ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དབྱར་རྩྭ་དགུན་འབུའི་རིན་གོང་20%ཡན་འཕར་འདུག

སྤེལ་དུས 2022-06-27 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲུའུ་ཅིན་དབྱིས་གསར་འགོད་པར། ད་ལོ་དབྱར་རྩྭ་དགུན་འབུའི་ཐོན་ཚད་དེ་སྔོན་ལས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། ཉུང་མཐར་ཡང་གསུམ་ཆ་གཅིག་ཙམ་ཆག་ཅིང་། ད་ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་དེ་ན་ནིང་ལས་20%འཕར་བ་དང་། ན་ནིང་དང་བསྡུར་ན་དབྱར་རྩྭ་དགུན་འབུ་གསར་པ་རྐང་གཅིག་གི་རིན་གོང་སྒོར་7འཕར་བ་དང་དབྱར་རྩྭ་དགུན་འབུ་སྐམ་པོ་རྒྱ་མ་རེའི་རིན་གོང་སྒོར་ཁྲི་1.5ཙམ་འཕར་ཡོད་པ་རེད། 
    
      ཀྲུང་གོའི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་འཛམ་གླིང་ཐོན་ཚད་ཀྱི་98%ཟིན་གྱི་ཡོད་ཅིང་། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ཀྱིས་ཀྲུང་གོའི་60%ཡན་ཟིན་གྱི་ཡོད་ལ། དེ་ནི་འཛམ་གླིང་ཐོག་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོ་ཡིན་པ་དང་།  ཞིང་འབྲོག་པའི་ཡོང་འབབ་གལ་ཆེན་ཞིག་ཀྱང་རེད་ཅེས་བརྗོད།
      བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། སྤུས་ཚད་ལེགས་པའི་མཚོ་སྔོན་ཡུལ་ཤུལ་རྫ་སྟོད་རྫོང་གི་དབྱར་རྩྭ་དགུན་འབུའི་2021ལོའི་རིན་གོང་རྒྱ་མ་རེར་སྒོར་ཁྲི་4ནས་ཁྲི་6བར་ཡིན་པ་དང་། ལོའི་ཉོ་ཚོང་སྡོམ་འབོར་སྒོར་དུང་ཕྱུར་20ཙམ་ཟིན་ཡིན་ལ། ཉེ་བའི་ལོ་ལྔའི་རིང་དབྱར་རྩྭ་དགུན་འབུའི་རིན་གོང་བསྟུད་མར་འཕར་ཡོད། 
      མཚོ་སྔོན་ཞིང་ཆེན་འབྲོག་ལས་ཕྱུགས་སྨན་ཚན་རིག་ཁང་རྩྭ་ཐང་ཞིབ་འཇུག་སུའོ་ཡི་དབྱར་རྩྭ་དགུན་འབུ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལི་ཡུས་ལིང་གིས། ད་ལོ་དབྱར་རྩྭ་དགུན་འབུའི་ཐོན་ཚད་བཅུ་ཆ་གསུམ་ནས་བཅུ་ཆ་བཞི་བར་ཆག་ཡོད་མོད། འོན་ཀྱང་སྤྱིའི་ཆ་ནས་བརྗོད་ན་སྔར་བཞིན་རྒྱུན་གཏན་གྱི་ཁྱབ་ཁོངས་སུ་གཏོགས་པས་དེར་ཧ་ལས་དགོས་དོན་མེད། དེ་ནི་དབྱར་རྩྭ་དགུན་འབུའི་དམིགས་བསལ་གྱི་སྣང་ཚུལ་ཞིག་རེད་ཅེས་བརྗོད་ཡོད། 
  
      ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་ལས་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད་ཅིང་། དབྱར་རྩྭ་དགུན་འབུ་འཐུ་བ་དང་།  ལས་སྣོན། བྲིན་ཚོང་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ཐོན་ལས་མ་ལག་ཅིག་གྲུབ་ཡོད། དབྱར་རྩྭ་དགུན་འབུ་ཐོན་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི་7000ཟིན་པ་དང་། ལོའི་ཐོན་ཚད་ཏུན་100ཙམ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་180ཟིན་ཡོད་ལ། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་སྤྱིའི་ཐོན་ཚད་ཀྱིས་ཀྲུང་གོའི་དབྱར་རྩྭ་དགུན་འབུའི་བསྡོམས་འབོར་གྱི་60%ཡན་ཟིན་པ་དང་། འཛམ་གླིང་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་བསྡོམས་འབོར་གྱི་50%ཡན་ཟིན་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་པ་ཁྲི་390ལྷག་ཙམ་ལ་དབྱར་རྩྭ་དགུན་འབུའི་ཐོན་ལས་འཕེལ་རྒྱས་ཁྲོད་ནས་ཕན་པ་ཐོབ་ཡོད།