ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཐོན་ལས་མང་ལ་ལག་ཤེས་མཁས། ཞིང་པའི་དངུལ་ཁུག་ལྗིད་ཏིག་ཏིག

སྤེལ་དུས 2021-10-09 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་ཆུ་ཚན་དུ་བསྐྱོད་པའི་མཐོང་ཐོས།

ལམ་བར་གྱི་མཛེས་ལྗོངས།
          སླར་ཡང་གཟའ་མཇུག་ལ་སླེབས། གསར་འགོད་པས་ལྷ་ས་ནས་གཞིས་རྩེར་བསྐྱོད་པའི་ཤུགས་འགྲེམས་མེ་འཁོར་ལ་བསྡད་ནས་རང་ཡུལ་སྐྱིད་པའི་དགའ་ཚལ་གནས་མཆོག་གཙང་གི་ཡུལ་ལ་གཉེན་འཕྲད་དུ་འགྲོ་བའི་གོ་སྐབས་བཟང་པོ་ཞིག་ཐོབ། གཟའ་མཇུག་གི་ཉིན་མོ་དེ་ནི་སྐར་མ་རི་ཥི་ཤར་བའི་ཉིན་དང་པོ་ཡིན་པས། གྲོང་མི་མང་པོས་གཟའ་མཇུག་གི་གསེར་ལས་དཀོན་པའི་དུས་ཚོད་བཟང་པོར་གཅེས་སྤྲས་བྱས་ཏེ་སྒེར་འཁོར་བཏང་ནས་གྲོང་ཁྱེར་ཉེ་འདབས་ཀྱི་རྒྱུག་ཆུའི་འགྲམ་དང་། དེ་མིན་བཞད་མཐོང་སྨོན་ཆུ་ཚན་དང་ལྷ་རྩེ་གཞིས་ཆེན་ཆུ་ཚན། གྲོ་མོ་ཁམ་བུ་ཆུ་ཚན་སོགས་སུ་ཆུ་ཚན་རྒྱག་པར་འགྲོ་བཞིན་འདུག སྐར་མ་རི་ཥི་ཤར་རིང་གི་ཉིན་བདུན་ནི་བོད་མི་རྣམས་ཁྲུས་ལ་རོལ་བའི་དུས་བཟང་ཞིག་ཡིན་ཞིང་། རྩིས་གཞུང་ལྟར་ན། སྐར་མ་རི་ཥི་འཆར་བའི་ཉིན་དེ་ནས་ཞག་བདུན་རིང་ཆུ་རླུང་ཡན་ལག་བརྒྱད་ལྡན་བདུད་རྩིར་གྱུར་བས། སྨན་དཔྱད་དང་ཁྲུས་ལ་ཞུགས་ན་དགེ་ཞེས་འཁོད་ཡོད། རང་རེའི་མེས་པོ་རྣམས་ཀྱི་ཤོད་སྲོལ་ལྟར་ན། སྐར་མ་རི་ཥི་འཆར་རིང་ཆུ་བརྒལ་ན། ནད་རིགས་སྔོན་འགོག་གི་ནུས་པ་ཡོད་ཅེས་དང་། ལྷག་པར་དུ་ཆུ་ཚན་ལ་བདུན་ཕྲག་ཁ་ཤས་འགྲོ་ཐུབ་ན་ནད་བཅོས་ཀྱི་ནུས་པ་ཡོད་ཟེར་བ། དམངས་ཁྲོད་ཀྱི་ཁ་རྒྱུན་དུ་དཔྱིད་ཆུ་ངན་སྟོན་ཆུ་བཟང་ཟེར་སྲོལ་ཡོད་པས། ལོ་ལྟར་སྐར་མ་རི་ཥི་འཆར་དུས་བོད་མི་རྣམས་ལ་ཆུ་ཚན་རྒྱག་པ་དང་ཁྲུས་ལ་རོལ་བའི་གོམས་གཤིས་བཟང་པོ་ཞིག་ཡོད་པས། ད་བར་མ་ཉམས་པར་རྒྱུན་འཛིན་བྱེད་བཞིན་ཡོད།
          ཆུ་ཚན་མགྲོན་ཁང་གཉེར།

བཞད་མཐོང་སྨོན་ཆབ་ཁ་སྐྱིད་པའི་ཆུ་ཚན་གྱི་སྦྱིན་བདག་མཐོང་སྨོན་བོད་གྲིའི་བཟོ་རྩལ་གྱི་རྒྱུན་འཛིན་པ་ཡེ་ཤེས་ཟླ་བ།
          གསར་འགོད་པ་གཞིས་རྩེར་ཡོད་པའི་ཉེ་དུ་སྤུན་མཆེད་འགའ་དང་ལྷན་དུ་རླངས་འཁོར་ལ་བསྡད་ནས་བཞད་མཐོང་སྨོན་རྫོང་དུ་ཆུ་ཚན་རྒྱག་པར་འགྲོ་བའི་གོ་སྐབས་བཟང་པོ་ཞིག་ཐོབ། སྔོན་ཆད་སྐྱ་ཐེར་ཐེར་གྱི་གཞུང་ལམ་གཡས་གཡོན་དུ་ད་ལྟ་མུའུ་ཁྲི་ཡི་ལྗོན་ཤིང་བཏབ་སྟེ་ཡངས་པའི་སྐྱེད་མོས་ཚལ་དང་འདྲ་ཞིང་། སེར་མདོག་གི་ཞིང་ཐང་ཁྱོན་ལ་འབྲུ་རིགས་སྣ་ལྔའི་སྙེ་མའི་རྦ་རླབས་ལང་ལོང་དུ་འཕྱུར་བའི་ཁྲོད་དུ་སོ་ནམ་པ་ཚོས་དཔྲལ་སྟེང་གི་རྔུལ་ཆུའི་མུ་ཏིག་གི་དོ་ཤལ་འབྱིད་ཞོར། དགའ་སྤྲོའི་འཛུམ་མདངས་དང་བཅས་རེ་བས་ཁེངས་པའི་སྟོན་ཁའི་ལོ་ལེགས་ཀྱི་འབྲས་བུ་བསྡུ་བར་བྲེལ་བཞིན་མཆིས། སྔོན་ཆད་ཡིན་ན་ས་ཞིང་འདེབས་པ་ནས་གཡུལ་ལས་གཏོང་བའི་བར་དུད་འགྲོ་དང་མི་ཤུགས་ཁོ་ནར་བརྟེན་དགོས་ཀྱི་ཡོད་ལ། ལྷག་པར་དུ་བཙས་མ་བརྔ་བ་དང་གཡུལ་ལས་གཏོང་བར་ཟླ་བ་གཅིག་ཙམ་འགོར་གྱི་ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བ་དེས་མི་དང་དུད་འགྲོ་གཉིས་ཀར་བཅིངས་འགྲོལ་ཐོབ་སྟེ། གཡུལ་ལས་གཏོང་བར་སྤྱིར་ན་ཉིན་གསུམ་བཞི་ཙམ་ལས་འགོར་གྱི་མེད།

ཆབ་ཁ་ཆུ་ཚན།
          བཞད་མཐོང་སྨོན་ཆུ་ཚན་ནི་ཉེ་རིང་གང་སར་སྐད་གྲགས་ངེས་ཅན་ཆོད་པའི་ཆུ་ཚན་ཞིག་ཡིན་ཞིང་། ཆུ་ཚན་དེ་ནི་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོར་ཡོད། ཉེ་བའི་ལོ་ཤས་རིང་ཡུལ་དེའི་མང་ཚོགས་ཚོས་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་གཞུང་གི་བཀའ་མངགས་དང་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། སྒེར་གྱིས་ཆུ་ཚན་མགྲོན་ཁང་གཉེར་འགོ་བརྩམས་ཤིང་། ཁོང་ཚོས་རང་ཡུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་དང་། མི་སེམས་ལ་བདེ་སྣང་སྟེར་བའི་གཙང་སྦྲ་འཕྲོད་བསྟེན་ལ་དང་དོད། གཞན་སེམས་མགུ་བའི་ཞབས་ཞུའི་རྣམ་འགྱུར་བཅས་ལ་བརྟེན་ནས། ཆུ་ཚན་རྒྱག་པར་ཡོང་བའི་ཕྱོགས་བཞིའི་སྐུ་མགྲོན་གྱི་འདོད་པ་གང་ལེགས་སྐོང་བ་དང་སྦྲགས། རང་གི་དཔལ་འབྱོར་ཡོང་འབབ་མང་དུ་འགྲོ་རྒྱུར་འབད་པ་ལྷུར་ལེན་བྱེད་བཞིན་ཡོད།

ཡེ་ཤེས་ཟླ་བས་ཆུ་ཚན་ནང་གཙང་སྦྲ་བྱེད་བཞིན་པ།
          གསར་འགོད་པ་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོར་འབྱོར་དུས། ནམ་རྒྱུན་འཕྲུལ་འཁོར་གྱི་འགྲུལ་བཞུད་དེ་ཙམ་མང་པོ་མེད་པའི་གྲོང་ཚོ་དེའི་ས་སྟོང་གང་སར་རླངས་འཁོར་གྱིས་ཁེངས་ནས་འཁྲུག་ཆ་ཧ་ཅང་དོད་ཅིང་། ལྷག་པར་དུ་ཁྱིམ་ཚང་མགྲོན་ཁང་སོ་སོར་མི་ཚོགས་ཀྱིས་ཁེངས་ཏེ་གྲལ་འགྲིག་ནས་ཆུ་ཚོད་གཉིས་གསུམ་མ་བསྒུགས་ན་དངུལ་སྤྲད་ནས་ཆུ་ཚན་རྒྱག་རྒྱུ་དེའང་ལས་སླ་པོ་ཞིག་མིན་པའི་སྣང་བ་འཆར། སྒོ་བྱང་དུ། ཆབ་ཁ་སྐྱིད་པའི་ཆུ་ཚན་ཞེས་པའི་སྦྱིན་བདག་ཡེ་ཤེས་ཟླ་བ་ནི་ལོ་27ལ་སླེབས་ཙམ་གྱི་ཕོ་གཞོན་ཞིག་ཡིན་ཞིང་། ཁོང་དང་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་ཤེས་རྟོགས་བྱུང་བ་ལྟར་ན། གྲོང་ཚོ་དེར་སྒེར་གྱིས་བཙུགས་པའི་ཆུ་ཚན་མགྲོན་ཁང་20ལྷག་ཡོད་པ་དང་། ཁོང་གི་ཆུ་ཚན་མགྲོན་ཁང་དེ་2013ལོར་བཙུགས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་32བཏང་ཡོད་པ་རེད། 

ཆུ་ཚན་ནང་ངལ་གསོ་བཞིན་པའི་འགྲུལ་པ།
          འགྲུལ་པ་མང་དུས་མ་གཏོགས་ནམ་རྒྱུན་ཕ་ཡུལ་ལྷ་རྩེ་ཕུན་ཚོགས་གླིང་ནས་ཡིན་པའི་ཁོང་གི་བཟའ་ཟླ་མཚོ་ལགས་ཀྱིས་འགན་འཁུར་ནས་གཉེར་སྐྱོང་བྱེད་བཞིན་ཡོད་པ་དང་། ཁོང་རང་ཉིད་རྫོང་དུ་བཙུགས་པའི་ཁང་གསར་ཚང་གསེར་དངུལ་ཕྱིར་ཚོང་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པ་རེད། གསར་འགོད་པས་མཚོ་ལགས་སུ་ཆུ་ཚན་མགྲོན་ཁང་གི་ཡོང་འབབ་གནས་ཚུལ་སྐད་ཆ་འདྲི་སྐབས་ཁོང་གིས། ངའི་ཆུ་ཚན་མགྲོན་ཁང་དེར་འཁྲུད་ཁང་4ལས་མེད། འཁྲུད་ཁང་རེ་རེར་སྒོར་50ཡིན། སྤྱིར་བཏང་བྱས་ན་ནམ་རྒྱུན་ཉིན་རེར་སྒོར་400ནས་ཆག་གི་མེད། དེ་རིང་ཁ་སང་སྐར་མ་རི་ཥི་ཤར་བས་ཉིན་རེའི་ཡོང་འབབ་སྒོར་1000ལྷག་འདུག ཁྱིམ་ཚང་མགྲོན་ཁང་ཆེ་གྲས་འགའ་རེར་འཁྲུད་ཁང་18ཙམ་ཡོད་པས། ཁོང་ཚོའི་ཉིན་རེའི་ཡོང་འབབ་སྒོར་5000ལྷག་ཡོད་ཅེས་བརྗོད། ཉིན་དེར་ཆུ་ཚན་རྒྱག་པར་ཡོང་མཁན་རྒྱུན་ཆད་རྒྱུ་མེད་སྟབས་ཆུ་ཚན་མགྲོན་ཁང་གི་སྦྱིན་བདག་བཟའ་ཚོ་གཉིས་པོར་ངལ་གསོས་ནས་ལྷོད་ལྷོད་ངང་སྡོད་ཁོམ་མེད་ཀྱང་། ཁོང་གཉིས་པོས་སྔར་བཞིན་སྐུ་མགྲོན་ལ་འཛུམ་དམུལ་དམུལ་གྱིས་སྐྱེལ་བསུ་བྱེད་པ་དང་། འཁྲུད་ཁང་ལ་གཙང་སྦྲ་བྱེད་པ་སོགས་ཀྱི་བྲེལ་འཚུབ་ཁྲོད་དབྱིངས་ཚུད་འདུག
          ཕྱུག་འགྱུར་ལམ་བཟང་བཏོད།

མཐོང་སྨོན་བོད་གྲི་བཟོ་རྩལ་མཉམ་ལས་ཁང་གིས་ལས་མིར་གསོ་སྦྱོང་བྱེད་བཞིན་པ།
          ཉེ་བའི་ཆར། བོད་ལྗོངས་ས་ཕྱོགས་གང་དུ་སོང་ཡང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་སྲིད་གཞུང་གི་རྒྱབ་སྐྱོར་དང་དེང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོའི་ཁྲོད། ཕ་མེས་ཡང་མེས་ནས་བཞག་པའི་ཁྱད་ལྡན་གྱི་ལག་རྩལ་རྒྱུན་འཛིན་ལ་བརྟེན་ནས། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གཏོད་བཞིན་པའི་གཏམ་རྒྱུད་མང་པོ་ཐོས་རྒྱུ་ཡོད་ཅིང་། སྟབས་འཁེལ་བ་ཞིག་ལ་ཆུ་ཚན་མགྲོན་ཁང་གི་སྦྱིན་བདག་ཡེ་ཤེས་ཟླ་བའང་མཐོང་སྨོན་བློ་བསྟན་བོད་གྲི་བཟོ་རྩལ་གྱི་རྒྱུན་འཛིན་པ་མི་རབས་ལྔ་པ་དེ་ཡིན་པ་དང་། ལོ་11ནས་བཟུང་ཁོང་གིས་ཕ་དང་མཉམ་དུ་མཐོང་སྨོན་བོད་གྲིའི་བཟོ་རྩལ་སྦྱོང་འགོ་བརྩམས་ཏེ་ད་ལྟ་རང་རྐྱ་འཕེར་བའི་བོད་གྲི་བཟོ་མཁན་རྩེ་གྲ་ཞིག་ཏུ་གྱུར་བ་དང་། ཁོང་ཚོའི་ཁྱིམ་རྒྱུད་ཀྱི་མེ་ལྕགས་བཟོ་རྩལ་དེ་2018ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།

མཐོང་སྨོན་བློ་བསྟན་བོད་གྲི།
          ཡེ་ཤེས་ཟླ་བས། སྔོན་ཆད་ཡིན་ན་མི་མང་པོས་ང་ཚོ་ལྕགས་བཟོ་བར་ཁྱད་གསོད་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟ་སྤྱི་ཚོགས་གསར་པར་ང་ཚོས་ཕ་མེས་ནས་བཞག་པའི་ལག་ཤེས་ཀྱི་རྒྱུན་བསྐྱངས་ནས་ཡོང་འབབ་བསགས་ཏེ་སྡོད་ཁང་གསར་པར་སྤོས་པ་དང་། བཞད་མཐོང་སྨོན་རྫོང་དུ་བོད་གྲི་བཟོ་རྩལ་མཉམ་ལས་ཁང་ཞིག་བཙུགས་ནས་ཕྱུག་པོའི་ལམ་དུ་སྐྱོད་བཞིན་པ་མཐོང་དུས། ཉེ་འཁོར་གྱི་གྲོང་མི་མང་པོས་ང་ཚོའི་མཉམ་ལས་ཁང་དུ་འཇུག་རོགས་ཞེས་ཞུ་བ་ཕུལ་ནས་བོད་གྲིའི་བཟོ་རྩལ་སྦྱོང་བར་ཡོང་བ་མ་ཟད། ང་ཚོའི་མཉམ་ལས་ཁང་ནས་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བྱུང་ཡོད་ཅེས་བརྗོད་བྱུང་། ཁོང་གི་སྐད་ཆ་དེ་གོ་དུས་གསར་འགོད་པའི་དྲན་པའི་མེ་ལོང་ནང་དེ་མ་ཉིད་དུ་ཆུང་དུས་བོད་ཡིག་སློབ་ཚན་ནང་སྦྱངས་མྱོང་བའི《ཕྱག་འཇུས་གནང་བ》ཞེས་པའི་སློབ་ཚན་དེ་དྲན་ཞིང་། སློབ་ཚན་དེའི་ནང་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་ངོ་མ་མགར་བ་རྡོ་རྗེའི་ཁྱིམ་དུ་ཕེབས་ནས་མགར་བ་རྡོ་རྗེར་ཕྱག་བཏང་བ་མ་ཟད། རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ལ་རིགས་རྒྱུད་དབྱེ་བའི་བསམ་བློ་རྙིང་པ་དང་ལུགས་སྲོལ་རྙིང་པ་དོར་ནས། མགར་བ་རྡོ་རྗེ་ལྟར་རང་གི་ལག་ཤེས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་པའི་བཀའ་མངགས་གནང་བའི་ནང་དོན་འཁོད་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། སྲིད་གཞུང་ནས་ཀྱང་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་པོ་གནང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གསོ་སྐྱོང་ལ་ཤུགས་མང་པོ་བསྐྱོན་གནང་གི་ཡོད་པས། བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་ཀྱིས་ཁེངས་ཏེ་དུས་རབས་ཀྱི་བཀྲག་མདངས་གསར་པ་འཚེར་བཞིན་ཡོད།

ཡེ་ཤེས་ཟླ་བས་དངུལ་ཆས་རྡུང་བཞིན་པ།
          ཡེ་ཤེས་ཟླ་བས་ཀྱང་བསམ་བློར་བཅིངས་འགྲོལ་བཏང་ནས་ཕ་མེས་ནས་བཞག་པའི་ལག་རྩལ་གྱི་རྒྱུན་བསྐྱངས་ཏེ། 2014ལོར་སྲིད་གཞུང་ནས་གནང་བའི་ས་ཆའི་སྟེང་རང་ཁྱིམ་ནས་མ་དངུལ་སྒོར་ཁྲི་100ཙམ་བཏང་སྟེ་མཐོང་སྨོན་གསེར་དངུལ་བོད་གྲི་བཟོ་རྩལ་མཉམ་ལས་ཁང་བཙུགས་ནས། བོད་གྲི་དང་། གསེར་དངུལ་ཟངས་ཆས་གསར་བཟོ་དང་ལས་སྣོན་བྱེད་བཞིན་ཡོད་པ་དང་། 2017ལོར་མཉམ་ལས་ཁང་གིས་མཐོང་སྨོན་བློ་བསྟན་བོད་གྲི་ཞེས་པའི་ཚོང་རྟགས་རེ་ཞུ་བྱས་ནས་ཐོན་རྫས་ཁྲོམ་རར་བཏོན། གསར་འགོད་པས་ཁོང་ལ་ཁྱེད་ཚོའི་ལག་ཤེས་ལ་བརྟེན་ནས་བརྡུངས་པའི་བོད་གྲིའི་ཚོང་རྟགས་ལ་བློ་བསྟན་བོད་གྲི་ཞེས་པའི་མིང་འདོགས་དོན་གང་ཡིན་ཞེས་འདྲི་སྐབས་ཁོང་གིས། བློ་བསྟན་ནི་ངའི་པཱ་ལགས་ཀྱི་མིང་རེད། མ་གཞི་བཞད་མཐོང་སྨོན་ཁུལ་དུ་བོད་གྲི་བཟོ་མཁན་མང་པོ་ཡོད་ཀྱང་མིང་ལ་བློ་བསྟན་ཟེར་མཁན་ངའི་པཱ་ལགས་གཅིག་པུ་རེད། ང་ཚོས་རང་གི་མིང་དེ་ཚོང་རྟགས་ཀྱི་མིང་ལ་བཏགས་ནས་རང་གི་ཐོན་རྫས་ལ་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག ཐོན་རྫས་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་ཆེད་ཡིན་ཞེས་བརྗོད། ཁོང་ཚོའི་ཐུན་མིན་བཟོ་རྩལ་ལས་གྲུབ་པའི་བློ་བསྟན་བོད་གྲི་ནི་བོད་ལྗོངས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་བཟོས་པ་ཞིག་ཡིན་སྟབས། དེ་ལ་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པ་མ་ཟད། ས་གནས་ཀྱི་ཐུན་མིན་གྱི་བཟོ་རྩལ་ཁྱད་ཆོས་ཀྱང་ལྡན་ཡོད་པས། རྒྱུན་གཏན་བེད་སྤྱོད་དང་ཉར་ཚཌ་གང་ཞིག་བྱས་རུང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་སྟེ། མཉམ་ལས་ཁང་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་མི་ཐུབ་པའི་སྣང་ཚུལ་ཡང་སེ་ཐོན་གྱི་ཡོད། སྣང་ཚུལ་དེ་ལ་གཞིགས་ནས་མཉམ་ལས་ཁང་གིས་སྔ་རྗེས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲོང་མི་15ལྷག་ཙམ་མཉམ་ལས་ཁང་ལ་བསྐོངས་ནས་ཁོ་ཚོར་རིན་མེད་ངང་བོད་གྲིའི་བཟོ་རྩལ་ལག་ཤེས་བསླབས་ཏེ། སྲོལ་རྒྱུན་གྱི་ལག་ཤེས་སྒྱུ་རྩལ་པ་མང་པོ་གསོ་སྐྱོང་གང་ལེགས་བྱས་པ་མ་ཟད། ཁོང་ཚོར་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་བཤངས་ཞོར་བོད་ལྗོངས་སྲོལ་རྒྱུན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་བར་རང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད།

          མིག་སྔར་ཡེ་ཤེས་ཟླ་བའི་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་60ལྷག་ཙམ་ཟིན་ཞིང་། ཁོང་གིས་མུ་མཐུད་དེ་བཞད་མཐོང་སྨོན་རྫོང་དུ་བཙུཌ་པའི་ཁང་གསར་གསེར་དངུལ་ཕྱིར་ཚོང་ཁང་ཚོང་གཉེར་དང་མཐོང་སྨོན་བོད་གྲི་བཟོ་རྩལ་མཉམ་ལས་ཁང་གི་འགན་ཁུར་ཞོར། མི་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཐུབ་ཆེད་འབད་པ་ལྷུར་ལེན་བྱེད་བཞིན་ཡོད་ལ། བོད་གྲིའི་བཟོ་རྩལ་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཐུབ་རྒྱུར་ཤུགས་བརྒྱབ་སྟེ་རང་གི་ཚོང་རྟགས་སུ་གྱུར་བའི་བློ་བསྟན་བོད་གྲིའི་ཐོན་རྫས་བོད་ལྗོངས་ཙམ་མ་ཟད་རྒྱལ་ཕྱི་རྒྱལ་ནང་གང་སར་ཕྱིར་ཚོང་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།