ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་གྲོང་ཁྱེར་གྱི་བདེ་སྲུང་མི་སྣ90ཡིས་བདེ་སྲུང་འཛིན་ཡིག་ལོན་པ།

སྤེལ་དུས 2021-01-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
            ཟླ་དང་པོའི་ཚེས18ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི2021ལོའི《བདེ་སྲུང་མི་སྣའི་འཛིན་ཡིག》ཐོག་མར་སྤྲོད་པའི་མཛད་སྒོ་སྤེལ་ཞིང་། དེ་ནི་ལྷ་ས་གྲོང་ཁྱེར་གྱིས་བདེ་སྲུང་མི་སྣར་སྤྲད་པའི་ཆེད་ལས་ཀྱི་ལས་ཞུགས་དཔང་ཡིག་ཐོག་མ་ཡིན་པ་དང་། འདིས་ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་བདེ་སྲུང་མི་སྣའི་ལས་ཞུགས་ཀྱི་བྱང་ཚད་ཁྲིམས་མཐུན་ཅན་དུ་གྱུར་པ་མཚོན་ཞིང་། བདེ་སྲུང་མི་སྣའི་རུ་དཔུང་གི་ཕྱོགས་བསྡུས་ཀྱི་བྱང་ཚད་དང་སྣང་བརྙན་མཐོར་འདེགས་སུ་བཏང་བའང་མཚོན་གྱི་ཡོད།

            རྒྱུས་ལོན་བྱུང་བ་ལྟར་ན། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་བདེ་འཇགས་བཅོས་སྐྱོང་ཡན་ལག་རུ་ཁག་གིས་ཉེ་ཆར་བདེ་སྲུང་མི་སྣ200ལྷག་ལ་ཐོབ་ཐང་ཡིག་ཚད་ལེན་པའི་རྩ་འཛུགས་བྱས་ཤིང་། ཁག་དང་པོའི་ཁྲོད་དུ་བདེ་སྲུང་མི་སྣ90ཡིས་བདེ་སྲུང་པའི་ཐོབ་ཐང་དཔང་ཡིག་བླངས་པ་རེད།
            རིམ་པ་རྗེས་མའི་ལས་དོན་གྱི་ཁྲོད། གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་ཡན་ལག་རུ་ཁག་གིས་མུ་མཐུད་དུ་བདེ་སྲུང་མི་སྣའི་གསོ་སྦྱོང་དང་ཐོབ་ཐང་ཡིག་རྒྱུགས་སྤེལ་ནས་བདེ་སྲུང་མི་སྣའི་རུ་ཁག་གི་སྤྱིའི་སྤུས་ཚད་སྔར་བས་འཐུས་ཚང་དུ་བཏང་སྟེ། ལྷ་སའི་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་སྟོབས་ཤུགས་ལ་ཁ་སྣོན་བརྒྱབ་ནས་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་སྟོབས་ཤུགས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཏང་བཙུགས་ནས་ལོ་ངོ100ལོན་པ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ལོན་པར་རྨང་གཞི་བརྟན་པོ་བཏིང་བ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། རིམ་པ་རྗེས་མར་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཁེ་ལས་དང་། ལས་ཁུངས། ཚོགས་པ། ཁེ་བྱ་ལས་སྡེ་ཚན། སྨན་ཁང་། སློབ་གྲྭ། སྤྱི་པའི་རོལ་རྩེད་ཁང་དང་གྲོང་མིའི་སྡོད་ཁུལ་སོགས་ཀྱི་ལས་ཁུངས་སུ་བདེ་སྲུང་གཏིང་ཟབ་བྱས་ཏེ་ཞིབ་བཤེར་བྱ་རྒྱུ་ཡིན་པར་མ་ཟད། བདེ་སྲུང་མི་སྣས་འཛིན་ཡིག་བཟུང་ནས་ལས་གནས་སུ་ཞུགས་པ་དང་། ཚད་ལྡན་གྱི་ལས་གོས་གྱོན་པ། བདེ་སྲུང་ཞབས་ཞུའི་རྟགས་མཚན་གྱི་དོ་དམ་ལས་དོན་དེ་ཉིན་རྒྱུན་གྱི་ལྟ་ཞིབ་ཞིབ་བཤེར་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞིབ་བཤེར་བྱས་ནས་གནད་དོན་ཡོད་པའི་བདེ་སྲུང་མི་སྣ་ཚང་མར་དུས་བཀག་གིས་བཅོས་བསྒྱུར་དང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་ཡིན།
            ལྷ་ས་གྲོང་ཁྱེར་དུ་བསྡོམས་པས་བདེ་སྲུང་མི་སྣ5000ཡོད་ཅིང་། བདེ་འཇགས་དོ་དམ་ཡན་ལག་རུ་ཁག་གིས་ཟླ་དང་པོ་ནས་ཟླ5པའི་ཟླ་མཇུག་བར་དུ་ཁག་བགོས་རིམ་བགོས་ཀྱིས་གསོ་སྦྱོང་དང་ཞིབ་བཤེར་གཏན་འབེབས་ཀྱི་ལས་དོན་སྤེལ་ཏེ། ལས་གནས་སུ་ཡོད་པའི་བདེ་སྲུང་མི་སྣ་ཚང་མས་འཛིན་ཡིག་བཟུང་ནས་ལས་གནས་སུ་ཞུགས་པར་ཁག་ཐེག་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།