གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

རྒྱ་རྒྱའི་ཐེག་ཆེན་ཆོས་ཀྱི་དར་རྒྱས་གླིང་གི་ལོ་རྒྱུས་མཚམས་སྦྱོར་རགས་བསྡུས།

སྤེལ་དུས 2018-09-10 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། རྒྱ་རྒྱའི་བརྩོན་འགྲུས་རྒྱ་མཚོ།
            རྒྱ་རྒྱའི་ཐེག་ཆེན་ཆོས་ཀྱི་དར་རྒྱས་གླིང་ཞེས་པའི་ཆོས་སྡེ་འདི་ཉིད་མདོ་སྨད་ཙོང་ཁ་བདེ་ཁམས་ཡུལ་གྱི་ས་འཛིན་ཙོང་ལ་རིང་མོའི་ཉེ་འགྲམ།རི་བོ་ཨ་མྱེས་ལྕང་ཤར་གྱི་འདབས་རོལ།བཱ་ཡན་བུ་རྒྱུད་བཅོ་བརྒྱད་ཀྱི་ནང་ཚན།དབང་རྒྱལ་བུ་རྒྱུད་དང་།ཆུ་འབུལ་བུ་རྒྱུད་ཀྱིས་གཞི་བཟུང་བའི་གནས་སུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་ཆགས་ཤིང་།ལྷ་སྡེར་ར་རྫ་དང་དགུན་ཚ།ཁ་གཡང་ནང་།ཧོར་གཙང་།དབང་རྒྱལ་རྒྱུད།ཆུ་འབུལ་རྒྱུད།ཙི་ག་ཐང་།རྩི་ཆགས་བཅས་ཚོ་བ་བདུན་ཡོད།
            ཆོས་སྡེ་འདི་ཉིད་གྲོ་ཚང་དགོན་དགེ་རྒྱས་བདེ་ཆེན་གླིང་སྟེ་གྲོ་ཚང་རྡོ་རྗེ་འཆང་གི་ཁྲི་ཐོག་པ་ཆེན་མོ།གྲོ་ཚང་སྐུ་ཕྲེང་སྒོམ་ཆེན་མཆོག་གིས་བོད་རབ་བྱུང་བཅུ་གཅིག་པའི་ནང་ལ་ཕྱག་བཏབ་གནང་ནས་ད་ལྟའི་བར་ལོ་ངོ་སུམ་བརྒྱ་བདུན་ཅུ་ལྷག་འདས་ཤིང་།གྲུབ་ཆེན་འབའ་འོག་སྐུ་ཕྲེང་རིམ་བྱོན་དང་ཐང་རིང་རྒྱལ་བ་སྐུ་ཕྲེང་ན་རིམ་ཀྱིས་བདག་སྐྱོང་མཛད།
            འདིར་འབའ་འོག་སྐུ་ཕྲེང་དང་པོ་ཨ་ཀ་བསོད་ནམས་བཟང་བོ་(-༡༧༤༩)དང་།རྒྱ་རྒྱའི་ཤེས་རབ་(༡༩༡༢-༡༩༧༣)།རྒྱ་རྒྱའི་སྐལ་བཟང་(-༡༩༧༡)།རྒྱ་རྒྱའི་རིག་འཛིན་(༡༨༨༨-༡༩༣༧)།རྒྱ་རྒྱའི་ཚུལ་ཁྲིམས།རྒྱ་རྒྱའི་ཡོན་ཏན།རྒྱ་རྒྱའི་མཆོག་ལྡན།སྨན་རམས་པ་ཆེན་མོ་ཚུལ་ཁྲིམས་རྒྱ་མཚོའམ་སྨན་པ་གསེར་སོ་(༡༩༡༢-༡༩༨༡)།ཨ་ལགས་རྒྱ་མཚོ་སོགས་བསྟན་འགྲོའི་དཔུང་གཉེན་ཏུ་གྱུར་པའི་སྐྱེས་ཆེན་མང་པོ་བྱོན་པ་ལས་སྙན་པའི་གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་འཕྱང་།
            རིམ་བཞིན་ཚོགས་ཆེན་འདུ་ཁང་དང་།བྱམས་ཁང་།སོ་རབ་འབྱམས་པས་བཞེངས་པའི་སོ་ལྷ་ཁང་དང་།སྟག་བླ་མ་གྲུབ་ཆེན་གྱིས་བཞེངས་པའི་སྟག་ལྷ་ཁང་།གཞན་བྱང་ཆུབ་མཆོད་རྟེན།འབུམ་ཁང་།མ་ཎི་འཁོར་ཁང་སོགས་དམ་པ་གོང་མ་རྣམ་པས་རིམ་གྱིས་བཞེངས་པའི་གཙུག་ལག་ཁང་ཐོག་རྒྱ་ཕིབས་དང་རི་དྭགས་ཆོས་འཁོར་གྱིས་མངོན་པར་མཛེས་ཤིང་།པད་མ་རཱ་ག་སོགས་རིན་པོ་ཆེས་བརྒྱན་པའི་བྱམས་པའི་སྐུ་བརྙན་ཆེན་མོ།
            རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོས་གནང་བའི་ཕོ་བྲང་པོ་ཏ་ལའི་བྱིན་རྟེན་སྲིད་ན་དཀོན་པའི་སྣར་ཐང་བཀའ་འགྱུར།རྟེན་འདུས་བྱིན་ཅན་གྱི་བྱང་ཆུབ་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་མང་དུ་བཞུགས།
            སྤྱི་ལོ་༡༩༥༨ལོར་དགོན་འདིར་བསླབ་གསུམ་རྒྱན་དང་ལྡན་པའི་དགེ་ཚུལ་སློང་བདུན་ཅུ་ལྷག་བཞུགས་མོད།ཆོས་ལུགས་བཅོས་བསྒྱུར་གྱི་ལས་འགུལ་བྱུང་བས་གྲྭ་བཙུན་ཐམས་ཅད་རང་ཡུལ་དུ་བསྐྲད།སྐུ་གསུང་ཐུགས་རྟེན་ཕལ་ཆེར་རྩ་མེད་དུ་བཏང་།རིག་གནས་གསར་བརྗེ་ཆེན་པོའི་ནང་དུ་དགོན་པའི་གྲྭ་ཤག་ཐམས་ཅད་དང་།ཆོས་སྤྱད་མཆོད་རྫས་ཡོད་ཚད་ལས་གཞན་པའི་ལྷ་ཁང་དང་དངོས་རྫས་ཐམས་ཅད་བརླག་སྟེ་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ།།
            ༡༩༨༢ལོའི་གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་བཀོད་པ་ལྟར་སླར་གསོ་བྱས་ཏེ་ཆོས་སྒོ་ཕྱེས།འབའ་འོག་སྐུ་ཕྲེང་བརྒྱད་པ་དགེ་འདུན་བསྟན་པའི་རྒྱལ་མཚན་ཚང་(༡༩༥༠-༢༠༡༥)གཙོ་བྱས་པའི་དགེ་སློང་སྐོར་ཞིག་དང་།ལྷ་སྡེ་ཚོ་བ་བདུན་གྱིས་འདུ་ཁང་བསྐྱར་དུ་བཞེངས་ཏེ།
            ཟླ་༩བའི་ཚེས་༢༢ཉིན་རབ་གནས་ཀྱི་མཛད་སྒོ་བསྐྱངས།༡༩༩༤ལོར་བྱམས་ཁང་དང་།བྱམས་སྐུ་ཆེན་མོ་བསྐྱར་དུ་བཞེངས།༢༠༠༢ལོར་འདུ་ཁང་ཆེན་མོ་དང་།བྱང་ཆུབ་མཆོད་རྟེན།མ་ཎི་ཆུ་འཁོར་རྣམས་ཡང་བསྐྱར་གསར་དུ་བཞེངས།༢༠༡༣ལོར་ནས་༢༠༡༥ལོའི་བར་བདེ་གཤེགས་མཆོད་རྟེན་བརྒྱད་དང་།དཔལ་དུས་ཀྱི་འཁོར་ལོའི་མཆོད་རྟེན།ལོ་རྒྱུས་ཁང་སོགས་བཞེངས།
            དགོན་འདི་ལ་བཅུ་བའི་ལྔ་མཆོད་དང་།བོད་ལོ་དགུ་གཏོར།རྒྱལ་ལོ་སྨོན་ལམ།གསུམ་པའི་སྒྲུབ་མཆོད།བཞི་བའི་སྨོན་ལམ།དྲུག་པའི་སྒྲུབ་མཆོད།དགུ་བའི་སྨོན་ལམ་བཅས་ཆོས་ཐོག་ཆེན་མོ་བདུན་ཡོད་ཅིང་།ད་དུང་དྲུག་པའི་མཆོད་པ།བདུན་པའི་མཆོད་པ་རེའང་བཙུགས་ཡོད།
            ཟླ་རེའི་ཚེས་བརྒྱད།བཅོ་ལྔ།ཉེར་ལྔ།ཉེར་དགུ་དུས་བཟང་མང་ཇ་དང་།
            བཞི་བའི་བཅོ་ལྔ་ལ་བྱམས་པ་གླིང་བསྐོར།བཅོ་བརྒྱད་ལ་འཆམ་བཅག་དང་བཅུ་དགུ་ལ་འཆམ།ཟླ་བ་བཞི་བ།དྲུག་པ།བཅུ་བའི་ཆོས་ཏོག་ནང་དུ་དགོང་མོ་གཟིམ་བརྡ་དང་སྔ་མོའི་བཞེངས་བརྡ་འབུད་ཅིང་།དྲུག་པའི་ཚེས་དགུ་ལ་རྡུལ་ཚོན་དང་།གཞན་འདུལ་བའི་ཕྱག་ལེན་དབྱར་དགག་གསོ་གསུམ་ཡང་མ་ཉམས་པར་སྐྱོང་བཞིན་ཡོད།བཅུ་བའི་དགའ་ལྡན་ལྔ་མཆོད་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཕྱག་སྲོལ་བཞིན་ཚོགས་ཆེན་དགེ་བསྐོས་དང་།དབུ་མཛད་སོགས་ལས་སྣ་རྣམས་གསར་དུ་བསྐོ།
            ད་ལྟ་དགོན་འདིར་དགེ་སློང་ཉི་ཤུ་ལྷག་བཞུགས་ཤིང་།དེ་དག་གིས་སྔོན་གྱི་ཕྱག་སྲོལ་མ་ཉམས་པར་སྐྱོང་བཞིན་ཆོས་སྤྱོད་བཅུ་ཡི་དཔལ་ལ་མངོན་པར་རོལ་བཞིན་བཞུགས་སོ།།
            གོང་གི་ལོ་རྒྱུས་འདི་ནི་མདོ་སྨད་ཆོས་འབྱུང་དང་།དུང་དཀར་ཚིག་མཛོད་ཀྱི་དགོངས་གཞི་ལྟར་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་སྟེ་
            སྤྱི་ལོ་༢༠༡༥ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ལ་བྲིས་པ་དགེའོ།།