ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་གནམ་གཤིས་ཉེན་བརྡ་སྔོན་པོ་བཏང་བ།

སྤེལ་དུས 2022-06-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
   བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཟླ6པའི་ཚེས15ཉིན་གྱི་ཆུ་ཚོད17ཐོག་དྲག་ཆར་འབབ་པའི་ཉེན་བརྡ་སྔོན་པོ་མུ་མཐུད་ནས་བཏང་ཞིང་། སྔོན་དཔག་བྱས་ན་ཟླ6པའི་ཚེས15ཉིན་གྱི་ཆུ་ཚོད18ནས་ཚེས16ཉིན་གྱི་ཆུ་ཚོད18བར་ཉིང་ཁྲི་དང་། ལྷོ་ཁ། གཞིས་ཀ་རྩེ་བཅས་ཀྱི་ཤར་ལྷོའི་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་ཆར་འབྲིང་ནས་ཆེ་ཙམ་འབབ་རྒྱུ་ཡིན་པ་རེད། དེའི་ནང་དུ་མཚོ་སྣ་དང་མེ་ཏོག་ནས་རྫ་ཡུལ་བར་གྱི་ས་བབ་དམའ་བའི་ཞང་དང་གྲོང་རྡལ་དུ་ཆར་བ་ཆེན་པོ་ནས་དྲག་ཆར(ཧའོ་སྨི35ནས55བར་ཟིན་རྒྱུ)འབབ་རྒྱུ་ཡིན་ལ། གོང་གསལ་གྱི་ས་ཁུལ་ཁག་ཅིག་ཏུ་ད་དུང་གློག་འཁྱུག་པ་དང་ཐོག་རྒྱག་པ། སེར་བ་འབབ་པ་སོགས་ཀྱི་གཏད་རྒྱུག་གནམ་གཤིས་ཡོད།
  འགོག་སྲུང་བྱེད་ཐབས།
  གཅིག ཉེ་དུས་ཆབ་མདོའི་བྱང་རྒྱུད་དང་ནག་ཆུའི་ཤར་རྒྱུད་དུ་ཆར་ཆུ་འབབ་ཤུགས་ཆེ་ལ། སྔོན་དཔག་བྱས་ན་མ་འོངས་པའི་ཆུ་ཚོད24ཡི་རིང་སྔར་བཞིན་ཆར་ཆུ་འབབ་རྒྱུ་ཡིན་པས། ཆར་ཆུ་བསྟུད་མར་བབས་པས་ཆུ་ལོག་དང་། ས་གཤིས་ཀྱི་གནོད་འཚེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་བཅས་སྔོན་འགོག་བྱེད་དགོས་ལ། འབྲུབ་འགོག་དང་འཁྱིལ་ཆུ་བཤང་བའི་ལས་དོན་ཡག་པོ་སྒྲུབ་དགོས།
  གཉིས། ཕྱི་དྲོར་རླུང་འཚུབ་གཡུག་པ་དང་། གློག་འཁྱུག་པ་དང་ཐོག་རྒྱག་པ། སེར་བ་འབབ་པ་སོགས་དུས་ཐུང་ནང་གཏད་རྒྱུག་གནམ་གཤིས་འབྱུང་སླ་བས།  ཕྱི་རོལ་དུ་ལས་ཀ་བྱེད་སྐབས་སུ་འགོག་སྲུང་གང་ལེགས་བྱེད་དགོས།