ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གྲོང་གསེབ་དར་རྒྱས་ཆེད་གློག་ཤུགས་ཀྱི་འདེགས་སྐྱོར་བརྟན་པོ་བྱས་པ།

སྤེལ་དུས 2021-10-25 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          འདི་ནི་ཟླ་8ཚེས་27ཉིན་མངའ་རིས་གློག་དྲ་སྦྲེལ་མཐུད་ཀྱི་གློག་སྐུད་འགན་གཙང་དུམ་བུ་ལྔ་པའི་གློག་ཤིང་རྒྱམ་བུ་གྲོང་ཚོར་འཛུགས་བཞིན་ཡོད་པ་དང་། ལས་གྲྭ་སྤྱོད་འགོ་ཚུགས་རྗེས་རྒྱམ་བུ་གྲོང་ཚོའི་གྲོང་མིས་བདེ་འཇགས་བློས་འཁེལ་གྱི་གློག་དྲ་ཆེན་པོ་སྤྱོད་ཐུབ་རྒྱུ་ཡིན་པ།
          དཔལ་འབྱོར་འཕེལ་རྒྱས་གཏོང་བར་གློག་ཤུགས་སྔོན་ལ་ལག་ལེན་བསྟར་དགོས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། གྲོང་གསེབ་གློག་དྲ་སྣུར་བསྲིང་ཡོངས་ཁྱབ་དང་སྲ་བརྟན་མཐོར་གཏོང་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ་དང་། གྲོང་གསེབ་ས་ཁུལ་དང་མཐའ་མཚམས་རྫོང་ཁོངས་ཀྱི་གློག་མཁོ་འདོན་གྱི་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་གློག་རླངས་ཅན་མགྱོགས་མྱུར་སྐྲུན་པ། གྲོང་གསེབ་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ལས་ཞུགས་དབུལ་སྐྱོར་དང་། འོད་ཤུགས་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར། གྲོང་སྡོད་དབུལ་སྐྱོར་སོགས་ཐད་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་འཕེལ་རྒྱས་ལ་གློག་མཁོ་འདོན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་འདོན་ཞབས་ཞུ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་གློག་ཤུགས་ཀྱི“ཁྲིད་སྟོན་པ”ཡག་པོ་བྱས་པ་རེད།
གྲོང་གསེབ་ཆུང་ངུས“ཉི་འོད་ཀྱི་ཕན་འབྲས”ལོངས་སུ་སྤྱད་པ།
གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་མདོ་སྤེ་ཤང་བདེ་ཤར་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཟིན་པ་དང་། གྲོང་ཚོ་ཧྲིལ་པོར་དུད་ཚང་50ཡོད་པ་དང་། ས་ཞིང་རྒྱ་ཁྱོན་མུའུ་432བཅས་ཡོད། དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་ཀྱིས་གྲོང་ཚོ་ཡོངས་ཀྱི་མི་གྲངས་ཀྱི་56%བཟུང་བས་མདོ་སྤེ་ཤང་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་18ཁྲོད་ཀྱི་ཐག་རིང་ཤོས་དང་དབུལ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་རེད།
          ས་ཆ་དེ་ག་ནི་དེ་སྔོན་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་བཅའ་སྡོད་ས་ཚིགས་ཀྱི་རོགས་སྐྱོར་གྲོང་ཚོ་ཡང་རེད། 2018ལོའི་ལོ་མཇུག་ཏུ་གྲོང་སྡོད་ལས་དོན་རུ་ཁག་གིས་དུས་འགོའི་བརྟག་ཞིབ་དང་ཕྱོགས་ཁག་གི་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། རྒྱལ་ཁབ་གློག་དྲ་ངམ་རིང་རྫོང་མདོ་སྤེ་ཤང་གི་འོད་ཤུགས་གློག་ཁང་གི་རྣམ་གྲངས་བསྐྲུན་རྒྱུའི་བསམ་འཆར་བཏོན་ནས། འོད་ཤུགས་གློག་ཁང་འཛུགས་སྐྲུན་དང་རྒྱལ་ཁབ་འོད་ཤུགས་ཀྱི་ཁ་གསབ་བརྒྱུད་ས་གནས་དེ་གའི་གྲོང་མིར་ལས་ཞུགས་ལས་གནས་མཁོ་འདོན་དང་ཕན་འབྲས་བགོ་འགྲེམས་བརྒྱབ་སྟེ། ཐོན་ལས་རང་བཞིན་གྱི་དབུལ་སྒྲོལ་མངོན་འགྱུར་བྱུང་བ་རེད། 2019ལོའི་ཟླ་12པར་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་དངོས་སུ་དྲ་སྦྲེལ་ཐུབ་ནས་གློག་བཏང་སྟེ། གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་0.1ཟིན་ཏེ་ལོར་ཆ་སྙོམས་གློག་གཏོང་ཚད་ཏུའུ་ཁྲི་16.8ཟིན་གྱི་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་དུ་དབུལ་སྐྱོར་གྱི་བཀོད་སྒྲིག་རྣམ་པའི་གློག་ཁུངས་རྣམ་གྲངས་24ཡོད་པ་དེར་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་6765ཟིན་ནས་ས་ཁུལ་དང་གྲོང་ཁྱེར་གསུམ་དང་དབུལ་སྐྱོར་གྲོང་ཚོ་24དང་འབྲེལ་བ་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་དབུལ་སྐྱོར་འོད་ཤུགས་རྣམ་གྲངས་ཚང་མའི་གློག་དྲ་སྦྲེལ་མཐུད་ལེགས་སྒྲུབ་ཐུབ་ཅིང་། རིམ་རྩིས་བྱས་ན་འོད་ཤུགས་དབུལ་སྐྱོར་གློག་ཁང་ནས་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་628.5ཟིན་ཏེ་གློག་རིན་སྒོར་ཁྲི་62.85སྤྲོད་དགོས་ཀྱི་ཡོད་པ་རེད།
          གློག་ཤུགས་སྒྱུར་བཀོད་ལས་གྲོང་གསེབ་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ།
          འདི་ལོའི་དབྱར་ཁར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བྱིས་གྲོངས་ཤང་བྱིས་གྲོངས་གྲོང་ཚོའི་གྲོང་མི་བསོད་ནམས་བཀྲ་ཤིས་སྔར་བཞིན་ཕྱིར་གླ་པ་རྒྱུག་པར་འགྲོ་གི་མེད་པ་དང་། ཡུལ་དེའི་རྫོང་གི་གློག་མཁོ་འདོན་ཀུང་སིའི་ལས་མི་དང་མཉམ་དུ་གྲོང་གསེབ་གློག་དྲ་སྲ་བརྟན་དང་མཐོར་གཏོང་གི་རྣམ་གྲངས་ནང་ཞུགས་ཡོད།
          ཞིང་འབྲོག་ཁུལ་གྱི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་ཆེད། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་གྲོང་གསེབ་གློག་དྲ་སྲ་བརྟན་དང་མཐོར་གཏོང་གི་རྣམ་གྲངས་ལས་འགོ་བཙུགས་ནས་བསྐྲུན་པ་མ་ཟད། ལས་གྲྭ་བསྐྲུན་རིང་ཡུལ་དེའི་ཞིང་འབྲོག་པ་མང་ཚོགས་ལས་མིར་བསྡུས་པ་དང་བསོད་ནམས་བཀྲ་ཤིས་ནི་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། “ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ང་ཚོས་གོས་འཁྲུའི་འཕྲུལ་ཆས་དང་འཁྱགས་སྒམ་སོགས་གློག་ཆས་ཉོས་ན་འགྲིག ཉིན་ལྟར་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པས་ལག་རྩལ་སྦྱོང་ཐུབ་པ་མ་ཟད། ད་དུང་ཡོང་འབབ་ཀྱང་གསོག་ཐུབ་ཀྱི་འདུག”ཅེས་འབྱུང་འགྱུར་གྱི་སྐོར་གླེང་སྐབས་བསོད་ནམས་བཀྲ་ཤིས་ཀྱི་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བརྗོད།
          2021ལོར་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིའི་གྲོང་གསེབ་གློག་དྲ་སྲ་བརྟན་དང་མཐོར་གཏོང་ལས་གྲྭའི་རྣམ་གྲངས་ལ་ཁྱོན་རྣམ་གྲངས་7ཡོད་པ་དང་། ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་དུད་ཚང་3646གི་ཞིང་འབྲོག་པ་མང་ཚོགས་ཁྲི་1.8232ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།
          རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གྲོང་གསེབ་གློག་དྲ་སྒྱུར་བཀོད་ཀྱི་ལས་གྲྭར་སྐུལ་འདེད་ཧུར་ཐག་བཏང་ཞིང་། མིག་སྔའི་བར་གྲོང་གསེབ་གློག་དྲ་སྲ་བརྟན་དང་མཐོར་གཏོང་ལས་གྲྭ་ཁག་32ལ་ཞིབ་འཇུག་བྱས་པ་བརྒྱུད་ཆོག་མཆན་ཐོབ་པ་དང་། གྲོང་གསེབ་གློག་དྲའི་ཁ་གསབ་རྣམ་གྲངས་41ལག་ལེན་བསྟར་བའི་ཁྲོད་རྣམ་གྲངས་33ལེགས་གྲུབ་བྱུང་བ། ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་ལྗོངས་ཡོངས་ཀྱི་དུད་ཚང་7000ཙམ་གྱི་མི་ཁྲི་3གྱི་གློག་སྤྱོད་སྤུས་ཚད་ལེགས་སུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་ཆེད། སྲ་ཞིང་བརྟན་པའི་གློག་ཤུགས་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
          གློག་རླངས་ཅན་གྱིས་གྲོང་གསེབ་དར་རྒྱས་ལ་ཕན་པ་བསྐྲུན་པ།

འདི་ནི་སྲིན་བུ་རིའི་རིག་ལྡན་ནུས་རྒྱུའི་གྲོང་རྡལ་ཆུང་ངུའི་ཉི་ནུས་ཤེལ་ལེབ་ཡིན་པ།
          ཉིན་ཤས་གོང་། རྒྱལ་ཁབ་གློག་དྲ་གོང་དཀར་རྫོང་གློག་འདོན་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་ལྷོ་ཁ་སྲིན་བུ་རིའི་འབྲོག་ར་ཚད་ཡོད་ཀུང་སིར་གོ་རིམ་ལྡན་པའི་ངང་ཆུ་ཚོད་ཀྱི་ཨང་གྲངས་བཤུ་བ་དང་མཐའ་སྣེ་བསྒར་བས། ས་ཁོངས་དེའི་གློག་གཏོང་གི་མཐའ་མའི་ལས་དོན་ལེགས་གྲུབ་ཟིན་ཡོད།
          སྲིན་བུ་རིའི་དེང་རབས་འབྲོག་རའི་ནུས་སྤྱོད་གྲངས་གཞི་དེ་གྲོང་ཁྱེར་རིག་ལྡན་ནུས་རྒྱུའི་དོ་དམ་མ་ལག་ནང་བཅུག་པ་དེའི་ཐོག་ནས་རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་གྱི་རིག་ལྡན་ནུས་འདོན་དང་། ལྗང་མདོག་ནུས་འཕེལ། དྲ་ཐོག་ནུས་སྤྱོད་བཅས་ཀྱི“རྒྱལ་ཡོངས་ཀྱི་རྩེར་སོན་དང་། ཡོངས་གསུམ་ནུས་གསུམ”གྱི་རིག་ལྡན་གྲོང་རྡལ་ཆུང་ངུ་སྟེ། ལྷོ་ཁ་གྲོང་ཁྱེར་སྲིན་བུ་རིའི་རིག་ལྡན་ནུས་རྒྱུའི་གྲོང་རྡལ་ཆུང་ངུ་ཕྱོགས་ཡོངས་ནས་བསྐྲུན་ཏེ་གཙོ་རྒྱུ་ཀུན་འཛོམས་ཀྱི་འཁོར་སྐྱོད་དུས་མཚམས་སུ་སླེབས་པ་མཚོན་ཡོད།
          མིག་སྔར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་རིག་ལྡན་ནུས་རྒྱུའི་དོ་དམ་ཚོད་འཛིན་མ་ལག་དང་། རྩེར་སོན་སྟེགས་ཁུལ། རིག་ལྡན་ཁྱིམ་ཚང་། “ཐཱན་མེད་པའི”ཐོན་ལས་གླིང་། གློག་གསོག་ཁང་། ཡུལ་དུས་མི་འདྲ་བའི་ཀུན་ཕན་ནུས་རྒྱུའི་ཞབས་ཞུ་སོགས་རིག་ལྡན་ནུས་རྒྱུའི་མཐུན་སྦྱོར་ཕན་སྒུལ་འཛུགས་སྐྲུན་གྱི་ཡན་ལག་རྣམ་གྲངས་9དང“གློག་ནོར”གུང་ཁྲན་ཏང་མིའི་ཞབས་ཞུའི་རུ་ཁག་དང་། རིག་ལྡན་ལས་གཉེར་ཁང་། གྲངས་གཞིའི་ནུས་འཕེལ་ལྟེ་གནས་ཀྱི་ཕུལ་བྱུང་ཞབས་ཞུའི་གསར་གཏོད་འཛུགས་སྐྲུན་གྱི་ཡན་ལག་རྣམ་གྲངས་3ལེགས་སྒྲུབ་བྱས་པ་རེད།
          2019ལོའི་ལོ་མཇུག་ཏུ་རྒྱལ་ཁབ་གློག་དྲ་གོང་དཀར་རྫོང་གློག་འདོན་ཚད་ཡོད་ཀུང་སིའི་སྲིན་བུ་རིའི་རིག་ལྡན་ལས་གཉེར་ཁང་གི་ཚོང་ཤག་ཅིང་ལི་བསོད་ནམས་དོན་གྲུབ་ཀྱི་ནང་མི་ཚང་མ་ནག་ཆུ་མཚོ་གཉིས་རྫོང་ནས་འདི་གར་སྤོས། དེའི་ཕྱི་ལོར་ལས་གཉེར་ཁང་གིས་གནས་སྤོས་དུད་ཚང་ནས་ལས་མི་བསྡུ་བ་ཤེས་རྗེས་དེར་ཞུགས་པ་དང་། རིམ་པ་བཞིན་འདེམས་སྒྲུག་བརྒྱབ་པ་བརྒྱུད་ཁོང་ལས་གཉེར་ཁང་གི་ལས་མི་ཞིག་ཏུ་གྱུར། ད་ཆའི“རིག་ལྡན”འཚོ་བའི་སྐོར་གླེང་སྐབས་བསོད་ནམས་དོན་གྲུབ་ཀྱིས་དགའ་ཚོར་དཔག་མེད་ངང“འདི་གར་སླེབས་རྗེས་ང་ཚོས་ཁྱིམ་སྤྱོད་གློག་ཆས་མང་པོ་ཉོས་པ་མ་ཟད། གློག་སྤྱོད་སྐབས་སྟབས་བདེ་འདི་འདྲ་ཡོང་གི་རེད་སྙམ་པ་བསམ་པའི་ཡུལ་ལའང་མེད། ང་ཚོའི་ཁྱིམ་གྱི་གློག་འཛུགས་ཚང་མ་རིག་ནུས་ཡིན་པས། ལག་ཐོགས་ཁ་པར་ནས་བཀོལ་སྤྱོད་བྱས་ན་འགྲིག་པ་དང་། ཐོག་ཁའི་ཉི་ནུས་འོད་ཤུགས་ཤེལ་ལེབ་ཀྱིས་ཀྱང་ཉིན་ལྟར་ཡོང་འབབ་སྒོར་དྲུག་ཡས་མས་ཡོང་གི་འདུག་པས། འཚོ་བ་སྔར་ལས་སྐྱིད་དུ་འགྲོ་བཞིན་འདུག”ཅེས་བརྗོད།
རྩོམ་སྒྲིག་པ། བསྟན་ཆོས།