོད་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་སོགས་ལ་བརྡས་ཐག་བཅད་ནས་མོས་མཐུན་བྱུང་བ་རེད།

          དམངས་ཆེན་འཐུས་མིས་འདེམས་ཤོག་འཕེན་བཞིན་པ།
          རིམ་པ་སོ་སོའི་གྲོས་རིམ་ལེགས་གྲུབ་བྱུང་རྗེས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཟླ་བས་ཚོགས་འདུ་མཇུག་སྒྲིལ་བའི་གསུང་བཤད་གནང་ཞིང་། ཁོས་བཤད་རྒྱུར། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དྲུག་པས་འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད། རིམ་པ་སོ་སོའི་གྲོས་རིམ་བདེ་ལེགས་ངང་ཡོངས་འགྲུབ་བྱས་པ་རེད་ཅེས་བཤད།
          ཟླ་བས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་ནི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེང་བ་དང་།  “སྲུང་སྐྱོང་གཉིས”ཡག་པོར་བསྒྲུབས་པའི་ཚོགས་ཆེན་ཞིག་ཡིན་ཞིང་། དེ་ནི་དམངས་གཙོའི་མཐུན་སྒྲིལ་དང་བདེན་འཚོལ་གྱིས་མདུན་དུ་སྐྱོད་པའི་ཚོགས་ཆེན་ཞིག་ཡིན་པས། ངེས་པར་དུ་ནུས་ལྡན་སྒོས་གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་མི་ཁྲི་སེམས་གཅིག་ཡོང་བར་མཐུན་སྒྲིལ་དང་སྐུལ་སློང་བྱེད་དགོས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་པ་དང་། དུས་རབས་གསར་པའི་ལྷ་ས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་འབད་པ་ཆེན་པོས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་བར་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་བསྟན།

          འདི་ནི་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་གྱིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བའི་རྣམ་པ་རེད།
          ཚོགས་འདུའི་ཐོག་ད་རུང་ནན་གྱིས་བསྟན་དོན།  2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་ལོ་ཞིག་ཡིན་ཞིང་། དེ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན་པས། ད་ལོའི་ལས་དོན་སོ་སོ་ཡག་པོ་བསྒྲུབ་པའི་འགན་འཁྲི་ཧ་ཅང་ཆེ་བ་དང་དོན་སྙིང་གཏིང་ཟབ་མོ་ལྡན་པ་ཡིན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ཤིང་། བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་བའི་སྟེང་གཅིག་ཏུ་འདྲིལ་དགོས་པ་དང་།  ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་རྟགས་མཚན་དུ་བཟུང་ནས་སྔར་མེད་ཀྱི་ཐོབ་དཀའ་བའི་གོ་སྐབས་ཧ་ཅང་དཀོན་པོ་ཞིག་གི་གདོང་བསུས་ཡོད་པས། ངེས་པར་དུ་གོ་སྐབས་དང་འཕེལ་རྒྱས་གསར་པའི་འགྱུར་ལྡོག་ཡང་དག་པའི་སྒོ་ནས་དམ་འཛིན་བྱས་ཏེ།  “བོད་ལྗོངས་རྒན་པའི”སྙིང་སྟོབས་དང་།  “ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་དུ་བཏང་ནས་དུས་ནམ་ཡང་དབྱང་རླུང་དཀོན་ཡང་སྙིང་སྟོབས་མི་དཀོན་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་མྱངས་པར་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་ཀྱང་མཐོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་འཕེལ་རྒྱས་གསར་པའི་རིམ་པ་རྐང་འཛུགས་པ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་བྱ་བ། འཕེལ་རྒྱས་གསར་པའི་བཀོད་པ་གསར་འཛུགས་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དམ་པོར་འཛིན་པ་དང་། ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་པོ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་བར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན་ནོ། །
རྩོམ་སྒྲིག་པ། སྣང་རྡོར།