གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

སེ་ར་ཕུར་མཇལ།

སྤེལ་དུས 2018-07-18 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། མི་གསལ།
          དེ་ཡང་ཕུར་པ་འདི་ཉིད་ནི་སྐྱེ་འགྲོ་ཡོངས་ལ་ལྷ་སྲིན་སྡེ་བརྒྱད་དང་ས་བདག་ཀླུ་གཉན་སོགས་ཀྱི་གནོད་པ་འཇོམས་ནུས་པའི་ཡི་དམ་ཁྱད་པར་ཅན་ཞིག་ཡིན། སྔོན་ཆོས་སྐུ་ཀུན་ཏུ་བཟང་པོས་ཆོས་སྐོར་རྣམས་བཀའ་བསྩལ་པ་དང་དེའི་སྐབས་སུ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ནས་ཕུར་པ་ཟབ་ཆོས་དང་བཅས་པ་རྒྱ་གར་བསིལ་བ་ཚལ་དུ་གཏེར་དུ་སྦས་པ་དང་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གཏེར་ནས་བཞེས་ཏེ་ཕུར་ལུགས་བོད་ཁམས་ཡུལ་དུ་སྤེལ་བ་དང་དུས་རབས་བརྒྱད་པར་སློབ་དཔོན་གྱིས་སླར་ཡང་བྲག་ཡེར་པའི་འདབས་རོལ་དུ་གཏེར་དུ་སྦས། དུས་རབས་༡༣ནང་གྲུབ་ཐོབ་དར་འཕྱར་བས་གཏེར་ནས་བཞེས་ཏེ་རྒྱུད་པ་བར་མི་ཆད་པ་བྱུང་།
          དུས་རབས་༡༥ནང་སེར་བྱེས་གྲྭ་ཚང་ཕྱག་འདེབས་མཁན་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་ཕ་མེས་ཀྱི་ཐུགས་དམ་གྱི་རྟེན་དེ་ཉིད་གྲྭ་ཚང་དེར་བཞག་གནང་མཛད། དུས་རབས་༡༧ནང་རྒྱལ་བ་ལྔ་པ་ཆེན་པོས་ཕུར་པ་དེ་སེར་དགོན་ནས་གཡར་གནང་མཛད་དེ་ཕོ་བྲང་དང་པོ་ཚུགས་ཡུལ་འབྲས་སྤུངས་དགོན་དུ་རྒྱ་ཆེའི་མང་ཚོགས་ལ་མཇལ་ཁ་གནང་བས་དེ་ནས་བཟུང་ཕུར་མཇལ་གནང་བའི་སྲོལ་དར། ལོ་ལྟར་བོད་ཟླ་༡༢ཚེས་༢༧ཉིན་སེར་བྱེས་མཁན་པོས་ཕུར་མཇལ་གནང་གི་ཡོད། ཕུར་མཇལ་ཉིན་སེར་བྱེས་གྲྭ་ཚང་གི་ལས་སྣེས་གཟབ་མཆོར་སྤྲས་ཏེ་ཕོ་བྲང་པོ་ཏ་ལར་གདན་ཞུས་ཀྱིས་མཐོ་རིམ་གྱི་མི་སྣར་ཕུར་མཇལ་དང་བཀའ་ཤག་གི་གདན་ཞུའི་བྱེད་སྒོ་ཁག་བསྒྲུབས་རྗེས་སེ་རར་ཕྱིར་ལོག་གིས་སེར་སྐྱ་ཡོངས་ལ་ཕུར་མཇལ་གཏོང་གི་ཡོད། སྤྱི་ལོ་༡༩༨༢ལོར་སེར་བྱེས་གཙང་པ་ཁམས་ཚན་གྱི་དགེ་བའི་བཤེས་གཉེན་རྒན་ལྷུན་གྲུབ་ཐབས་མཁས་མཆོག་ནས་སེ་ར་ཕུར་མཇལ་གནང་བ་ནས་ད་བར་མ་ཉམས་རྒྱུད་འཛིན་གནང་བཞིན་མཆིས་སོ། །
          ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ནི། སེར་བྱེས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་མཇལ་བའི་དུས་ཆེན་དེར་ཡོངས་གྲགས་སུ་སེ་ར་ཕུར་མཇལ་ཞེས་ཟེར། སེར་བྱེས་གྲྭ་ཚང་གི་རྟེན་གཙོ་རྟ་མགྲིན་ཡང་གསང་ཡབ་ཡུམ་དང་། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་འདི་གཉིས་ནི་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས་ཁྱེད་ཡི་དམ་འདི་དང་ཕུར་པ་འདིར་མ་བྲལ་བ་གྱིས་ཞེས་ཕུལ་བར་གྲགས། དེ་ཡང་དང་ཐོག་ཕུར་པ་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་བསིལ་བའི་ཚལ་གྱི་མཆོད་རྟེན་གྱི་དྲུང་ནས་གཏེར་དུ་བཞེས་པ་ཡི་དམ་གྱི་གཙོ་བོར་མཛད་ཅིང་། དུས་ཕྱིས་བོད་ཀྱི་ཆོས་རྒྱལ་ལ་དབང་རྒྱུད་གདམས་པ་དང་བཅས་པ་གནང་ནས་ལྷོ་ནུབ་སྲིན་པོའི་གླིང་དུ་ཕེབས་སྐབས་རྟ་མགྲིན་ཡང་གསང་གི་ཆོས་སྐོར་དང་ལྷན་ཅིག་ཡེར་བ་སེ་བ་ལུང་གི་བྲག་ལ་གཏེར་དུ་སྦས། དེའི་རྗེས་སློབ་དཔོན་ཆེན་པོས་རྗེས་སུ་བཟུང་ཞིང་། ས་དང་པོ་ཐོབ་པ་གྲུབ་ཐོབ་མདའ་འཕྱར་པ་ཆེན་པོས་གཏེར་ནས་བཞེས་ཤིང་། གཙང་དུ་བྱོན། ས་སྐྱ་པཎ་ཆེན་སྐྱིད་གྲོང་དུ་ཕེབས་པ་དང་མཇལ། མདའ་འཕྱར་བས་ཞལ་འཆོལ་ནས་ཨོཾ་བཛྲ་ཀྱི་ལི་ཀྱི་ལ་ཡ་ཞེས་གསུངས་པ་ས་སྐྱ་པཎ་ཆེན་གྱིས་དེ་མ་དག །བཛྲ་ཀི་ལི་ཀི་ལ་ཡ་ཟེར་བ་ཡིན་གསུངས་པར་མདའ་འཕྱར་བས། སྔར་ཡང་བཛྲ་ཀྱི་ལི་ཡ། ད་ཡང་བཛྲ་ཀྱི་ལི་ཡ་སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས། བྲག་ལ་ཕུར་པ་བཏབ་པས་འདམ་ལ་ཟུག་པ་དང་ཁྱད་མེད་པ་བྱུང་བས། ས་སྐྱ་པཎ་ཆེན་གྱིས་ཁོང་གྲུབ་ཐོབ་ཏུ་མཁྱེན་ནས་མུ་སྟེགས་པ་དང་རྩོད་དུ་འགྲོ་བ་ཡིན་པས་དེའི་གྲོགས་སུ་ཁྱེད་འབྱོན་དགོས་གསུངས་ནས་མཉམ་དུ་ཕེབས། ས་སྐྱ་པཎ་ཆེན་དང་མུ་སྟེགས་པ་འཕྲོག་བྱེད་དགའ་བོ་གཉིས་བལ་བོད་ས་མཚམས་སུ་ཉིན་བཅུ་གསུམ་ལ་བརྩད་ནས། མཐར་ས་སྐྱ་པཎ་ཆེན་རྩོད་པ་ལས་རྒྱལ་ན་ཡང་གྲུབ་རྟགས་འགྲན་ཟེར་ནས་ནམ་མཁའ་ལ་འཕུར་བས། ས་སྐྱ་པཎ་ཆེན་གྱིས་མདའ་འཕྱར་བ་བོས་པས་ཁོང་གིས་ཕུར་པ་བཏབ་པས་མུ་སྟེགས་པ་བྱ་ལ་རྡོ་ཕོག་པ་བཞིན་ས་ལ་ལྷུངས་ཤིང་མུ་སྟེགས་པའི་རལ་པ་བྲེགས་ནས་དྲན་རྟེན་དུ་ཉར་བ་ས་སྐྱའི་གཙུག་ལག་ཁང་དུ་ཡོད། རྗེས་སུ་མུས་སྲད་དུ་བྱོན་ནས་གཙུག་ལག་ཁང་གི་རྟེན་གཙོར་ཕུར་པ་འདི་བཞག་པ་རིམ་གྱིས་བརྒྱུད་དེ། རྟོགས་ལྡན་ཡོན་ཏན་མགོན་པོའི་ཕྱག་ཏུ་བྱུང་བ་རང་གི་སྲས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེར་སྩལ། ཀུན་མཁྱེན་བློ་གྲོས་སེང་གེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་་མཁས་པ་གཉིས་ཀྱི་ཡ་གྱལ་ཡིན་པ་དེས་སེ་ར་ཐེག་ཆེན་གླིང་གི་མཁས་མང་བྱེས་པ་གྲྭ་ཚང་བཏབ་ཅིང་། ཕུ་པ་དེ་ནང་རྟེ་དུ་བཞུགས། རྗེས་སུ་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ལྔ་བ་ཆེན་པོས་ཕུར་བ་དེ་འབྲས་སྤུངས་སུ་གདན་དྲངས་ཏེ། མི་མང་ལ་མཇལ་ཁ་བཏང་བ་དེ་ནས་ཕུར་མཇལ་གནང་བའི་སྲོལ་དར། དེའི་རྗེས་རྩེ་ཕོ་བྲང་ནས་མཇལ་ཁ་གནང་གི་ཡོད་འདུག་ཀྱང་། རྗེས་སུ་ལོ་ལྟར་བོད་ཟླ་༡༢པའི་ཚེས་༢༧ཉིན་དུས་ཚོད་གཏན་འཁེལ་གྱིས་སེར་བྱེས་མཁན་པོར་ཕུར་མཇལ་གཏོང་དུ་བཅུག་པ་ཡིན་འདུག །དེ་ཉིན་སེར་བྱེས་གྲྭ་ཚང་གི་འདུ་ཁང་ནང་རྟ་མགྲིན་ཡང་གསང་གཙོར་བཞུགས་ཀྱིས་གོས་ཐང་ཆེན་པོ་ཞིག་བཤམས། སྒོ་འཕྱོར་ལ་མཆོད་རྫས་གཟབ་རྒྱས་སྤྲས། སྒོ་འཕྱོར་འོག་ནུབ་ངོས་རྩིག་འགྲམ་དུ་བཞུགས་ཁྲི་རྒྱབ་ཡོལ་བླ་བྲེ་སོགས་ཕུན་སུམ་ཚོགས་པ་བཤམས། ཞོགས་པ་སྔ་པོ་ནས་སེར་བྱེས་དབུ་མཛད་སོགས་ལས་སྣེ་རྣམས་གཟབ་མཆོར་སྤྲས་ཤིང་། རྟ་ཧྲག་བསྒྲིགས་ཏེ་ཕུར་པ་དེ་༧གོང་ས་མཆོག་དང་བླ་དཔོན་ཆེ་ཁག་གི་སར་མཇལ་ཁ་ཕུལ་གྲུབ་རྗེས་སེ་རར་ལོག །སེར་བྱེས་མཁན་པོ་སྒོ་འཕྱོར་འོག་གི་ཁྲི་དེའི་སྟེང་དུ་གོས་བེར་དང་པཎ་ཞྭ་སེར་པོ་མནབས་ཏེ་བཞུགས་ཤིང་། ཕུར་པ་ཕྱག་ཏུ་ཐོགས་ནས་ཡི་དམ་གྱི་གཟུངས་སྔགས་བགྲང་བཞིན་མཇལ་ཞུ་བ་རེ་རེའི་མགོ་བོར་བྱིན་རླབས་གནང་བ་ཡིན། ཕུར་པ་འདི་ཤིན་ཏུ་བྱིན་ཅན་ཞིག་ཏུ་བརྩིས་ནས་ལོ་ལྟར་གོང་ཚེས་ཉིན་མཇལ་ཁ་གཏོང་སྐབས་ཉེ་འདབས་གྲོང་གསེབ་པ་དང་། ལྷ་ས་བ་མང་པོ་མཆོད་མཇལ་དུ་བསྐྱོད་སྲོལ་ཡོད། ཕུར་པ་འདིའི་སྐོར་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཏུ་ཞིབ་ཕྲ་དང་གསལ་པར་བཞུགས། འཕགས་ཡུལ་གྲྭ་ཚང་འདིར་ཡང་ལོ་ལྟར་བོད་ཟླ་༡༢པའི་ཚེས་༢༧ཉིན་སྔར་སྲོལ་རྒྱུན་འཛིན་བྱས་ཏེ། བོད་ནས་གདན་དྲངས་པའི་རག་ལས་གྲུབ་པའི་ཕུར་པ་ཁྲོ་ཞལ་གསུམ་པ་རྟ་མགོ་ཅན་བྱིན་རླབས་ཀྱི་ཚན་ཁ་གཞན་དང་མི་འདྲ་བ་དེ་ཉིད་ལ་ཕུར་མཇལ་བྱེད་པའི་ཕྱག་སྲོལ་བཟང་པོ་མ་ཉམས་པར་ཡོད་པ་ལགས།