ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལ་ནི་ཉི་འོད་གྲོང་ཁྱེར་ལྷ་སའི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ཤིག་ཡིན་ཞིང་། དེའི་ལོ་རྒྱུས་ཡུན་རིང་དང་གནའ་བོའི་རིག་གནས་ལས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་དང་བསྔགས་བརྗོད་ཐོབ་ཡོད། འབྲས་ལྡན་སྟོན་དུས་འཆར་དུས་ཕོ་བྲང་པོ་ཏ་ལར་ཡང་ལོ་གཅིག་ནང་ཆེས་མཛེས་ཤོས་ཀྱི་དུས་ཚིགས་འཆར་གྱི་ཡོད། ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་མང་པོ་དང་བླངས་པར་འགྱུར་ནས། ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་སྐུ་དཀར་གསོལ་ཏེ་འཛམ་གླིང་གི་གནའ་བོའི་རིག་གནས་ཤུལ་བཞག་གི་སྐྲུན་དངོས་དེར་སྲུང་སྐྱོབ་དེ་བས་ལེགས་པོ་བྱེད་ཀྱི་ཡོད།
ཕོ་བྲང་པོ་ཏ་ལ།
ལོ་རྒྱུས་ཡུན་རིང་ལྡན་པའི་ཕོ་བྲང་པོ་ཏ་ལའི་སྐུ་དཀར་གསོལ་བའི་ལོ་རྒྱུས།
སྤྱི་ལོའི་དུས་རབས་བདུན་པར། སྲོང་བཙན་སྒམ་པོས་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་དམར་པོ་རིའི་སྟེང་ཕོ་བྲང་ཐོག་བརྩེགས་དགུ་ཅན་ཞིག་བཞེངས་པ་དེ་ཕོ་བྲང་པོ་ཏ་ལའི་ཐོག་མའི་རྣམ་པར་གྱུར་ཞིང་། 1645ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ཕོ་བྲང་པོ་ཏ་ལ་བསྐྱར་སྐྲུན་མཛད་དེ། སྔ་རྗེས་སུ་ཕོ་བྲང་དཀར་པོ་དང་། ལྕགས་རི། མཁར་སྒོ། ཟུར་ཁང་སོགས་བཞེངས་ཡོད། ལོ40ལྷག་ཙམ་སོང་རྗེས་བོད་ལྗོངས་ས་གནས་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པར་སྐུ་གདུང་བཞེངས་པར་མ་ཟད། གཞི་ཁྱོན་ཆེ་བའི་ཕོ་བྲང་དམར་པོ་ཡང་རྒྱས་སྐྲུན་མཛད་པ་རེད། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་སྔ་རྗེས་སུ་གསེར་གྱི་རྒྱ་ཕིབས་ལྔ་དང་ཞོར་གཏོགས་བཟོ་སྐྲུན་ཁག་གཅིག་མང་དུ་བཏང་བས་གཞི་ནས་ད་ལྟ་ང་ཚོའི་མཐོང་ཐུབ་པའི་ཕོ་བྲང་པོ་ཏ་ལའི་རྣམ་པ་རིམ་བཞིན་གྲུབ།
སྐུ་དཀར་གསོལ་བཞིན་པའི་ཕོ་བྲང་པོ་ཏ་ལའི་གྱང་ངོས།
ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའི་རིག་དངོས་ཞིབ་འཇུག་ཁང་གི་ཀྲུའུ་རེན་སྤེན་པ་ཆུང་བདག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་སྐུ་དཀར་གསོལ་སྲོལ་ནི་དུས་རབས་བཅུ་བདུན་པར་ཕོ་བྲང་དཀར་པོ་བསྐྲུན་རྗེས་གཞི་ནས་བྱུང་བ་ཞིག་ཡིན་མོད། འོན་ཀྱང་དེའི་དུས་ཚོད་གནད་ལ་འཁེལ་བའི་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་ཡིག་དང་ཚད་ལྡན་ཡིག་ཆའི་ནང་འཁོད་པ་སོགས་བལྟོས་བཅས་ཀྱིས་དཀོན་པོ་ཡོད། གྱང་ངོས་ཀྱི་ཚོས་གཞིའི་ཁྱབ་ཚུལ་དང་ལོ་རྒྱུས་ཀྱི་འབྱུང་ཁུངས་སོགས་ཚུད་པའི་བོད་ལྗོངས་ཀྱི་གནའ་བོའི་སྐྲུན་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་དག་མཛེས་རྒྱན་ནས་བལྟས་ཚེ། སྤྱི་ལོའི་དུས་རབས་བཅུ་གཅིག་ཙམ་ལ་སྐྲུན་དངོས་ཀྱི་གྱང་ངོས་ལ་དཀར་རྩི་བྱུག་སྲོལ་དེ་བོད་ལྗོངས་སུ་དར་འགོ་ཚུགས་ཡོད།
མང་ཚོགས་ཚོས་གྲལ་བསྟར་སྒྲིག་ནས་ཕོ་བྲང་པོ་ཏ་ལའི་གྱང་ངོས་ལ་སྐུ་དཀར་གསོལ་རྒྱུ་སྒུག་བཞིན་པ།
ཁ་དོག་བཞི་ཅན་མཛེས་ཤིང་བརྗིད་ཉམས་ལྡན། མཛེས་ཉམས་རྒྱབ་ནས་རིག་དངོས་སྲུང་སྐྱོབ་མངོན།
ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་སྐུ་དཀར་གསོལ་བར་ཚན་རིག་གི་གཞི་འཛིན་ས་གང་ཡང་མེད་པ་ཞིག་གཏན་ནས་མིན། དུས་ཚོད་དང་ཚོས་གཞི་གང་ནས་བལྟས་ཀྱང་ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་སྐུ་དཀར་གསོལ་བའི་ཐད་སྔོན་བྱོན་པའི་ཉམས་མྱོང་དང་བློ་གྲོས་གཅིག་ཏུ་འདུས་ཡོད།
ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་སྐུ་དཀར་གསོལ་བར་སྤྱིར་ན་ཉིན7ནས10བར་འགོར་གྱི་ཡོད་པ་དང་། བོད་ཟླ9པའི་ཚེས22ཉིན་གྱི་གོང་དུ་ཆ་ཚང་བྱུག་ཚར་དགོས། སྐབས་འདིར་ལྷ་སའི་ཆར་དུས་མཇུག་འགྲིལ་མ་ཐག་ཡིན་ལ། དགུན་དུས་ཀྱི་གྲང་ངར་ཡང་སླེབས་མེད་པས། ཚང་མས་ལོ་ལྟར་གྱི་དགུན་ཁ་མ་ཤར་གོང་སྐུ་དཀར་གསོལ་བའི་ལས་གྲྭ་ཆེན་པོ་དེ་ལེགས་སྒྲུབ་བྱེད་ཀྱི་ཡོད།
ཆེད་ལས་མི་སྣས་ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་སྐུ་དཀར་གསོལ་བཞིན་པ།
ཕོ་བྲང་པོ་ཏ་ལའི་གྱང་ངོས་ལ་ཁ་དོག་དཀར་པོ་དང་། དམར་པོ། སེར་པོ། ནག་པོ་བཅས་ཚོན་སྣ་མི་འདྲ་བ་བཞི་ཡོད་ཅིང་། སྤེན་པ་ཆུང་བདག་གིས་ངོ་སྤྲོད་བྱས་པར་གཞིགས་ན། གནའ་བོའི་སྐྲུན་དངོས་ལ་སྲུང་སྐྱོབ་བྱེད་པའི་ངོས་ནས་བརྗོད་ན། ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་བྱུག་པའི་ཁ་དོག་བཞི་པོ་དེས་ས་མཐོའི་གནའ་བོའི་སྐྲུན་དངོས་ལ་སྲུང་སྐྱོབ་ཐུབ་རྒྱུར་ཕན་པ་ཡོད། བོད་ལྗོངས་སུ་འཕྲེད་ཐིག་དམའ་བ་དང་། ས་བབ་མཐོ་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་བཅས་ཡོད་པས། ཕོ་བྲང་པོ་ཏ་ལའི་གྱང་ངོས་ཀྱི་ཁ་དོག་དཀར་པོར་ཚད་གཞི་ངེས་ཅན་གྱི་ཐོག་ནས་དགུན་དྲོ་དབྱར་བསིལ་གྱི་ཁྱད་ཆོས་ལྡན་ལ། ཚ་སེལ་བྱེད་བདེ་བའི་ནུས་པའང་ལྡན། ཁ་དོག་དམར་པོ་དང་ནག་པོས་སྐྲུན་དངོས་ཀྱི་འོད་དང་ཚ་བ་སྡུད་བདེ་བ་དང་། ཕྲ་རྒྱན་སེར་པོ་བཏབ་པ་དེས་སྐྲུན་དངོས་ཀྱི་ཚ་བ་གཅོག་ཐུབ་ཀྱི་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཕོ་བྲང་པོ་ཏ་ལའི་ངོས་ནས་བརྗོད་ན། ཁ་དོག་བཞི་པོས་མཛེས་རྒྱན་སྤྲས་པ་དེ་ཕྱི་ངོས་མཛེས་ལ་བརྗིད་ཉམས་ལྡན་པ་ཙམ་མིན་པར“རང་ངོས་སྲུང་སྐྱོབ”བྱེད་པའི“གོ་མཚོན་རྣོན་པོ་ཞིག”ཀྱང་ཡིན།
ཆེད་ལས་མི་སྣས་ཕོ་བྲང་པོ་ཏ་ལའི་གྱང་ངོས་སུ་སྐུ་དཀར་གསོལ་བཞིན་པ།
སྐུ་དཀར་ནང་དུ་འོ་མ་ཚད་ལྡན་འདྲེས། རིག་དངོས་དག་ལ་མཉམ་དུ་སྲུང་སྐྱོབ་བྱེད།
ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བའི་དུས་ཚིགས་འཆར་དུས་བོད་རིགས་མང་ཚོགས་ཚོས་རང་འགུལ་ངང་ས་གནས་ཁག་ནས་ལས་གྲྭ་ཆེན་པོ་དེར་ཞུགས་པར་ཡོང་གི་ཡོད། ཆུ་ཟོམ་དང་སླེལ་པོ་ནི་ཁོང་ཚོའི་ཡོ་བྱད་ཡིན་ལ། འོ་མ་དང་སྦྲང་རྩི་ནི་ཁོང་ཚོས་འཁྱེར་ཡོང་བའི་རྒྱུ་ཆ་ཡིན་ཞིང་། མ་གཞི་ལུས་ཡོངས་དཀར་པོར་འགྱུར་ཡང་གདོང་ལས་སྔར་བཞིན་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བཞིན་མཆིས། “ཕོ་བྲང་པོ་ཏ་ལའི་འོ་མའི་གྱང”ཞེས་པའི་བརྗོད་གཞི་དེའང་སྐབས་དེར་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སྣ་ཚོགས་སུ་ཐོན་གྱི་ཡོད་ལ། ཡུལ་སྐོར་བ་ཚོས་ཀྱང་སྐབས་དེར་ཕོ་བྲང་པོ་ཏ་ལའི“འོ་མའི་གྱང”གསར་ཤོས་ལ་ལྟ་བར་ཡོང་འདོད་ཡོད།
ཆེད་ལས་མི་སྣས་སྡེབ་སྦྱོར་བྱས་ཟིན་པའི་དཀར་རྩི་གཏོར་ཆས་ནང་བླུགས་བཞིན་པ།
ཕོ་བྲང་པོ་ཏ་ལའི་གྱང་དཀར་པོ་དེ་དག་དངོས་གནས“འོ་མའི་གྱང”རེད་དམ། དེའི་ལན་ནི་འོ་མ་འདུས་མོད། འོན་ཀྱང་འདུས་ཚད་ཧ་ཅང་ཉུང་ཉུང་རེད། དེ་ཡང་ཕོ་བྲང་པོ་ཏ་ལར་དམིགས་བསལ་གྱི་ཁ་དོག་མི་འདྲ་བ་བཞི་ཡོད་པས་གཞུང་དྲང་བབ་ཆགས་ཀྱི་ས་གནས་དེ་གའི་མང་ཚོགས་ཚོས་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་རོགས་ཡོང་སྐབས་རང་ཁྱིམ་གྱི་འོ་མ་དང་། སྦྲང་རྩི། ཁ་ཆེ་གུར་གུམ། བྱེ་མ་ཀ་ར་སོགས་འཁྱེར་ནས་དཀར་རྩིའི་རྒྱུ་ཆའི་ནང་འདྲེས་ཀྱི་ཡོད། དེ་ལྟར་བྱས་ཚེ་གཅིག་ནས་དངོས་པོ་དེ་དག་གི་ཁ་དོག་དང་གྱང་ངོས་ཀྱི་ཁ་དོག་འདྲ་བ་དང་། གཉིས་ནས་འབྱར་བག་གར་བའི་མ་བཅོས་རྒྱུ་ཆའི་འབྱར་གཤིས་ལས་གྱང་ངོས་གོག་དཀའ་བར་འགྱུར་བ། གསུམ་ནས་ཕོ་བྲང་པོ་ཏ་ལ་འདི་ཉིད་བོད་རིགས་མང་ཚོགས་ཚོའི་སེམས་སུ་དམིགས་བསལ་གྱི་གནས་བབ་ལྡན་པས་གཞུང་དྲང་བབ་ཆགས་ཀྱི་བརྩེ་སེམས་ལས་བྱུང་བ་བཅས་རེད།
“ཕོ་བྲང་པོ་ཏ་ལའི་གྱང་ངོས་ཀྱི་སྐུ་དཀར་རྒྱུ་ཆ་གཙོ་བོ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་དང་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་རྒྱུད་ཀྱི་ཀའོ་ལིང་ས་དཀར་ཏེ་ང་ཚོས་རྒྱུན་དུ་དཀར་རག་ཅེས་འབོད་པ་དེ་རེད། དཀར་རྩིའི་འབྱར་ཚི་དང་འོད་མདངས་ཡག་པོ་ཡོང་བ་བྱ་ཆེད། དཀར་རག་ནང་ཆུ་བསྲེས་རྗེས་འོ་མ་དང་། བྱེ་མ་ཀ་ར། ནོར་རུས་ཀྱི་སྤྱིན། རྩི་ཤིང་གི་སྤྱིན་སོགས་ཀྱི་རྒྱུ་ཆ་འདྲེས་ཡོད། ཕོ་བྲང་པོ་ཏ་ལར་རིག་དངོས་སྲུང་སྐྱོབ་ཀྱི་ལས་ཀ་ཡུན་རིང་བྱེད་མྱོང་བའི་བཟོ་བོ་ཚོས་དེ་དག་སྡེབ་སྦྱོར་བྱེད་པ་དང་། རྒྱུ་ཆ་ཚང་མའི་བསྡུར་ཚད་ནི་བཟོ་བོ་ཚོའི་ཡུན་རིང་གསོག་འཇོག་བྱས་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ལས་བྱུང་བའི་སྡེབ་སྦྱོར་གྱི་ཇུས་གཞི་ཡག་ཤོས་དེ་རེད། འོན་ཀྱང་མང་ཚོགས་ཚོས་རོགས་རམ་བྱེད་པའི་བརྒྱུད་རིམ་ཁྲོད་ང་ཚོས་སྡེབ་སྦྱོར་བྱས་ཟིན་པའི་དཀར་རྩིའི་ནང་ཁོང་ཚོས་འཁྱེར་བའི་འོ་མ་སོགས་བླུགས་པའི་གནས་ཚུལ་རྟག་ཏུ་འཕྲད་ཀྱི་འདུག ང་ཚོས་མང་ཚོགས་ཚོའི་གཤིས་བཟང་བབ་ཆགས་ལ་བསམ་ཤེས་ཐུབ་ཀྱི་འདུག་མོད། འོན་ཀྱང་དོན་དངོས་ཐོག་དཀར་རྩིའི་སྡེབ་སྦྱོར་ཚད་གཞིར་འགྱུར་ལྡོག་བཏང་ཚེ་སྔར་ཡོད་ཀྱི་འབྱར་ཚད་དང་འོད་མདངས་ཚང་མར་འགྱུར་ལྡོག་འགྲོ་སྲིད་པས། རིག་དངོས་སྲུང་སྐྱོབ་བྱེད་པར་ཕན་ཐོགས་མེད”ཅེས་སྤེན་པ་ཆུང་བདག་གིས་བཤད་པ་དང་། ཁོང་གིས། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་ཀྱང་ལོ་ལྟར་སྐུ་དཀར་གསོལ་བའི་དུས་ཚིགས་སུ་མང་ཚོགས་དང་ཡུལ་སྐོར་བར་རིག་དངོས་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་གི་ཡོད་པས། མང་ཚོགས་དང་ཡུལ་སྐོར་བ་ཚོ་སྐུ་དཀར་གསོལ་བའི་ནང་ཞུགས་སྐབས་སྒྲིག་ལམ་ལ་བརྩི་སྲུང་ཞུས་ནས་རིག་གནས་ཤུལ་བཞག་དེར་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་རྒྱུ་ཆ་སྡེབ་སྦྱོར་ནན་ཏན་བྱེད་བཞིན་པ།
“གྱང་མངར་མོ”ལས་ལྷད་མེད་བརྩེ་སེམས་མངོན། མི་རིགས་མཐུན་སྒྲིལ་དེ་བས་བརྟན་དུ་བཏང་།
ཕོ་བྲང་པོ་ཏ་ལའི་སྐུ་དཀར་གསོལ་ཡུལ་དུ་ལོ་ལྟར་རྒྱུན་མཐུད་ཞུགས་མཁན་གྱི་ལྷ་སའི་གྲོང་མི་ཡོད་པ་དང་། ཐག་རིང་གི་ཆབ་མདོ་དང་ནག་ཆུ་སོགས་ནས་ཆེད་མངགས་ཡོང་མཁན་གྱི་མང་ཚོགས་ཡོད་ལ། དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ཡོང་མཁན་གྱི་ཡུལ་སྐོར་བའང་ཡོད། ཁོང་ཚོ་ལོ་ན་ཆེ་ཆུང་དང་ཕོ་མོའི་དབྱེ་བ་མེད་པར་ལྷ་སའི་སྟོན་དུས་ཀྱི་དྲོ་སྐྱིད་ལྡན་པའི་ཉི་འོད་ཁྲོད་སྤྲོ་སེམས་རབ་ཏུ་འཁོལ་བའི་འཛུམ་མདངས་སྟོན་བཞིན་སྐུ་དཀར་གསོལ་བའི་བྱེད་སྒོའི་ནང་ཞུགས་ཀྱི་ཡོད།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའི་རིག་དངོས་ཞིབ་འཇུག་ཁང་གི་ཀྲུའུ་རེན་སྤེན་པ་ཆུང་བདག(གཡོན)དང་སྐུ་དཀར་གསོལ་བའི་བྱེད་སྒོའི་ནང་ཞུགས་མཁན་གྱི་མང་ཚོགས་ཚོ།
ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་རྒྱུ་ནི་ལོ་རྒྱུས་ཀྱི་རྒྱུན་འཛིན་ཞིག་ཡིན་ལ། ལོ་ངོ300ལྷག་ཙམ་རྒྱུན་མཐུད་པའི་གངས་ལྗོངས་ཀྱི་གནའ་བོའི་སྐྲུན་དངོས་ལ་སྲུང་སྐྱོབ་བྱེད་པ་ཞིག་ཀྱང་རེད། སྔོན་ཆད་ཀྱི་བོད་རིགས་མེས་པོ་ཚོ་ཡིན་ནའང་འདྲ། ཡང་ན་དེང་རབས་ཆེད་ལས་ཀྱི་རིག་གནས་སྲུང་སྐྱོབ་མཁན་དང་དེ་བཞིན་རང་འགུལ་ངང་དེའི་ནང་ཞུགས་མཁན་གྱི་ས་གནས་ཁག་གི་མང་ཚོགས་ཚོ་གང་ཡིན་རུང་། ཁོང་ཚོས་རང་ཉིད་ཀྱི་ལས་བརྩོན་དང་། བློ་རིག ཉམས་མྱོང་བཅས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་མཆོག་ནོར་ཐུན་མོང་ཐོག་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་བཞིན་ཡོད།
ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བ་ནི་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་ཡིན་པས། ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཡིན་ནའང་འདྲ། ཡང་ན་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་ས་གནས་ཁག་གི་ཡུལ་སྐོར་བ་ཚོ་གང་ཡིན་རུང་། ཁོང་ཚོ་ཚང་མས་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བ་བརྒྱུད་སྤྲོ་སྣང་མཚོན་ཐབས་བྱེད་ཀྱི་ཡོད། ཁོང་ཚོ་དེའི་ནང་ཞུགས་འདོད་ཡོད་ལ། དེའི་ནང་ཞུགས་རྒྱུར་དགའ་པོ་ཡོད་པ་དང་། དེའི་ནང་ཞུགས་པ་བརྒྱུད་སྤྲོ་སྣང་འཕེལ་བར་བྱེད་པ། དེའི་ནང་ཞུགས་པ་བརྒྱུད་སྟོབས་ཤུགས་འཕེལ་ཐབས་བཅས་བྱེད་ཀྱི་ཡོད།
ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བཞིན་པའི་མང་ཚོགས་ཚོ།
ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བ་ནི་ས་མཐོའི་གནའ་བོའི་སྐྲུན་དངོས་དང་མི་རིགས་ཀྱི་རིག་གནས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཞིག མཛེས་སྡུག་ལྡན་པའི་འཚོ་བར་མྱོང་རོལ་བྱེད་པ་ཞིག་བཅས་རེད། ཕོ་བྲང་པོ་ཏ་ལའི་གཤམ་དུ་མི་རིགས་ཁག་གི་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དག་ལོ་གཅིག་དུས་གཅིག་གི་སྐུ་དཀར་གསོལ་བའི་བྱེད་སྒོར་བཅོལ་ནས། དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་བདེན་དཔང་བྱེད་ཀྱི་ཡོད།