ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་སྔོན་དུ་ཁྲིམས་འགལ་ངང་མེ་མདའ་ཉོ་ཚོང་བྱེད་པའི་གྱོད་གཞི་ཞིག་་་་

སྤེལ་དུས 2022-06-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      ཉེ་ཆར། མཚོ་སྔོན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་དཀྱིལ་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྲིམས་འགལ་ངང་མེ་མདའ་ཉོ་ཚོང་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། རང་འགུལ་ཕྱེད་ཙམ་གྱི་མེ་མདའ་གཅིག་དང་64འདྲ་བཟོ་ཅན་གྱི་དཀྲུམ་མདའ་གཅིག མདེའུ་25བླུགས་པའི་ཧའོ་སྨི་7.62ཡི་བཟོ་མདེལ་སྒམ་གཅིག་བཅས་རྩད་ཆོད་ཐུབ་ཡོད།

     སྤྱི་ལོ་2022ལོའི་ལོ་འགོར། མཁར་དཀྱིལ་སྤྱི་བདེ་ཡན་ལག་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་སྐྱེས་ཁུངས་དཔའ་ལུང་ནས་ཡིན་པའི་སྐྱེས་པ་གཉིས་ཀྱིས་མི་གཞན་ལ་མེ་མདའ་ཚོང་རྩིས་ཡོད་པའི་གྱོད་སྣེ་ཞིག་ཤེས་རྟོགས་བྱུང་བ་དང་། གྱོད་གཞིའི་ཁུངས་སྣེ་གཞིར་བཟུང་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་མྱུལ་ཞིབ་མི་སྣ་མདོ་ལ་དང་དཔའ་ལུང་སོགས་སུ་ཐེངས་མང་མངགས་ནས་མྱུལ་ཞིབ་ལས་དོན་སྤེལ་ཡོད།  མྱུལ་ཞིབ་པས་ནང་བཤེར་ཕྱི་ཞིབ་དང་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་སྔ་རྗེས་སུ་དོགས་ཡོད་ཉེས་ཅན་པ་གཉིས་ཀྱི་ཐོབ་ཐང་ཆ་འཕྲིན་གཏན་འཁེལ་བྱུང་ཡོད།
      སྤྱི་ཟླ་6ཚེས་13ཉིན། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་པའི་བྱ་སྤྱོད་སྤེལ་ཤུལ་འདེད་དེ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཆུ་འཁོར་ཁུལ་གསར་དུ་དྲ་སྦྲེལ་ཐོག་ནས་ཚོད་འཛིན་བྱས་ཏེ་ཉིན་དེའི་ཆུ་ཚོད་11ཙམ་ལ་ཆུ་འཁོར་ཁུལ་གསར་ཏན་ཞ་ལམ་ནས་མི་གཞན་ལ་མེ་མདའ་བཙོངས་པའི་དོགས་ཡོད་ཉེས་ཅན་པ་ཝང་ཁྲེང་ཆེ་གེ་མོ་འཛིན་བཟུང་བྱས་པ་མ་ཟད། ཁོ་པས་བཏང་བའི་རླངས་འཁོར་ནང་ནས་རང་འགུལ་ཕྱེད་ཙམ་གྱི་མེ་མདའ་གཅིག་རྩད་ཆོད་པ་དང་། དུས་མཚུངས་སུ་དོགས་ཡོད་ཉེས་ཅན་ཝང་ཁྲེང་ཆེ་གེ་མོའི་སྟོད་གོས་པ་ཀའི་ནང་ལས་64འདྲ་བཟོ་ཅན་གྱི་དཀྲུམ་མདའ་གཅིག་རྩད་ཆོད་པ་རེད། 

     ས་གནས་ས་ཐོག་ཏུ་གློ་བུར་དུ་ཞིབ་བཤེར་དང་དུས་འགོར་འཚོལ་བསྡུ་བྱས་པའི་ཁུངས་སྣེ་འབོར་ཆེན་དང་ཟུང་འབྲེལ་བྱས་པ་བརྒྱུད། འཛིན་བཟུང་ཚོགས་ཆུང་གཞན་ཞིག་གིས་དཔའ་ལུང་རྫོང་ཆུ་འཁོར་ཁུལ་གསར་གྱི་སྡོད་ཁུལ་ག་གེ་མོ་ཞིག་ནས་ཝང་ཁྲེང་ཆེ་གེ་མོར་མེ་མདའ་འཚོང་མཁན་དོགས་ཡོད་ཉེས་ཅན་པ་མ་དབྱི་སི་ཆེ་གེ་མོ་བདེ་བླག་ངང་འཛིན་བཟུང་བྱས་པ་དང་། ཁོ་པའི་སྟོད་གོས་ཀྱི་པ་ཀའི་ནང་ནས་ཧའོ་སྨི་7.62ཡི་བཟོ་མདེལ་སྒམ་གཅིག་རྩད་ཆོད་པ་དང་དེའི་ནང་མདེའུ་25ཡོད་པ་རེད། གྱོད་གཞི་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་པ་གཉིས་ཀྱིས་ཁྲིམས་འགལ་ངང་མེ་མདའ་ཉོ་ཚོང་བྱས་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད། མིག་སྔར་ཝང་ཁྲེང་ཆེ་གེ་མོ་དང་མ་དབྱི་སི་ཆེ་གེ་མོ་གཉིས་མཁར་དཀྱིལ་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེ་ཐག་གཅོད་བྱེད་བཞིན་པའི་སྒང་རེད།
     མི་དམངས་ཉེན་རྟོག་པས་རྒྱ་ཆེའི་མང་ཚོགས་ཀྱིས་མེ་མདའ་དང་འབར་གས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་ཧུར་ཐག་ཞུ་རྒྱུ་དང་། རང་འགུལ་ངང་ཉེན་ཡོད་འབར་གས་དངོས་རྫས་སྣ་ཚོགས་གོང་འབུལ་ཞུས་ཏེ་ཉེན་རྟོག་པ་དང་མི་དམངས་གཉིས་ཀ་ལག་གདང་སྦྲེལ་ནས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་བདེ་འཇགས་ཁོར་ཡུག་ཅིག་གཏོད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོན།