ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སའི་མཉམ་སྤྱོད་རྐང་འཁོར་གྱི་རིན་གོང་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ།

སྤེལ་དུས 2022-06-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་ཞུ་གཏུག་ཐེར་འདོན་གྱི་ལས་དོན་སྒྲུབ་སྐབས་ཤེས་རྟོགས་བྱུང་བར།
          བོད་ལྗོངས་ཁྲེ་ཧྥེང་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སི(ཞུན་ཁྲེ་མཉམ་སྤྱོད་རྐང་འཁོར།)དང་བོད་ལྗོངས་མ་ཧྲང་ཏའོ་དྲ་རྒྱའི་ཚན་རྩལ་ཐོན་ལས་ཚད་ཡོད་ཀུང་སི(ཆིན་ཅུས་མཉམ་སྤྱོད་རྐང་འཁོར།)ཡིས་གྲོས་མོལ་བྱས་པ་བརྒྱུད་དེ། གཟའ་འཁོར་གཉིས་ཀྱི་རྗེས་སུ་འབབ་ཚིགས་ཕྱི་རོལ་གྱི་རྐང་འཁོར་ཕྱིར་སྤྲོད་བཀོད་གཏོང་རིན་གོང་དང་ཞབས་ཞུའི་ཁུལ་ལས་བརྒལ་བའི་བཀོད་གཏོང་རིན་གོང་གཅིག་གྱུར་ཐོག་སྤར་རྒྱུའི་གཏན་ཁེལ་བྱས་པ་སྟེ། འབབ་ཚིགས་ཕྱི་རོལ་གྱི་རྐང་འཁོར་ཕྱིར་སྤྲོད་བཀོད་གཏོང་རིན་གོང་གཅིག་གྱུར་ཐོག་ཐེངས་རེར་སྒོར25བར་སྤར་རྒྱུ་དང་། ཞབས་ཞུའི་ཁུལ་ལས་བརྒལ་བའི་བཀོད་གཏོང་རིན་གོང་གཅིག་གྱུར་ཐོག་ཐེངས་རེར་སྒོར30བར་སྤར་རྒྱུ་བྱས་པས། དེ་ལྐོག་འབྲེལ་བྱས་ཏེ་རིན་གོང་སྤར་བའི་བྱ་སྤྱོད་ལ་གཏོགས་པ་རེད།
          ལྷ་ས་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འདི་ལྟར་ཐག་གཅོད་བྱས།
          རྒྱུན་ལྡན་མིན་པའི་རིན་གོང་འཕར་བ་དང་བསྟུད་མར་རིན་གོང་འཕར་བ་སོགས་དུས་ཐོག་ཏུ་བཀག་འགོག་བྱེད་པ་དང་། ཁྲོམ་རའི་རིན་གོང་སྒྲིག་ལམ་ཟང་ཟིང་བཟོ་བའི་རྒྱུ་རྐྱེན་མེད་པར་བཟོ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཟླ6པའི་ཚེས17ཉིན་གྱི་སྔ་དྲོར་ཞུན་ཁྲེ་མཉམ་སྤྱོད་རྐང་འཁོར་དང་ཆིན་ཅུས་མཉམ་སྤྱོད་རྐང་འཁོར་འཕྲལ་དུ་རྩ་འཛུགས་བྱས་ཏེ། རིན་གོང་བྱ་སྤྱོད་ཀྱི་དྲན་སྐུལ་སློབ་གསོའི་ཚོགས་འདུ་འཚོགས་ནས་གཅིག་གྱུར་གྱི་རིན་གོང་འཕར་རྒྱུ་གཏན་འགོག་བྱས་པ་དང་། དུས་ཐོག་ཏུ་གནད་དོན་ཆེ་རུ་འགྲོ་རྒྱུར་བཀག་འགོག་བྱས་ནས་གནད་དོན་ཐོན་མ་ཐག་མེད་པར་བཟོ་རྒྱུའི་འགན་ལེན་བྱས་པ་རེད།

ཚོགས་འདུའི་ཡུལ་དངོས།
          སློབ་གསོའི་ཚོགས་འདུའི་སྟེང་། ལྷ་ས་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་རིན་གོང་ལྟ་སྐུལ་ཁོའོ་ཡི་འབྲེལ་ཡོད་འགན་འཛིན་པས་འཛད་སྤྱོད་པས་ཞུ་གཏུག་ཐེར་འདོན་བྱས་པའི་གནད་དོན་དང་གཅིག་གྱུར་གྱི་རིན་གོང་འཕར་བའི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས་ཀུང་སི་གཉིས་པོར་ཁ་ཏ་སློབ་གསོ་བྱས། གྲོན་དངུལ་བསྡུ་བའི་གནད་དོན་དང་གཅིག་གྱུར་གྱི་རིན་གོང་འཕར་བའི་བྱ་སྤྱོད་དེ《རིན་གོང་བཅའ་ཁྲིམས》དང《ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་ཀྱི་ཐད་ནས་སྲིད་ཇུས་ཀྱི་འགྲེལ་བཤད་བྱས་ལ། ཚོང་གཉེར་བའི་སྒེར་སྡེམ་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་མཇུག་འབྲས་ག་འདྲ་ཡོད་པ་ནན་བཤད་བྱས་ནས། གྲོས་མོལ་བྱས་ནས་རིན་གོང་སྤར་བའི་བྱ་སྤྱོད་གཏན་འགོག་བྱེད་པའི་བླང་བྱ་བཏོན་པར་མ་ཟད། 《རིན་གོང་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་རིན་གོང་ཁ་གསལ་འགོད་དགོས་པ་ལས་རིན་གོང་ལྷག་མ་ཁ་སྣོན་མི་བྱེད་པ་དང་། རིན་གོང་འཕར་བའི་ཆ་འཕྲིན་རྫུན་བཟོ་བྱེད་མི་ཆོག་པ། ཕན་ཚུན་ལྐོག་འབྲེལ་བྱས་ནས་ཁྲོམ་རའི་རིན་གོང་སྟངས་འཛིན་བྱེད་མི་ཆོག་པ། གང་འདོད་དུ་ཚོང་རའི་ཁ་ལོ་སྒྱུར་བའི་གོ་བབ་སྤྱད་དེ་སྒེར་སྡེམ་གྱི་གྲོས་མཐུན་འཇོག་མི་ཆོག་པ། རྣམ་པ་གཞན་དག་གི་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་དང་རིན་གོང་སྒེར་སྡེམ་གྱི་བྱ་སྤྱོད་སྤེལ་མི་ཆོག་བཅས་ཀྱི་བླང་བྱ་བཏོན་པ་རེད།
          སློབ་གསོའི་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མཉམ་སྤྱོད་རྐང་འཁོར་ཀུང་སི་གཉིས་པོས་ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་བརྒྱབ་ནས་གྲོན་བསྡུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ཐེངས་འདིའི་གྲོས་མོལ་བྱས་ནས་རིན་གོང་སྤར་བའི་བྱ་སྤྱོད་ལ་རང་བཤེར་རང་བཅོས་བྱས་ཏེ། རིན་གོང་གཅིག་གྱུར་ཐོག་སྤར་བ་རྩ་འཛུགས་དང་། དེའི་ནང་ཞུགས་པ། དེ་ལག་བསྟར་བྱ་རྒྱུ་བཅས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། དེ་དང་ཆབས་ཅིག་ཟོལ་མེད་ཡིད་རྟོན་དང་ཞབས་ཞུའི་སྣང་བརྙན་ཇེ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ནན་ཏན་སྒོས་རིན་གོང་གསལ་པོར་འགོད་རྒྱུ་དོན་འཁྱོལ་བྱེད་དགོས་པ་དང་། ནང་དོན་ངོ་མ་དང་མངོན་གསལ་ཡིན་དགོས་པ་ལས་རིན་གོང་ལྷག་མ་སྤར་མི་ཆོག་ལ། རིན་གོང་ཐོག་ནས་མགོ་སྐོར་བསླུ་བྲིད་གཏོང་བར་གཏན་འགོག་བྱས་ཏེ། རིན་གོང་ཐད་ཀྱི་མཚན་སྙན་བཟང་པོ་བསྐྲུན་དགོས། དེ་ལས་གཞན་འགན་འཁྲི་ནན་ཏན་སྒྲུབ་པ་དང་། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ། ནང་ཁུལ་གྱི་རིན་གོང་ལམ་སྲོལ་དང་ནོར་བཅོས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
          གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིབ་བཤེར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་མཉམ་སྤྱོད་རྐང་འཁོར་གྱི་ཁྲོམ་རའི་རིན་གོང་གི་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱས་ཏེ། དུས་ཐོག་ཏུ་སྲིད་ཇུས་དྲིལ་བསྒྲགས་དང་སློབ་གསོ་བྱེད་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་ནན་མོ་བཅས་བྱས་ནས། མཉམ་སྤྱོད་རྐང་འཁོར་གྱི་ཞབས་ཞུའི་རིན་གོང་ཚད་ལྡན་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།