ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ད་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་འདི་ལྟར་བཟོས་པ་ཡིན།

སྤེལ་དུས 2022-01-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             བྱ་དགའི་རྟགས་མ་ནི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བྱ་དགའི་རྟགས་མའི་ཇུས་འགོད་ཀྱིས་ཨོ་རྩལ་འགྲན་ཚོགས་གཉེར་མཁན་གྱི་རྒྱལ་ཁབ་དེའི་རིག་གནས་ཀྱི་གོ་དོན་དང་བསམ་པའི་འཚོལ་སྙེག་མཚོན་དགོས་པ་མ་ཟད། ད་དུང་ཇུས་འགོད་པའི་ཐབས་མཁས་ཀྱི་བསམ་བཀོད་དང་ངོ་མཚར་བའི་གསར་གཏོད་ཀྱང་མངོན་དགོས།
             ཉེ་ཆར(ཟླ་དང་པོའི་ཚེས7ཉིན།)2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་ཞིབ་བཤེར་རྩིས་ལེན་བྱེད་པའི་མཛད་སྒོ་ཧྲང་ཧའེ་དངུལ་ལོར་བཟོ་སྐྲུན་ཚད་ཡོད་ཀུང་སིར་འཚོགས་ཤིང་། བྱ་དགའི་རྟགས་མ་ཆིག་སྟོང་ལྷག་རེ་རེ་བཞིན་ཞིབ་བཤེར་བྱས་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་ལ་དངོས་སུ་རྩིས་སྤྲོད་བྱས་པ་རེད།

             པེ་ཅིང་གི2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་ནི་སྒོར་སྒོར་དང་སྒོར་ལྟེ་ལས་གྲུབ་པ་དང་། དེའི་བཟོ་དབྱིབས་ནི་ཀྲུང་གོའི་གནའ་རབས་ཀྱི་ལྟེ་མཐུན་སྒོར་དབྱིབས་གཡང་ཊིའི་རྣམ་པ་ལས་བྱུང་བ་ཞིག་ཡིན་པས་ཁྱོན་བསྡོམས་ཨ་ལོང་ལྔ་ཡོད། ཨ་ལོང་ལྔ་པོ་བློ་སེམས་གཅིག་མཐུན་གྱིས“གནམ་ས་མཉམ་འབྲེལ་དང་མི་སེམས་གཅིག་མཐུན”གྱི་ཀྲུང་ཧྭའི་རིག་གནས་ཀྱི་གོ་དོན་མཚོན་ཡོད་ལ། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ཀྱིས་འཛམ་གླིང་མི་དམངས་མཉམ་དུ་འཛོམས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཟི་འོད་མཉམ་དུ་ལོངས་སུ་སྤྱོད་པའང་མཚོན་ཡོད།

             ད་ཐེངས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་བཟོ་བའི་ལས་དོན་གྱི་འགན་འཁུར་ཚན་པ་འདི་ལ2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི“གསེར་གྱིས་བརྒྱན་པའི་གཡང་ཊི”བྱ་དགའི་རྟགས་མ་བཟོ་བའི་ཉམས་མྱོང་ལྡན་ཞིང་། ད་རེས་བྱ་དགའི་རྟགས་མ་ལེགས་པོ་ཞིག་བཟོ་ཆེད་བཟོ་སྐྲུན་ཚོགས་པ་དང་བྱ་དགའི་རྟགས་མའི་ཇུས་འགོད་ཚོགས་པས་འབྲེལ་གཏུག་དང་ལེགས་སྒྲིག་ཡང་ཡང་བྱས་ཏེ་སྔ་རྗེས་སུ་དཔེ་མཚོན་ཐོན་རྫས་ཆ་ཚང29ལྷག་ཙམ་བཏོན་པ་རེད། 

       ཨ་ལོང་ལྔའི་སེམས་མཐུན་གྱི་བྱ་དགའི་རྟགས་མའི་བཟོ་དབྱིབས་བབ་ཆགས་ཤིང་དེར“བསྡུས་པོ་ཡིན་ལ་སྟབས་བདེ་མ་ཡིན་པའི”སྤུས་ཚད་མཐོན་པོ་མངོན་ཡོད། གསེར་གྱི་རྟགས་མའི་ཕྱི་ངོས་སུ་བཟོ་སྐྲུན་རུ་ཁག་གིས་རིལ་བུ་གཏོར་ནས་བྱ་དགའི་རྟགས་མར་བྱེ་མ་བརྡར་བའི་ཚོར་སྣང་ལྡན་པར་བྱས་པ་དང་། དེ་ནས་སྲོལ་རྒྱུན་གྱི་གསེར་བཟོ་ལག་རྩལ་སྤྱད་དེ་ཀོང་བརྐོས་རི་མོ་དང་ཡི་གེ་ཚང་མར་འོད་ལམ་མེར་བརྡར་དུ་བཅུག་པས་ལྕགས་རིགས་ཀྱི་རྒྱུ་སྤུས་ཚོར་ཐུབ་པ་མ་ཟད་གཡང་ཊི་ལྟར་འཇམ་པའི་ཁྱད་ཆོས་ཀྱང་ལྡན་ཡོད།

       ཧྲང་ཧའེ་དངུལ་ལོར་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཀྲུའུ་རེན་བཟོ་བཀོད་པ་ཞེ་ཞིན་རུའེ་ཡིས། ལས་རིམ་གཅིག་པུའི་དབང་དུ་བཏང་ནའང་སྤྱིར་བཏང་དུ་བྱ་དགའི་རྟགས་མ་གཅིག་ལ་ཆུ་ཚོད6ནས8བར་འགོར་ན་མ་གཏོགས་འགྲུབ་མི་ཐུབ་པ་མ་ཟད། བརྒྱུད་རིམ་ཧྲིལ་པོར་ངེས་པར་དུ་ཕྲ་མཐོང་ཆེ་ཤེལ་འོག་ཞིབ་ཚགས་ཀྱིས་བརྡར་དགོས། བྱེ་མ་གཏོར་བ་དང་གནོན་གསལ་བྱེད་པའི་བཟོ་རྩལ་དེ་གཉིས་ཟུང་དུ་སྦྲེལ་ནས་བྱ་དགའི་རྟགས་མའི་རིམ་པའི་ཚོར་སྣང་ལེགས་སུ་གཏོང་དགོས་ཞེས་བཤད།

       རྒྱུ་ཆ་གྲ་སྒྲིག་དང་། གནོན་དཔར་རྒྱག་པ། ཕྱི་ངོས་ཀྱི་བཟོ་དབྱིབས་ལེགས་འགྲུབ་ཡོང་བ་བཅས་ནས་མཐའ་མའི་ཐུམ་སྒྲིལ་བར། བྱ་དགའི་རྟགས་མ་རེ་ལ་ལས་རིམ18དང་ཞིབ་བཤེར20བརྒྱུད་རྗེས་གཞི་ནས་བཟོ་སྐྲུན་ལེགས་འགྲུབ་བྱ་ཐུབ། ལག་ཤེས་པ་ཚོས་ཀྱང་ལས་རིམ་གྱི་བྱང་བུ་ལྟར་བཟོས་པ་ཡིན་པས་བྱ་དགའི་རྟགས་མ་བཟོ་བའི་ལས་རིམ་རེ་རེ་ཁུངས་འདེད་བྱེད་ཐུབ་པ་རེད།

       ཧྲང་ཧའེ་དངུལ་ལོར་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཀྲུའུ་རེན་བཟོ་བཀོད་པ་ཞེ་ཞིན་རུའེ་ཡིས། བྱ་དགའི་རྟགས་མ་བཟོ་ཐེངས་རེར་ང་ཚོས་རེ་སྒུག་ཆེ་ཤོས་བྱེད་པ་ནི་ལུས་རྩལ་པས་མཐའ་མར་བྱ་དགའི་རྟགས་མ་དེ་བྲང་ཁར་འདོག་སྐབས་ལུས་རྩལ་པ་ཚང་མས་བྱ་དགའི་རྟགས་མ་དེར་ཧ་ཅང་དགའ་པོ་བྱེད་པ་དེ་ཡིན་ཞིང་།   དེ་ནི་ང་ཚོའི་ལས་དོན་ལ་ཁས་ལེན་བྱས་པ་ཡིན་པས་ང་ཚོར་མཚོན་ན་སྐུལ་ལྕག་ཆེ་ཤོས་ཡིན་ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།