ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མི་འདི་དག་ལ་གུང་གསེང་གསར་པ་ཉིན10འདུག

སྤེལ་དུས 2021-09-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ9པའི་ཚེས29ཉིན་གྱི་སྔ་དྲོར་འཚོགས་པའི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དུ། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《སི་ཁྲོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་རེད། གཏན་འབེབས་ནང་གསལ་དོན། “ཕྲུ་གུ་ལོ་གསུམ་མན་གྱི་བཟའ་ཟླ་གཉིས་ཀྱིས་སོ་སོར་ལོ་ལྟར་ཉིན་བཅུ་ཡི་ཕྲུ་གུ་གཉོར་སྐྱོང་གི་གུང་གསེང་ལོངས་སུ་སྤྱོད་ཆོག་པ་དང་། ཕྲུ་གུ་གཉོར་སྐྱོང་གི་གུང་གསེང་དེ་ལས་ཞུགས་ལ་བརྩི་རྒྱུ”ཞེས་བཀོད་པ་དང་། དེ་དང་དུས་མཚུངས་སུ། “རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེ་བཞིན་མི་སྤྱོད་ལས་ཁུངས་ཀྱིས་བུ་བཙའི་གུང་གསེང་དང་བདག་སྐྱོང་གུང་གསེང་གི་ཐོབ་ཐང་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱེད་དགོས”ཞེས་ཁ་གསལ་པོར་བཏོན་ཡོད། 
          བུ་བཙའི་གུང་གསེང་འཛུགས་རྒྱུ་ནི་སི་ཁྲོན་གྱིས་བུ་བཙའ་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འཐུས་ཚང་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་།  དེ་ལས་གཞན། ད་ཐེངས་ཀྱི《སི་ཁྲོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག》གི་བཟོ་བཅོས་ནང་དོན་ནང་ད་དུང་ཁྱིམ་ཚང་གི་ཕྲུ་གུ་སྐྱེ་བ་དང་། ཕྲུ་གུ་གཉོར་སྐྱོང་། སློབ་གསོའི་ཁུར་པོ་བཅས་ཡང་དུ་གཏོང་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་མངལ་འཁོར་རིང་དང་ཕྲུ་གུ་སྐྱེས་རིང་གི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་སྤེལ་ནས། ཁྱིམ་ཚང་གི་ཕྲུ་གུའི་བདག་སྐྱོང་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་ལ། ཀུན་ཕན་བཅོལ་གསོ་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཕྲུ་གུའི་བྱེད་སྒོ་སྤེལ་ཡུལ་དང་། མ་བུའི་བདེ་སྐྱོང་སྒྲིག་ཆས། དེ་བཞིན་ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། བུད་མེད་ཀྱི་ལས་ཞུགས་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ་སོགས་ཀྱི་ནང་དོན་ཚུད།
རྩོམ་སྒྲིག་པ། བདེ་སྒྲོལ།