ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལོ་བརྒྱར་སོན་པའི་ལོ་ཙཱའི་ཁྱུ་མཆོག་ཞུས་ཡོན་ཁྲུང་ལགས་ཚེ་ལས་འདས།

སྤེལ་དུས 2021-06-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

          གསར་འགོད་པས་པེ་ཅིང་སློབ་གྲྭ་ཆེན་མོ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། རང་རྒྱལ་གྱི་ལོ་ཙཱའི་ལས་རིགས་སུ་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་བའི་པེ་ཅིང་སློབ་གྲྭ་ཆེན་མོའི་གསར་འགྱུར་དང་ཁྱབ་སྒྲོག་སློབ་གླིང་གི་དགེ་རྒན་ཆེན་མོ་སྐུ་ཞབས་ཞུས་ཡོན་ཁྲུང་ལགས་པེ་ཅིང་དུ་སྐུ་གཤེགས་པ་དང་ཁོང་དགུང་ལོ100ལ་བཞུགས་པ་རེད།
          ད་ལོའི་ཟླ4པའི་ཚེས18ཉིན། སྐུ་ཞབས་ཞུས་ཡོན་ཁྲུང་ལགས་ཀྱིས་ལོ་བརྒྱའི་འཁྲུངས་སྐར་རོལ། དེ་སྔོན་པེ་ཅིང་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཧྲུའེ་ཕིང་གིས“སྐུ་ཞབས་ཞུས་ཡོན་ཁྲུང་གི་ལོ་ཙཱའི་དགོངས་པ་དང་གྲུབ་འབྲས་བགྲོ་གླེང་ཚོགས་འདུའི”ཐོག་ཏུ་བསྟན་དོན། སྐུ་ཞབས་ཞུས་ལགས་ནི་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ།  ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་ལོ་ཙཱ་ལ་བྱང་ཆུབ་པ་དང་། ལོ་ངོ་བརྒྱད་ཅུ་ལྷག་ཙམ་གྱི་རིང་བརྩམས་ཆོས100ལྷག་བསྒྱུར་ཏེ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་སྙིང་བཅུད་ཕྱི་རྒྱལ་དུ་སྤེལ་བ་དང་ཆབས་ཅིག་ཀྲུང་གོ་བ་ལ་དབྱིན་ཇི་དང་ཧྥ་རན་སིའི་རྩོམ་རིག་གི་བརྩམས་ཆོས་སྤུས་ལེགས་འགྲན་ཟླ་བྲལ་བ་འཁྱེར་ཡོང་ཡོད་ཅེས་བརྗོད།
          སྐུ་ཞབས་ཞུས་ལགས་དགུང་ལོ་བགྲེས་ཀྱང་སྔར་བཞིན་རང་ཉིད་ལ“ཉིན་རེར་ཡིག་འབྲུ1000རེ་ལོ་ཙཱ་བྱེད་པའི” འཆར་གཞི་བཀོད་ཡོད་པ་དང་། དགུང་ལོ93ལ་སོན་སྐབས་སུ་རང་ཉིད་ལ་ཧྲ་ཧྲི་པི་ཡའི་གསུང་འབུམ་ཆ་ཚང་ཡིག་སྒྱུར་བྱེད་པའི་དམིགས་འབེན་གཏན་འཁེལ་བྱས་ཡོད་པས། ལོ་ཙཱ་ལ་འཇུག་པར་ནམ་ཡང་མཚམས་མི་འཇོག་པའི་ངར་ཤུགས་དེར་ང་ཚོས་ཡིད་སྨོན་ཆེན་པོ་བྱེད་ཀྱིན་ཡོད།

ཞུས་ཡོན་ཁྲུང་ལགས་ཀྱིས་རྒྱ་ཡིག་དང་ཧྥ་རན་སིའི་སྐད་ཀྱི་ཐོག་ནས《སྙན་ངག་གི་གཞུང་སྟེ་ཚའེ་ཝེ》ཞེས་པའི་ཚིག་གྲགས་ཅན་བཤུ་འབྲི་བྱས་པ།
          སྐུ་ཞབས་ཞུས་ཡོན་ཁྲུང་ལགས་ཧན་པའོ་ཟ་རྒྱུ་དང་ཁུ་ནག་འཐུང་རྒྱུར་དགའ་ལ། མཚན་མོའི་དུས་ཚོད་སྤྱད་ནས་ཕྱག་ལས་གནང་རྒྱུ་ཡང་དགའ། ཁོང་ལ་ཆ་མཚོན་ན་མཚན་མོ་ནི་ཕྱག་ལས་གནང་བའི་དུས་ཚོད་ཡག་ཤོས་ཡིན་པ་དང་། ཁོང་ནི་སྒོ་རའི་ནང་གི་མཛེས་ལྗོངས་ལ་ལྟ་རྒྱུར་ཤིན་ཏུ་མོས།  ཁོང་གི་མིང་བྱང་སྟེང“ཕྱི་ནང་གཉིས་ན་དཔེ་དེབ་བརྒྱ་ལྷག་བྲིན། ། སྙན་ངག་དབྱིན་ཧྥར་བསྒྱུར་པའི་མི་གཅིག་པུ། །”ཞེས་བྲིས་འདུག ཁོང་གིས་རང་ཉིད་ནི“སྨྱོ་རྟགས་ཆེ་བ་ལས་ཧམ་སེམས་མི་ཆེ་ལ་སྐད་ཆ་བཤད་ཚད་བདེན་པ”ཡིན་ཟེར།

          ཁོང་རང་ལྷོ་ནུབ་མཉམ་འབྲེལ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཅིང་། ཆན་ཀྲུང་ཧྲུའུ་ལགས་ཀྱི་ཐུགས་སྲས་སུ་གྱུར་ཡོད་ལ། དབྱང་ཀྲེན་ཉིང་ལགས་ཀྱི་སློབ་གྲོགས་ཡིན། 《གྱེར་ཀློག་མཁན》ཞེས་པའི་ལེ་ཚན་ལ་བརྟེན་ནས་ཞག་གཅིག་རིང་ལ་སྐད་གྲགས་ཆོད་ཅིང་ན་གཞོན་སློབ་མ་མང་པོ་ཞིག་གིས་ཁོང་དང་རྟེན་དུ་བརྩི། ཁོང་གི་བསྒྱུར་རྩོམ་ནང་དུ་རྒྱ་ཡིག་དང་དབྱིན་ཡིག   ཧྥ་རན་སིའི་ཡི་གེ་གསུམ་གྱི་སྐད་རིགས་འདུས་ཡོད་པས“སྙན་ངག་དབྱིན་ཧྥར་བསྒྱུར་པའི་མི་གཅིག་པུ། །”ཞེས་པའི་མཚན་སྙན་ཐོབ་མྱོང་། གཞན་ཡངདེ་སྔ“ཀྲུང་གོའི་ལོ་ཙཱའི་རིག་གནས་ཀྱི་ཚེ་གང་ཐུབ་པའི་གྲུབ་འབྲས་བྱ་དགའ”དང་རྒྱལ་སྤྱིའི་ལོ་ཙཱའི་ལས་རིགས་ཀྱི་བྱ་དགའ་མཐོ་ཤོས“བྱང་སྣེའི་འོད་ཟེར”ཞེས་པའི་ཕུལ་བྱུང་རྩོམ་རིག་ལོ་ཙཱའི་བྱ་དགའ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་མང་པོ་ཐོབ་མྱོང་།
          དེ་སྔ་ཞུས་ཡོན་ཁྲུང་ལགས་ཀྱིས“ཚེ་སྲོག་ནི་ཁྱེད་ཀྱིས་ཉིན་ག་ཚོད་བསྐྱལ་བ་མིན་པར་ཁྱེད་ཀྱིས་ཉིན་ག་ཚོད་ཡིད་ལ་ངེས་པ་དེ་ཡིན”ཞེས་གསུངས།
རྩོམ་སྒྲིག་པ། བདེ་སྒྲོལ།