ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གྲོ་མོའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་སྤེལ་བ།

སྤེལ་དུས 2022-12-06 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
  ཟླ12པའི་ཚེས4ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྲོ་མོའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ“12·4”རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་དང་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱི་མཛད་སྒོ་སྤེལ་བ་རེད། མཛད་སྒོའི་ཐོག མི་དམངས་ཉེན་རྟོག་པ་ཚང་མས་གཡས་ལག་མཐོན་པོར་སྒྲེང་ནས“ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། ཁྲིམས་ཀྱི་གཏན་འཁེལ་བྱས་པའི་འགན་འཁྲི་ལག་བསྟར་བྱེད་པ་དང་། མེས་རྒྱལ་དང་མི་དམངས་ལ་བློ་སེམས་དཀར་བ། ལས་གནས་བརྟན་པོར་སྲུང་བ་དང་སྤྱོད་གཙང་གཞུང་སྒྲུབ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་འབད་པ་བྱ་རྒྱུ་ཡིན”ཞེས་དམ་བཅའ་བཞག མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་རྩ་ཁྲིམས་ལག་ལེན་གྱི་འགྱུར་མེད་བློ་སྟོབས་དང་ཆོད་སེམས་མངོན།
 
པར་འདི་ནི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་ཀྱི་རྣམ་པ་རེད།
  མཛད་སྒོ་མཇུག་སྒྲིལ་རྗེས། གྲོ་མོའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ“ཁྲིམས་ལུགས་ཀྱིས་གངས་ལྗོངས་མཐའ་མཚམས་སུ་དྲོད་ཁོལ་སྩོལ་བའི”བྱ་འགུལ་སྤེལ་བ་དང་། ཁྲིམས་ལུགས་སྒྲོག་འགྲེལ་དཔུང་ཁག་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ཁྱིམ་དུ་སོང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རྩ་ཁྲིམས་ཀྱི་དགོངས་དོན་སོགས་སྒྲོག་འགྲེལ་བྱས་པ་མ་ཟད། མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དྲིིལ་སྒྲོག་ཀློག་དེབ་འགྲེམ་གཏོང་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རྩ་ཁྲིམས་ཤེས་བྱ་ཡོངས་ཁྱབ་དུ་བཏང་།
 
པར་འདི་ནི་མི་དམངས་ཉེན་རྟོག་པ་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ཁྱིམ་དུ་སོང་ནས་ཁྲིམས་ལུགས་ཡོངས་ཁྱབ་སྒྲོག་འགྲེལ་བྱེད་བཞིན་པའི་རྣམ་པ་རེད།
  གྲོ་མོའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཏང་ཨུའི་ཧྲུའུ་ཅི་དར་རྒྱས་ཀྱིས“ཟླ12པའི་ཚེས4ཉིན་ནས་ཚེས10ཉིན་བར། ང་ཚོས‘ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི’བརྗོད་གཞིར་དམ་པོ་དམིགས་ནས། བཅའ་སྡོད་བྱ་ཡུལ་དུ་ཟབ་ཞུགས་བྱས་ནས་གཟའ་འཁོར་གཅིག་རིང་རྩ་ཁྲིམས་དང་ཁྲིམས་ལུགས་དྲིལ་སྒྲོག་གི་བྱ་འགུལ་སྤེལ་ཏེ། མང་ཚོགས་ཀྱིས་རྩ་ཁྲིམས་ལ་གོང་བཀུར་བྱེད་པ་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་དགའ་ཞེན་བྱེད་པར་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་བཤད། །
རྩོམ་སྒྲིག་པ། བདེ་སྒྲོན།