གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

འོན་གྱི་བཀྲ་ཤིས་དོ་ཁ་དགོན་གྱི་ལོ་རྒྱུས།

སྤེལ་དུས 2018-08-09 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། རེབ་གོང་བསོད་ནམས་རྒྱལ།

        བཀྲ་ཤིས་དོ་ཁ་དགོན་ནི། ད་ལྟའི་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཁོངས་སུ་ཡོད་ཅིང་། ལྷོ་ཁ་རྩེད་ཐང་གྲོང་བརྡལ་ནས་ཡར་ཀླུང་གཙང་པོའི་བྱང་ཤར་གྱི་ཕྱོགས་སུ་སྤྱི་ལེ་དྲུག་ཡས་མས་ཀྱི་སར་གནས་པ་དང་། ཁྲི་སྨོན་གྲོང་ཞེས་པའི་ཤར་གྱི་རི་འབུར་སྟེང་མཆིས་སོ།། 
        ད་ལྟའི་དགོན་པ་འདིའི་མཚན་ཡོངས་སུ་འོན་གྱི་བཀྲ་ཤིས་དོ་ཁ་མངའ་རིས་གྲྭ་ཚང་ཞེས་འབོད་ཅིང་། དེ་ཡང་ལྷོ་ཁ་ས་ཁུལ་རྒྱ་ཚ་རྫོང་གི་ཆོས་འཁོར་རྒྱལ་དགོན་པ་ནས་མགོ་བཙུགས་ཏེ་མ་གླེང་ཚེ་དགོན་པ་འདིའི་ལོ་རྒྱུས་གླེང་ཐབས་མེད་པ་དེ་ལྟ་ན་འདི་ལྟར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་དགུང་གྲངས་སོ་བཞི་བར༼1509༽ལོར་ལྷོ་ཁ་རྒྱ་ཚ་རྫོང་གི་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱག་བཏབ་པ་དང་། སྤྱི་ལོ༼1541༽ལོར་ཚེ་སྟོད་མངའ་རིས་ཀྱི་ཆོས་རྒྱལ་འཇིག་རྟེན་དབང་ཕྱུག་པད་དཀར་སྡེ་དང་། བློན་པོ་ངག་དབང་རྣམ་རྒྱལ་གྱིས་རིན་པོ་ཆེའི་འབུལ་བ་དཔག་ཏུ་མེད་པ་དང་། རབ་བྱུང་ངང་པའི་ཁྱུ་འདྲ་བ་མང་པོ་ཕུལ་བ་རྣམས་གཞིར་མཛད་ནས་ཆོས་འཁོར་རྒྱལ་དུ། མཚན་ཉིད་གྲྭ་ཚང་གསར་དུ་བཙུགས་པས་མཚན་ཡང་མངའ་རིས་གྲྭ་ཚང་ཞེས་སུ་གྲགས་ཅིང་།མངའ་རིས་གྲྭ་ཚང་ཆོས་འཁོར་རྒྱལ་དུ་ལོ་བརྒྱ་ཕྲག་ཙམ་གྱི་རྗེས་ནས་རྒྱུ་རྐྱེན་མང་པོས་མུ་མཐུད་གནས་ཐབས་མ་བྱུང་བར། རྒྱལ་དབང་ལྔ་བ་ཆེན་པོའི་དུས་སུ་འོན་མདའ་གསས་ཁང་རྩེར་གནས་སྤོར་བ་དང་། གནས་དེ་ནི་ད་ལྟའི་བཀྲ་ཤིས་དོ་ཁ་དགོན་ནས་ལྷོ་རྩེད་ཐང་གི་ཕྱོགས་སུ་སྤྱི་ལེ་རེ་གཉིས་ཙམ་གྱི་སར་མཆིས་ལ་ད་ལྟ་དགོན་གྱི་ཞིག་རོ་ཙམ་ལས་ལྷག་མེད་པ་ཡིན་ནོ།།

         གནས་འདིར་ལྷོ་རུ་བཀྲ་ཤིས་ཐང་། ནུབ་ཏུ་བཀྲ་ཤིས་གཡང་འགྲོ། བྱང་དུ་བཀྲ་ཤིས་དོ་ཁ། ཤར་དུ་བཀྲ་ཤིས་ལྗོངས་ཞེས་བཀྲ་ཤིས་དགེ་མཚན་དུ་མས་ཕྱུག་པ་ཡིན་འདུག།  སྐབས་དེར་ཆོས་འཁོར་རྒྱལ་མངའ་རིས་གྲྭ་ཚང་དུ་མཁན་ཐོག་ཉེར་དྲུག་པ་གུ་གེ་བ་བརྩོན་འགྲུས་རྒྱལ་མཚན་ཡིན་པ་དང་། ཁོང་གིས་གོང་ས་ལྔ་པ་ཆེན་པོར་གྲྭ་ཚང་གནས་སྤོར་གྱི་སྙན་འབུལ་འཐུས་མཆན་ཞུས་པ་བརྒྱུད་ཆོས་འཁོར་རྒྱལ་མངའ་རིས་གྲྭ་ཚང་འོན་མདའ་གསས་ཁང་རྩེར་གནས་སྤོར་བ་ཡིན་འདུག།  
        ལོ་རྒྱུས་དེ་དག་ལ་གཞིགས་ནས་ཆོས་འཁོར་རྒྱལ་གྱི་མངའ་རིས་གྲྭ་ཚང་འདི་གར་གནས་སྤོར་བའི་དུས་ནི་སྤྱི་ལོ༼1660ནས1670༽བར་ཡིན་པར་ཚོད་དཔག་གནང་མཁན་མཁས་པ་རེ་འགའ་ཡོད་པ་ཡིན་ནོ།། དུས་དེ་ནས་བཟུང་འོན་གྱི་བཀྲ་ཤིས་དོ་ཁའམ་རྗེ་ཙོང་ཁ་པ་ཆེན་པོས་ཉིན་གཅིག་ལ་དབུ་སྐྲ་ལན་བདུན་བསིལ་ཏེ་དབྱར་གནས་མཛད་པའི་གནས་དེ་ནི་མངའ་རིས་གྲྭ་ཚང་གི་དགོན་ལག་གམ་རི་ཁྲོད་གསུམ་གྱི་གྲས་སུ་གྱུར། མངའ་རིས་གྲྭ་ཚང་འདི་གར་གནས་མ་སྤོར་བའི་ཡར་སྔོན་ནམ་སྔོན་གྱི་དུས་སུ་འོན་གྱི་བཀྲ་ཤིས་དོ་ཁ་ནི། གཞི་གསུམ་གྱི་ཕྱག་ལེན་ཡང་དག་ཏུ་ཚུགས་པའི་དགོན་པའི་རྣམ་པར་གནས་པའམ། ཡང་ན་རི་ཁྲོད་སྒྲུབ་གནས་ཀྱི་ཚུལ་དུ་ཡོད་པ། ཐོག་མའི་ཆར་སུ་ཞིག་གིས་ཕྱག་བཏབ་པ་སོགས་ལོ་རྒྱུས་རྒྱུ་ཆ་ཕྲན་གྱིས་མ་རྙེད་པ་ལས་གཞན། མང་པོ་ཞིག་ལ་བཀའ་འདྲི་ཞུས་ཀྱང་གསལ་ཁ་ཐོན་པའི་ལན་མ་རྙེད་དོ།། 

                   སྤྱི་ལོ1959 གོང་རོལ་དུ་མངའ་རིས་གྲྭ་ཚང་ནས་བཀྲ་ཤིས་དོ་ཁར་དགེ་སློང་བཅུ་དྲུག་རྒྱུན་ཆགས་སུ་གཏོང་བའི་སྲོལ་མ་ཉམས་པར་ཡོད་ཅིང་། དེའི་རྗེས་སུ་རིག་གསར་གྱི་རླུང་རླབས་དྲག་པོའི་ཁྲོད་མངའ་རིས་གྲྭ་ཚང་དང་བཀྲ་ཤིས་དོ་ཁ་གཉིས་ཆར་ཆག་འཇིག་ཡ་ང་བ་བྱུང་བ་དང་། སྤྱི་ལོ1984ལོར་དགོན་པ་ཉམས་གསོའི་དུས་སུ་དཔལ་འབྱོར་གྱི་ཆ་རྐྱེན་སོགས་རྒྱུ་རྐྱེན་དུ་མས་མངའ་རིས་གྲྭ་ཚང་ཐེངས་གཉིས་པའི་གནས་སྤོ་མཛད་དེ་བཀྲ་ཤིས་དོ་ཁར་གནས་གཞི་བཟུང་བ་དང་། དུས་དེ་ནས་བཀྲ་ཤིས་དོ་ཁ་དང་མངའ་རིས་གྲྭ་ཚང་གཉིས་གཅིག་དྲིལ་མཛད་དེ་ད་ལྟའི་བཀྲ་ཤིས་དོ་ཁ་དགོན་པའི་རྣམ་པ་གསར་བ་འདི་བཞིན་བྱུང་བ་ལགས་སོ།། 
         ཡིན་ཡང་མི་དབང་གྲགས་པ་རྒྱལ་མཚན་གྱིས་སྤྱི་ལོ1414ལོར་རྗེ་ཙོང་ཁ་པ་ཆེན་པོ་གནས་འདིར་སྤྱན་དྲངས་ཏེ་དབྱར་གནས་སུ་བཞུགས་པ་ཡོངས་གྲགས་རྩོད་མེད་ཡིན་པ་དང་། ལོ་རྒྱུས་ཡིག་ཆར་སྐབས་དེ་ཤེད་དུ་བཀྲ་ཤིས་དོ་ཁར་གཉུག་མར་གནས་པའི་དགེ་སློང་བརྒྱ་ཕྲག་བཞུགས་པར་བཤད་པ་དེ་ལྟ་ན་སྐབས་དེ་དུས་དགོན་པ་ཡིན་ཡང་སྲིད་པ་ཞིག་གོ།  གཞན་ཡང་དབྱར་དུ་གནས་པར་ཡིན་གཅིག་གཞི་གསུམ་གྱི་ཕྱག་ལེན་ཡོད་པའི་དགོན་པར་གནས་དགོས་མིན་ཡང་དཔྱད་གཞི་ཆེའམ་སྙམ། 
        སྤྱི་ལོ1959 ཡར་སྔོན་ལ་མངའ་རིས་གྲྭ་ཚང་འདི་ཉིད་དུ། གྲྭ་བ་སུམ་བརྒྱ་ཙམ་བཞུགས་པ་དང་། ཧ་ཅང་རྒྱས་ཆེ་དུས་སུ་གྲྭ་བཙུན་བཞི་བརྒྱ་ལྔ་བརྒྱ་ཡང་ཡོད་པར་བཤད་དོ།། དེ་མིན་མཁས་གྲུབ་གཉིས་ལྡན་གྱི་དམ་པ་ཡང་གནས་འདི་ནས་མང་དུ་བྱོན་པར་མ་ཟད།  ཆོས་འདོད་ན་མངའ་རིས་གྲྭ་ཚང་ལ་སོང་། ཞེས་ཀྱང་བཤད་སྲོལ་ཡོད་པར་གྲགས་སོ།། དགོན་པ་འདིར་ང་དགུའི་དུས་ཟིང་གི་བར་དུ་མཁན་ཐོག་བརྒྱ་དང་བཅུ་མེད་དགུ་བྱོན་པ་དང་།  ལྷ་རྟེན་ཆོས་གསུམ་ཡང་ཐུབ་དབང་དང་། རྗེ་ཡབ་སྲས་སོགས་ཧ་ཅང་མང་དུ་ཡོད་པ་ཡིག་ཚངས་སུ་གསལ་ལ། སེང་གེའི་འོ་མ་སྣག་ཚ་དང་རིན་ཆེན་བྱེ་མ་སྦྱར་ནས་བཞེངས་པའི་བཀའ་འགྱུར་འཛམ་གླིང་གཡས་བཞག་དང་། རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་ཤངས་ཁྲག་ལས་གྲུབ་བཞེངས་མཛད་པའི་དགོན་འདིའི་ཆོས་སྲུང་དམར་ནག་གཉིས་ཀྱི་སྐུ་ཐང་དམ་སྦྱར་མ་གཉིས་སོགས་མང་དུ་ཡོད་པ་ཡིན་འདུག། གྲྭ་ཚང་འདིའི་འདོན་ཆོས་སྤྱོད་དང་ཕྱག་ལེན་ནི་ཆོས་འཁོར་རྒྱལ་མངའ་རིས་གྲྭ་ཚང་དང་ཇི་ལྟར་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་བྱེད་པར་མ་ཟད། ཡིག་ཆ་གཙོ་བོ་པཎ་ཆེན་ཤཱནྟི་པའི་གསུང་ཡིན་སྐད་དོ།།

         མདོར་ན་ད་ལྟ་དགོན་གཉིས་ཆིག་སྒྲིལ་བྱུང་བའི་གནས་མཆོག་བཀྲ་ཤིས་དོ་ཁ་འདི་ནས་སྤྱི་ལོ1414 ལོར་རྗེ་ཙོང་ཁ་པ་ཆེན་པོ་དབྱར་གནས་སུ་བཞུགས་པ་དང་། སྐབས་དེར་ཁོང་དགུང་ལོ་ང་བརྒྱད་དུ་ཕེབས་ཡོད་ཅིང་། དབྱར་གནས་ཀྱི་དུས་དེར་བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བདུན་གནས་འདི་ནས་བཞེངས་པ་དང་། རྗེ་ཐམས་ཅད་མཁྱེན་པས་གནས་འདི་ནས་ཉིན་གཅིག་ལ་དབུ་སྐྲ་སོར་ཕྱེད་དང་དོ་ལན་བདུན་ལ་བསིལ་བའི་མཛད་འཕྲིན་བསྐྱངས་ཏེ་སྐུ་བདུན་གྱི་གཟུངས་སུ་ཕུལ་བས་ན། ངོ་མཚར་ཆེ་ལ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྗེ་སྐུ་བཀྲ་ཤིས་དོ་ཁ་མ་ཞེས་ས་གསུམ་ན་སྙན་པར་གྲགས་པ་དག་ཀྱང་གནས་འདི་ནས་མཚན་དཔེའི་མེ་ཏོག་བཞད་པ་ལགས་སོ།། 
        གནས་འདི་ལ་བཀྲ་ཤིས་དོ་ཁ་ཞེས་འབོད་དོན་ནི། སྐུ་བརྙན་བདུན་ཉིན་གཅིག་ལ་བཞེངས་པར་བརྟེན་མ་བསྐམས་པར་མེ་ལ་བསྐམ་དགོས་བྱུང་བས། སྐུ་བརྙན་གྱིས་གསུང་བྱོན་ཏེ། བཀྲ་ཤིས་དུ་བ་ཁ་གི་འདུག། ཅེས་གསུང་པས་ན་བཀྲ་ཤིས་དོ་ཁའམ། བཀྲ་ཤིས་དུ་ཁ་ཞེས་པའི་མཚན་བྱུང་ཞེས་བཤད་དོ།། འོན་ནི་ལུང་པའམ་ས་མིང་ངོ་།། རྗེ་དགེ་འདུན་གྲུབ་པས་འཇམ་མགོན་བླ་མའི་ཞབས་ཀྱི་ཐོག་མ་ཟིན་ས་ཡང་གནས་མཆོག་འདི་ཉིད་ཡིན་ནོ།།

         ད་ལྟའི་ཆར་འོན་གྱི་བཀྲ་ཤིས་དོ་ཁ་དང་མངའ་རིས་གྲྭ་ཚང་གཅིག་ཏུ་སྒྲིལ་བའི་དགོན་པ་འདི་ཉིད་དུ་གྲྭ་བཙུན་དྲུག་ཅུ་ལྷག་ཙམ་བཞུགས་པ་དང་། ཆོས་ཀྱི་འཆད་ཉན་སླར་གསོ་དང་། ལྷ་རྟེན་ཆོས་གསུམ་གསར་བཞེངས། འདོན་ཆོས་དབྱངས་སོགས་ཕྱག་སྲོལ་ཉམས་པ་སོར་ཆུད་དང་མ་ཉམས་པ་རྒྱུན་འཛིན་གནང་མུས་ཡིན་ན་ཡང་། འཇམ་མགོན་བླ་མས་ཉིན་གཅིག་ལ་དབུ་སྐྲ་ལན་བདུན་དུ་བསིལ་བའི་གནས་གང་དེར་ཉམས་གསོའི་ཆོག་མཆན་མ་ཐོབ་པར་འདི་བཞིན་ཡོད་པ་པར་རིས་བཞིན་ནོ།། རྗེ་སྐུ་བཀྲ་ཤིས་དོ་ཁ་མ་བཞེངས་མཁན་གྱི་བཟོ་བོའི་ཐད་ལ། མཁས་གྲུབ་རིན་པོ་ཆེས་བཞེངས་པ་དང་། སྲས་ཀྱི་ཐུ་བོ་རྫུ་འཕྲུལ་ལ་དབང་བ་ཞིག་གིས་བཞེངས་པ། པཎ་ཆེན་བྱམས་པ་གླིང་པས་བཞེངས་པ།  བཀྲ་ཤིས་ཞུ་བའི་སྤྲུལ་བའི་བཟོ་བོས་བཞེངས་པ་སོགས་བཤད་ཚུལ་མི་འདྲ་བ་ཁ་ཤས་འདུག་པ་དེ་ལྟ་ན། འདི་ནས་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་པའི་གདེང་སྤོབས་ཅི་གང་མ་བྱུང་བ་ལགས་ན།  ཚུལ་འདིར་རྒྱུས་ཡོད་ཅིང་ཤེས་ནས་སྨྲ་བ་དག་གིས་སློབ་སྟོན་སྐྱེས་སུ་ཡོད་པ་ཅི་གནང་ཞེས།། རེབ་གོང་བསོད་ནམས་རྒྱལ་ནས། སྤྱི་ཟླ་ཚེས་ལ 2016: 6; 9 ཉིན་གུས་བཅས་ཕུལ།།
     མཆན། པར་དང་པོ་ནི། དགོན་པའི་སྒོ་བྱང་དང་། གཉིས་པ་ནི། བཀྲ་ཤིས་དོ་ཁའི་ཕྱིའི་བཀོད་པ། གསུམ་པ་ནི། གྲྭ་ཚང་འདུ་ཁང་། བཞི་བ་ནི། ཉམས་གསོ་མ་བྱུང་བའི་བཀྲ་ཤིས་དོ་ཁའི་གནས་རྙིང་། ལྔ་བ་རྗེ་བདག་ཉིད་ཆེན་པོས་དབུ་སྐྲ་ལན་བདུན་བསིལ་གནས་བཅས་སོ།།