ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྨད་བྱུང་རྫ་ཆས་བཟོ་རྩལ་གྱིས། འཚོ་བར་བདེ་སྐྱིད་ཁ་དོག་བསྣན།

སྤེལ་དུས 2022-01-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
              ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོ་318ལམ་རྒྱུད་དུ་ཆགས་པ་དང་། འདི་ཁུལ་དུ་འགྲིམ་འགྲུལ་སྟབས་བདེ་ཞིང་དམངས་སྲོལ་བབ་ཆགས་པོ་ཡོད། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་དཔེ་སྟོན་ས་ཚིགས་ཀྱི་གྲས་ཤིག་རེད། གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་ཐོག དག་པ་བས་ཕུན་སུམ་ཚོགས་པའི་དངོས་པོའི་འཚོ་བར་ཡིད་ཚིམས་ནས་མ་བསྡད་པར་དག་པའི་རྫ་ཆས་ཐོན་ལས་འཕེལ་རྒྱས་གཏོང་བར་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད།
              དག་པའི་རྫ་ཆས་ནི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་གྱི་རྫ་ཆས་ཐོན་རྫས་ཡིན་པ་དང་། དེར་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ལ། ལོ་1200ལྷག་ཙམ་གྱི་ལོ་རྒྱུས་ཡང་ལྡན་ཡོད། 2006ལོར་དག་པ་གྲོང་ཚོའི་དམངས་ཁྲོད་སྲོལ་རྒྱུན་རྫ་བཟོའི་ལག་ཤེས་དེ་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་ཚུད་པ་རེད།

འདི་ནི་དག་པའི་རྫ་བཟོའི་ལག་ཤེས་རྒྱུན་འཛིན་པས་ནན་ཏན་ངང་རྫ་ཆས་བཟོ་བཞིན་པ།
              ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་། ལྷག་པར་དུ་བོད་སྐྱོར་ཅང་སུའུ་ནན་ཅིང་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག མལ་གྲོ་གུང་དཀར་རྫོང་གིས“སྲུང་སྐྱོང་གཙོ་བོར་བཟུང་བ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། རྒྱུན་འཛིན་འཕེལ་རྒྱས་གཏོང་བ”བཅས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། “མལ་གྲོའི་བཟོ་བོའི་སྤུས་རྟགས”ནུས་ཤུགས་ཡོད་རྒུས་བཏོད་དེ“མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་བའི”རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པས། དུས་རབས་གསར་པར་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་འཕེལ་རྒྱས་བྱུང་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་བསྐངས་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

འདི་ནི་དག་པའི་རྫ་བཟོའི་ལག་ཤེས་རྒྱུན་འཛིན་པས་གསར་དུ་བཟོས་པའི་རྫ་ཆས་ལ་ཞིབ་ལྟ་བྱེད་བཞིན་པ།
              ལོ་ངོ་སྟོང་གི་མངོན་མིན་རིག་གནས་ཤུལ་བཞག་འདི་སྔར་བས་རྒྱུན་འཛིན་དང་གསོན་ཤུགས་འཕེལ་བར་བྱེད་ཆེད། 2019ལོར་དག་པ་གྲོང་ཚོར་ནན་ཅིང་གི་སྨི་ཧྲེང་རྫ་ཆས་ནང་འདྲེན་ཐུབ་ནས་ཕྱོགས་གཉིས་པོས་མ་རྩ་མཉམ་འཇོག་གི་ཀུང་སི་བཙུགས་པ་དང་། 2021ལོའི་ཟླ་6པར། མལ་གྲོ་གུང་དཀར་རྫོང་མངོན་མིན་རིག་གནས་ཤུལ་བཞག་དག་པའི་རྫ་ཆས་ཀྱི་འཚོ་བ་གསར་པའི་རྟེན་གཞི་སྐྲུན་མཇུག་འགྲིལ་བ་དང་། ནན་ཅིང་ཀའོ་ཁྲུན་སྨི་ཧྲེང་རྫ་ཆས་ཚད་ཡོད་ཀུང་སི་དང་ས་གནས་དེ་གའི་མཉམ་ལས་ཁང་གིས་མཉམ་དུ་བཙུགས་པའི་སྨི་ཧྲེང་དག་པའི་རྫ་ཆས་བཟོ་རྩལ་ཐོན་རྫས་རྒྱུན་འཛིན་ཚད་ཡོད་ཀུང་སི་ལས་གཉེར་བྱེད་འགོ་ཚུགས་པ་རེད།
              དག་པ་གྲོང་ཚོའི་མདོ་རུ་ཆགས་པའི་བོད་ལྗོངས་སྨི་ཧྲེང་དག་པའི་རྫ་ཆས་བཟོ་རྩལ་ཐོན་རྫས་རྒྱུན་འཛིན་ཚད་ཡོད་ཀུང་སིའི་བཟོ་ཁང་ཁུལ་དུ་ཉི་འོད་རབ་ཏུ་འཚེར་ཞིང་། ལག་ཤེས་པ་འགའ་ཞིག་གིས་རང་ཉིད་ཀྱི་ལག་ཆའི་སྒམ་གཞོགས་གཅིག་ལ་བཞག་ནས་ལས་གོས་གྱོན་བཞིན་དུ་ཇ་བསྲུབས་མ་ཧུབ་འགའ་བཏུང་རྗེས་ས་ལ་བསྡད་ནས་ས་འདམ་བརྫིས་ཤིང་ལག་གཉིས་ཆུ་འཐེན་ལག་འཁོར་དང་བསྟུན་ཏེ་སྐོར་བ་བརྒྱབ་པ་དང་། དེར་ག་ལེར་འཇིམ་བརྐོ་བརྒྱབ་སྟེ་སྐོར་བ་ཡང་ཡང་བརྒྱབ་པ་བརྒྱུད། བཟོ་དབྱིབས་ལེགས་པའི་རྫ་ཆས་རེ་རེ་ཁོང་ཚོའི་ལག་ཟུང་ལས་ཐོན།

འདི་ནི་2021ལོར་ལྷ་ས་གྲོང་ཁྱེར་དུ་གཉེར་བའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དག་པའི་རྫ་བཟོའི་ལག་ཤེས་རྒྱུན་འཛིན་པས་བཟོ་ལྟ་ལེགས་པའི་རྫ་ཆས་སྟོན་བཞིན་པ།
              ལག་ཤེས་རྒན་གྲས་བསོད་ནམས་འཕྲིན་ལས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ལག་གཉིས་ཀྱིས་རྫ་བཟོའི་འདམ་པ་རྫི་་བཞིན་དུ་སྲོལ་རྒྱུན་གྱི་བོད་བཟོའི་ཆང་སྣོད་དམ་བི་གཅིག་ཁོང་གི་ལག་ནས་ག་ལེར་བཟོ་ལྟ་དོན། ལོ་16ལ་སོན་པའི་དུས་ནས་ཁོང་གིས་རང་གི་ཕ་དང་ཉེ་འཁོར་གྲོང་པ་དང་མཉམ་དུ་རྫ་ཆས་བཟོ་སྟངས་སྦྱངས། ད་བར་རྫ་ཆས་བཟོས་ནས་ལོ་20ལྷག་ཙམ་ཕྱིན་ཞིང་། “ཕྱོགས་གཅིག་ནས་ཕ་མེས་ཚོའི་ལག་ཤེས་འདི་རྒྱུན་འཛིན་བྱས་ནས་དག་པ་གྲོང་ཚོའི་ཕ་ཚ་བུ་རྒྱུད་ཀྱིས་བཞག་པའི་ལག་ཤེས་འདི་མི་སྟོང་པ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྫ་ཆས་བཟོས་ཏེ་ཁྱིམ་ལ་ཡོང་འབབ་མང་དུ་གཏོང་བའི་བསམ་བློ་གཏོང་གི་ཡོད”ཅེས་བསོད་ནམས་འཕྲིན་ལས་རང་ཉིད་ཀྱིས་རྫ་བཟོའི་ལག་ཤེས་ཐོག་མ་སྦྱོང་བའི་རེ་འདུན་བརྗོད་པ་དང་དུས་མཚུངས། “དེ་སྔོན་དྲེལ་ལ་རྫ་ཆས་བཀལ་ནས་ལྷ་སར་འཚོང་བར་འགྲོ་གི་ཡོད་པ་ཚང་མ་སིལ་ཚོང་ཤ་སྟག་རེད། ད་ཆ་ཁྱིམ་གྱི་སྒོ་རྩར་རྫ་བཟོའི་ལས་ཀ་བྱེད་རྒྱུ་ཡོད་པ་དང་། ཟླ་རེར་ཀུང་སིས་སྒོར་3500སྤྲོད་ཀྱི་འདུག་པས། ཐོན་འབོར་མང་དུ་ཕྱིན་པ་དང་བསྟུན་ནས་ཡོང་འབབ་ཀྱང་དེ་བས་མང་བ་འདུག”ཅེས་བརྗོད།

འདི་ནི་དག་པའི་རྫ་བཟོའི་ལག་ཤེས་རྒྱུན་འཛིན་པས་སྲོལ་རྒྱུན་བཟོ་རྩལ་གཞིར་བཟུང་རྫ་བཟོའི་རྒྱུ་ཆ་འདེམས་བཞིན་པ།

འདི་ནི་དག་པའི་རྫ་བཟོའི་ལག་ཤེས་རྒྱུན་འཛིན་པས་རྫ་ཆས་བཟོ་བཞིན་པ།
              ལོ་20སོན་མ་ཐག་པའི་བསྟན་འཛིན་ནོར་བུ་ཡང་དག་པ་གྲོང་ཚོ་ནས་ཡིན་ཞིང་། 2020ལོར་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ནས་ཐོན་པ་དང་། ད་ཆ་བོད་ལྗོངས་སྨི་ཧྲེང་དག་པའི་རྫ་ཆས་བཟོ་རྩལ་ཐོན་རྫས་རྒྱུན་འཛིན་ཚད་ཡོད་ཀུང་སིར་ལས་ཀ་བྱེད་པ་མ་ཟད། ཀུང་སིའི་དོ་དམ་མི་སྣ་ཞིག་ཀྱང་ཡིན་ཞིང་། བསྟན་འཛིན་ནོར་བུས“ང་རང་ཆུང་བྱིས་པའི་དུས་ནས་དག་པའི་རྫ་ཆས་ལ་རྒྱུས་མངའ་ཆེན་པོ་ཡོད་ལ་བརྩེ་བ་ཡང་ཟབ་མོ་ཡོད། དེར་བརྟེན་ཕ་ཡུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་དར་རྒྱས་གོང་འཕེལ་ཡོང་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། རང་ཉིད་འདི་རུ་ལས་ཀ་བྱེད་དོན་ཡང་རང་ཉིད་ཀྱིས་ནུས་པ་ཕྲན་ཙམ་འདོན་ཐུབ་པའི་ཆེད་དུ་ཡིན། མིག་སྔར། ས་གནས་འདི་གའི་ལག་ཤེས་པ་30ལྷག་ཙམ་ཀུང་སིར་སྟབས་བསྟུན་ལས་ཞུགས་ཐུབ་པ་དང་། མི་8ཡུན་རིང་ལས་ཞུགས་བརྟན་པོ་ཐུབ་ཡོད”ཅེས་བསྟན་འཛིན་ནོར་བུས་བརྗོད། ཁོང་གིས་ལོ་ངོ་སྟོང་གི་མངོན་མིན་རིག་གནས་ཤུལ་བཞག་སྔར་བས་རྒྱུན་འཛིན་དང་དེར་གསོན་ཤུགས་འཕེལ་བ་བྱེད་ཆེད། མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ནན་ཅིང་གྲོང་ཁྱེར་གྱི་ལས་དོན་རུ་ཁག་ཁག་དགུ་པས་རྫོང་གི་སྐལ་བཟང་མེ་ཏོག་ཐོན་ལས་གླིང་སྤྱད་དེ་སྨི་ཧྲེང་དག་པའི་རྫ་ཆས་གླིང་གསར་འཛུགས་བྱས། འདི་ལོའི་ཟླ་6པར་ང་ཚོའི་ཐོན་སྐྱེད་རྟེན་གཞི་གསར་པ་སྐལ་བཟང་མེ་ཏོག་ཐོན་ལས་གླིང་དུ་བཙུགས་ནས། བཟོ་གྲྭ་གསར་པར་ཐོན་སྐྱེད་སྒྲིག་ཆས་གསར་པ་ཁག་གཅིག་ནང་འདྲེན་བྱས་པ་དང་། བཟོ་གྲྭའི་ཐོག་སོ་གཉིས་པ་ཡུལ་སྐོར་མྱོང་རོལ་བརྟེན་གཞིར་བྱས་ཏེ། ཡུལ་སྐོར་བ་ཚོར་ཐུན་མིན་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་གྲོང་ཚོ་དང་གྲོང་གསེབ་ཀྱི་དམངས་སྲོལ་མྱོང་རོལ་ཐུབ་པ་བྱས་པ་མ་ཟད། བཟོ་ཁང་གསར་པར་བཟོ་ལས་ཅན་གྱི་ཐོན་སྐྱེད་བྱེད་ཐུབ་རྒྱུ་ཡིན་པས། སྔོན་དཔག་ལྟར་ན། མི་70ནས་100བར་ལས་ཞུགས་ཐུབ་རེ་ཡོད་པས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།

འདི་ནི་མལ་གྲོ་གུང་དཀར་རྫོང་མངོན་མིན་རིག་གནས་ཤུལ་བཞག་དག་པའི་རྫ་ཆས་ཐོན་སྐྱེད་རྟེན་གཞིས་བཟོས་པའི་བཟོ་ལྟ་ལེགས་ཤིང་བཟོ་དབྱིབས་སྣ་མང་གི་རྫ་ཆས་ཡིན་པ།
              དག་པ་གྲོང་ཚོ་གནས་སའི་མལ་གྲོ་གུང་དཀར་རྫོང་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྫོང་ཆེན་ཞིག་རེད། སྤོས་དང་། རྫ་ཆས། བོད་ཆས་སོགས་ཚུད་པའི་ལག་ཤེས་བཟོ་རྩལ་རིགས་ཀྱི་མངོན་མིན་ཤུལ་བཞག་མང་པོ་ཡོད། མལ་གྲོ་གུང་དཀར་རྫོང་ཨུད་དང་། རྫོང་སྲིད་གཞུང་། ནན་ཅིང་བོད་སྐྱོར་ལས་དོན་ཚོགས་ཆུང་བཅས་ཀྱིས་ཐོན་ལས་དར་རྒྱས་ལ་གཞིགས་ནས་ཚོང་འགུགས་རྣམ་གྲངས་གཞི་ཆགས་པ་དང་། ཐོན་ལས་རྣམ་གྲངས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔར། དག་པ་གྲོང་ཚོ་འདི་ཉིད་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་གླིང་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་ལོ་ངོ་སྟོང་གི་རྫ་ཆས་ལ་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།