གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

མདའ་བཞིའི་མ་ཕྱག་དགོན་གྱི་ལོ་རྒྱུས་མདོར་བསྡུས།

སྤེལ་དུས 2018-09-13 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། དཔལ་ལྡན་སོགས།
         མདའ་བཞིའི་མ་ཕྱག་དགོན་དགའ་ལྡན་ཕུན་ཚོགས་གླིང་ནི། མཚོ་བྱང་ཁུལ་ནས་ནུབ་བྱང་དུ་སྤྱི་ལེ་བརྒྱད་ཀྱི་གནས་སུ་མདོ་སྨད་རྟ་ཡི་ཆོལ་ཁའི་བྱེ་བྲག་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་རྒྱུད་དཀར་ཐང་མར་ཁུ་མཚོ་མོའི་ལྟེ་བ་གླང་ཆེན་ས་ལ་ཉལ་འདྲའི་རི་རྒྱུད་ཕྱུག་པོ་གདོང་ཞེས་འབོད་པའི་འདབས་དབུས་སུ་ཆགས་ཤིང་གྲུབ་མཐའ་དགེ་ལུགས་པ་ཡིན།
         དགོན་འདི་ནི་ མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཨ་རིག་དགེ་བཤེས་བྱམས་པ་འོད་ཟེར་རམ་མཚན་གཞན་ལ་བྱམས་པ་དགེ་ལེགས་རྒྱལ་མཚན་ཞུ་བ་དེ་ཉིད་ཀྱི་ཐུགས་སྲས། སྒོམ་སྒྲུབ་ཉམས་ལེན་གྱི་རྣལ་འབྱོར་བ་ཆེན་མོ། མ་ཕྱག་སྐུ་ཕྲེང་དང་བོ། རི་ཁྲོད་པ་གྲགས་པ་རྒྱ་མཚོས་སྤྱི་ལོ་1775ཡས་མས་ཤིག་ལ་ཕྱག་འདེབས་མཛད། ཁོང་ནི་མདོ་སྨད་ཀྱི་སའི་ཆར་རྭ་རྒྱའི་ཉེ་འགྲམ་ཞིག་དུ་འཁྲུངས་པར་འདོད། ད་ལྟ་ཁོང་གི་ལོ་རྒྱུས་ནི་རྒན་པའི་ངག་རྒྱུན་ཙམ་ལས། རྗེ་ཉིད་ལ་ཆོས་འབྲེལ་ཡོད་པའི་བླ་མའི་རྣམ་ཐར་གང་དུའང་གསལ་ཁ་ཡོད་པ་ཞིག་ལག་སོན་བྱུང་ཧ་ཅང་དཀའ་བས། དེ་ཉིད་ཀྱི་འཁྲུངས་འདས་དང་ཡབ་ཡུམ་སོགས་གཏན་ཁེལ་ཡོད་པ་ཞིག་ཤིན་ཏུ་ཁག་པོར་ཆགས་ཡོད། ཡིན་ནའང་རྗེ་འདི་ཨ་རིག་དགེ་བཤེས་དང་འབྲེལ་བ་དམ་ཟབ་ཡོད་པ་རྒྱུ་མཚན་དུ་བྱས་ན་འདི་ཉིད་ཀྱང་དུས་སྐབས་དེར་འཁྲུངས་པ་ཞིག་ཡིན་པ་གསལ་བོར་མཚོན་ཡོད།
         དེ་ལྟར་ན་སྤྱི་ལོ་1708ཡས་མས་ཤིག་ལ་འཁྲུངས་པ་དང་དེ་ནས་རིམ་བཞིན་རབ་ཏུ་བྱུང་། སྐུ་སྟོད་ལ་དབུས་གཙང་དུ་ལན་གཅིག་ཕེབས་པར་གྲགས་ལ། དབུས་ནས་ཕྱིར་ཕེབས་སྐབས་རྟེན་དུ་རྗེ་སྐུ་ཆུང་ཆུང་ཞིག་ཁྱེར་ཡོང་བ་ངག་རྒྱུན་དུ། ལན་རེར་ཁོང་གིས་རྗེ་སྐུ་ཁུར་ནས་ཡོང་བ་དང་ཡང་ལན་རེར་རྗེ་སྐུས་ཁོང་ཚང་ཁུར་ནས་ཡོང་བ་ཡིན་ཟེར་བས་ཕྱིས་སུ་རྗེ་སྐུ་དེ་ལ་རྗེ་བྱ་འཕུར་མ་ཞེས་ཐོགས། སྐབས་དེར་ད་དུང་ཁོང་ནི་རི་ཁྲོད་འགྲིམ་པའི་གནས་ངེས་མེད་པ་ཡིན་པས་རྗེ་སྐུ་དེ་བར་སྐབས་ཤིག་ནས་འཁྱམ་རུ་དགོན་གྱི་བླ་མ་ཞིག་ལ་གནང་བར་ད་ལྟའང་དགོན་དེའི་བླ་གྲྭ་རྒན་པའི་ངག་རྒྱུན་དུ་ཡོད་ལ། སྐུ་དེ་ད་ལྟ་དགོན་དེའི་རྟེན་སྐུ་གཙོ་བོ་ཡང་ཡིན། དབེན་གནས་རི་ཁྲོད་འགྲིམ་སྟེ་མཚོ་སྙིང་སོགས་སུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་སྙན་པའི་གྲགས་པའང་ཤིན་ཏུ་འབར། ཡང་ངག་རྒྱུན་ལ་མཚོ་སྙིང་དུ་བཞུགས་སྐབས་སུ་ཁོང་ལ་གསུང་བགྲོས་གནང་རོགས་ཀྱི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྐུ་ཞིག་ཡོད་པར་བཤད། དེའི་རྗེས་དགུང་ལོ་དྲུག་ཅུ་རྩ་ཞིག་ལ་ཨ་རིག་དགེ་བཤེས་བྱམས་པ་དགེ་ལེགས་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་དང་ཁྲིད་བཤད་ལུང་སོགས་བུམ་པ་གང་བྱོས་ཚུལ་བཞིན་དུ་ལྷུར་བཞེས་ཏེ། སྐུ་ཚེ་གང་བོར་ལམ་རིམ་བློ་སྦྱོང་སོགས་ཐུགས་དམ་བསྟར་བས་གཞན་ཕན་གྱི་འཕྲིན་ལས་དང་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་རྒྱས། སྡེ་སྣོད་འཛིན་མཁན་གྱི་ཞལ་སློབ་བཅུ་ཕྲག་ཁ་ཤས་བསྡུས་ནས་བླ་མ་རིན་པོ་ཆེ་ཨ་རིག་དགེ་བཤེས་ཚང་གི་བཀའ་ལུང་བཞིན་རྭ་རྒྱ་དགོན་པའི་ཕྱག་ལེན་ལྟར་བཀའ་གདམས་རྣམ་ཐར་སྐྱོང་མཁན་གྱི་རི་ཁྲོད་གུར་དགོན་ཞིག་བཏབ། མཚན་ལའང་ཕུན་ཚོགས་དགེ་ལྡན་གླིང་ཞེས་གསོལ།  དགོན་འདི་ཐོག་མར་རྭ་རྒྱ་དགོན་གྱི་ཉེ་འདབས་རྨ་ཆུའི་འགྲམ་རྒྱུད་དུ་ཕྱག་འདེབས་མཛད་ཅིང་སྐབས་དེར་རྭ་རྒྱའི་སྟོད་སྨད་དུ་སྟོད་ཕྱོགས་དགོན་དང་སྨད་ཕྱོགས་དགོན་གཉིས་ཡོད་པ་ལས་འདི་ནི་སྨད་ཕྱོགས་དགོན་དེ་ཡིན་ཟེར། རྗེས་སུ་དགོན་འདིར་རྨ་ཆུའི་ཆུ་ལོག་བྱུང་བ་དང་རྐྱེན་དུ་མའི་དབང་གིས་གནས་སྤར་ཏེ་མང་འབའ་བྱ་གསུམ་གྱི་ནང་ཚན་མང་རྭའི་ཡུལ་དུ་སྤར། གནས་དེའི་མང་ཚོགས་ཀྱིས་དགོན་འདི་རྨ་ཆུའི་ཕྱོགས་ཁ་ནས་འོང་བས་སྨད་ཕྱོགས་དེ་ལ་རྨ་ཕྱོགས་ཟེར་བ་དང་། ཕྱིས་སུ། རྨ་ཕྱོགས་དང་། རྨ་ཕྱགས། མ་ཕྱགས་སོགས་དེ་ལྟར་འབྲི་སྲོལ་དང་འབོད་ཚུལ་སྒྲ་འགྱུར་ནས་ད་ལྟ་མ་ཕྱག་ཟེར་འདུག་མོད། རྣམ་ཐར་དང་གསུང་འབུམ་སོགས་སུ། རྨ་འགྲམ་མ་ཕྱག་དང་། རྨ་ཕྱོགས། རྨ་ཕྱགས། མ་ཕྱག་སོགས་ཀྱི་འབྲི་སྲོལ་དུ་མ་ཡང་འདུག མ་ཕྱག་སྐུ་ཕྲེང་དང་བོ་གྲགས་པ་རྒྱ་མཚོས་གུར་དགོན་དེ་མང་རྭའི་ཡུལ་དུ་གནས་ངེས་མེད་འགྲིམ་ནས་ཆོས་སྤྱོད་ཀྱི་བྱ་བ་གོང་འཕེལ་དུ་བཏང་། རྗེས་སུ་འདི་ཉིད་ཀྱིས་གུར་དགོན་དེ་མང་རྭ་ནས་བྱ་གཞུང་དུ་སྤར་ཏེ་ཁང་དགོན་ལ་བསྒྱུར། ཁོང་གིས་དགོན་འདིར་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་ཕྱག་ལེན་ལྟར་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒྲུབ་མཆོད་ཆ་ཚང་ཐོག་མ་གུར་དགོན་ཡིན་པ་ནས་བཙུགས་ཡོད་པ་དང་། འབུད་རྡུང་ལ་སོགས་པ་ཡང་རྭ་རྒྱ་ཇི་བཞིན་ཡིན་པ་མ་ཟད། དགོན་པའི་བཅའ་ཡིག་ཀྱང་ཨ་རིག་དགེ་བཤེས་ཆེན་མོས་མཛད་པ་ཡིན། དེ་བཞིན་དགོན་འདི་ལ་སྐྱེས་བུ་དམ་པ་མང་བོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་ལས་སྐབས་དེར་ཞབས་དཀར་ཚོགས་དྲུག་རང་གྲོལ་ཁོང་ཉིད་དགོན་འདིར་ཕེབས་ནས་ཟླ་གསུམ་གྱི་རང་ཆོས་མཚམས་ལ་བཞུགས། སྐབས་དེར་མ་ཕྱག་རི་ཁྲོད་པ་ཞེས་མཚན་སྙན་ཀུན་ལ་རྒྱས་ཡོད་པས། རྙིང་སྔགས་རེ་འགས་ཕྲག་དོག་གིས་མ་བཟོད་པར་ཐབས་སྣ་ཚོགས་སྤྱད་ནས་སྐུ་སྨད་དགུང་གྲངས་བརྒྱད་ཅུའི་རྩ་སྟོད་ཞིག་ལ་བཀྲོངས་དུ་བཅུག་ཅེས་པར་གྲགས།
        མ་ཕྱག་སྐུ་ཕྲེང་ལྔ་བ་འཇིགས་མེད་ལུང་རིགས་བསྟན་འཛིན་རྒྱ་མཚོ་ནི་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་སྤྱི་ལོ་1942ལོར་མདའ་བཞིའི་སོག་པོ་པེ་ལི་ཚོ་བར་ཡབ་མཁྱེན་བཟང་དང་ཡུམ་ཡུམ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞིའི་སྟེང་རྗེ་ཞྭ་དམར་སྐུ་ཕྲེང་ལྔ་བ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོས་མ་ཕྱག་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་གནང་། ལ་མོ་ཞབས་དྲུང་དཀར་པོ་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་ལས་རབ་བྱུང་གི་སྡོམ་པ་མནོས། དགོན་འདིའི་རབ་འབྱམས་པ་ཀླུ་སྒྲུབ་རྒྱ་མཚོ་ཡོངས་འཛིན་དུ་བསྟེན། 
        1949ལོར་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་གྱིས་དགོན་འདིར་ཚེ་དབང་གནང་ཞིང་། དགོན་པའི་ཉེ་འགྲམ་གྱི་ནུ་ལྕེའམ་གསེར་དངུལ་རྩ་ཐང་ཆེན་མོ་ཞེས་པའི་གནས་དེར་དབྱར་བཏང་ནས་དབང་ལུང་མང་བོ་གནང་། དེ་མིན་རྗེ་ཞྭ་དམར་ཚང་དང་། ཨ་རོལ་རིན་པོ་ཆེ། ལ་མོ་ཞབས་དྲུང་དཀར་པོ་བློ་བཟང་བསྟན་པ་རྒྱ་མཚོ། ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་བོ་སྔ་ཕྱིར་བྱོན་ནས་དབང་ལུང་རྗེས་གསུམ་གང་མང་གནང་། སྐབས་དེར་དགོན་འདིར་བཞུགས་པའི་བླ་སྤྲུལ་ནི་མ་ཕྱག་ཁོང་ཉིད་དང་། ནོར་བ་དཔོན་སློབ་མཆོག   ཨ་གནམ་ཇ་སག་ཏ་བླ་མ། སྨར་ཁམས་ཚང་། འཇུ་ཆུང་ཚང་། ཉི་མགོན་ཚང་། ལྡོང་དགེ་བཤེས་བཅས་ནང་ཆེན་ཡང་བདུན་ཡོད། དགོན་པའི་ནང་རྟེན་ལ་སྐུ་གསུང་ཐུགས་རྟེན་བྱིན་ཅན་གང་མང་ཞིག་ཡོད་པ་ལས་མ་ཕྱག་གྲགས་པ་རྒྱ་མཚོ་མཚོ་སྙིང་དུ་སྒྲུབ་པར་བཞུགས་སྐབས་ཀྱི་གསུང་བགྲོས་གནང་རོགས་ཡིན་པར་གྲགས་པའི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ། ཨ་རིག་དགེ་བཤེས་ཆེན་མོས་གནང་བའི་ཆོས་རྒྱལ་ཆོས་ཉིད་ངང་ལས་མ་མ་ཧེ་དམར་པོ་ཅན་བདུད་རྩི་འབབ་པ་གཙོ་བྱས་པའི་ཆོས་རྒྱལ་ཕྱི་ནང་གསང་གསུམ། ཆོས་རྒྱལ་མ་ཧེ་དམར་པོ་ཅན་དེའི་གཟུངས་གཞུག་ཏུ་རྗེ་ཞྭ་དམར་པཎྜི་ཏ་རྒྱལ་དབང་ཡོངས་འཛིན་ལ་བཞུགས་སྐབས་སུ་གནང་བའི་ཆོས་རྒྱལ་ཐང་ག་བྱིན་ཅན་ཞིག་ཡོད་པ་དེ་ཐེངས་གསུམ་ལ་སྐུ་རྒྱས་པའི་བཤད་སྲོལ་འདུག  གཞན་ད་དུང་ཙན་དན་གྱི་ཇོ་བོ་ལོ་ཀེ་ཤྭ་རའི་སྐུ་ཁྲི་གང་མ་དེའང་ཨ་རིག་དགེ་བཤེས་ཚང་གིས་གནང་། གསུང་རྟེན་ནས་རྭ་རྒྱ་དགོན་པའི་དཔར་གཉིས་པར་གྲགས་པའི་རྒྱལ་བའི་བཀའ་དང་བསྟན་འགྱུར་གཉིས་མཚའ་བྲིས་མ་དང་། ཡུམ་གསེར་བྲིས་མ་སོགས་གཞུང་པོད་མང་བོ་བཞུགས། དམ་པ་དེ་དག་གི་སྐུ་དྲིན་ལས་དགོན་འདིའི་བཤད་སྒྲུབ་ཀྱི་བསྟན་པ་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ། དེ་བཞིན་གྲྭ་རྒྱུན་ཡང་བརྒྱ་དང་བརྒྱད་ཅུ་ལྷག་ལ་བསླེབས། ཆོས་སྡེ་འདི་དར་རྒྱས་ཀྱི་ལམ་སྣར་ཞུགས་པ་ཙམ་གྱིས་སྤྱི་ལོ་1958 ནས་རིག་གནས་གསར་བརྗེ་ཞེས་གནམ་ས་བླ་འོག་བསྒྱུར་བའི་དུས་སྐབས་ཀྱི་རླུང་ཚུབ་དེས་ཉམ་ཉེས་ཆེན་པོ་ཐེབས་ཏེ། ལྷ་རྟེན་བྱིན་ཅན་མང་བོ་ཐལ་བར་བརླག་ནས་འདུ་ཁང་ཆེན་མོ་དང་། བཙན་ཁང་། སྤྱི་བ། སྒར་ཆེན་བདུན་དང་། གྲྭ་ཤག་བརྒྱད་ཅུ་ལྷག་སོགས་སྐད་ཅིག་ཉིད་ལ་རྩ་མེད་དུ་བཏང་སྟེ་བཙལ་ན་ཤུལ་ཙམ་ཡང་རྙེད་དཀའ་བའི་གནས་སུ་གྱུར། དེ་ནས་བསྟན་པ་ཡང་དར་གྱི་སྐབས་ས་ཆ་སོ་སོ་ན་དགོན་གནས་སླར་གསོ་བྱེད་བཞིན་ཡོད་ནའང་། དགོན་འདིའི་སྔར་གྱི་གནས་དེར་རྒྱལ་སྲུང་གསང་རྒྱའི་རྒྱལ་གཉེར་221བཟོ་གྲྭ་ཡོད་པས་རེ་ཞིག་བསྐྱར་གསོའི་སྐལ་བ་མ་ལྡན་པར་བླ་གྲྭ་གང་བཞུགས་ལ་མོ་ཀུན་བདེ་གླིང་དུ་ཞུགས་ནས་དེར་བསྟན་པ་སླར་གསོའི་ཐད་རམ་འདེགས་མི་དམན་པ་བྱས། དེའི་རྗེས་རྒྱལ་གཉེར་221བཟོ་གྲྭ་ཕྱིར་འཐེན་བྱས་པ་དང་བསྟུན། མ་ཕྱག་ཚང་གིས་མངགས་བཅོལ་ལྟར་ཨ་ཁུ་རྒྱ་མཚོ་སོགས་ལ་མོ་ཞབས་དྲུང་དཀར་པོ་ཟི་ལིང་མཁས་པ་མི་གསུམ་ལྷ་ཁང་དུ་བཞུགས་པ་དེར་སོང་ནས་སྔར་གྱི་དགོན་ས་དེར་དགོན་པ་སླར་གསོ་བྱེད་རྒྱུའི་རེ་བ་ཞུས་ཚེ། སྲིད་ཞིའི་གཙུག་རྒྱན་ལ་མོ་ཞབས་དྲུང་དཀར་པོ་མཆོག་གི་ཞལ་ནས་ཀྱང་། མ་ཕྱག་དགོན་པའི་བླ་གྲྭ་རྣམས་ཀུན་བདེ་གླིང་བསྐྱར་གསོའི་ཐད་ལ་བཀའ་དྲིན་ཤིན་ཏུ་ཆེ། སྔོན་གྱི་དགོན་ས་དེ་ས་དཔྱད་ལེགས་པར་འདུག་པས་དགོན་པའི་གཞི་བཏང་ན་ཧ་ཅང་བཟང་གི་ཞེས་བཀའ་གསུངས་གནང་བ་བཞིན། སྤྱི་ལོ་1990ལོ་ནས་རིམ་གྱིས་དེ་སྔའི་དགོན་ཤུལ་དུ་གཞི་སྤར་བའི་འགོ་བརྩམས་ནས་གཙུག་ལག་ཁང་རྟེན་བཅས་བསྐྱར་བཞེངས་ལེགས་པར་གྲུབ་སྟེ། ཁོང་རྡོ་རྗེ་འཆང་ལ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོས་དགའ་ལྡན་ཕུན་ཚོགས་གླིང་ཞེས་མཚན་གསོལ་བ་དང་། སྔར་སྲོལ་གྱི་བདེ་གསང་སོགས་ཀྱི་སྒྲུབ་མཆོད་མ་ཉམས་པའི་སྟེང་། 2010ལོ་ནས་བླ་བྲང་དགོན་གྱི་དགེ་བཤེས་རྒན་ཀོའུ་སྡེ་སྐལ་བཟང་སྦྱིན་པ་གདན་དྲངས་ཏེ་ཐོས་བསམ་ནོར་བུའི་ལྡིང་ཁང་ཟབ་སྦྱོང་འཛིན་གྲྭ་བཙུགས་ནས་ཐུན་མོང་རིག་གནས་སོགས་ལ་རང་ནུས་ཅི་ལྕོགས་ཀྱིས་བསྟན་དང་འགྲོ་བ་ལ་ཕན་བདེ་བསྐྲུན་དང་སྐྲུན་བཞིན་ཡོད། ད་ལྟ་མ་ཕྱག་བླ་མ་རིན་པོ་ཆེ་དགུང་གྲངས་བདུན་ཅུ་དོན་དགུར་བཞེས་པས་ནོར་བ་དཔོན་སློབ་བློ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་གིས་ཁོང་གི་ཐུགས་དགོངས་བཞིན་དགོན་འདིའི་སྒྲིག་ལམ་ཆོས་སྤྱོད་ཀྱི་བྱ་བ་སོགས་ལ་ཐུགས་འགན་བཞེས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་ལགས་སོ། །  
        ཞེས་དབུ་མཛད་དཔལ་ལྡན་རྒྱ་མཚོ། དགེ་བསྐོས་བློ་བཟང་རྒྱ་མཚོ། བཀྲ་ཤིས་འོད་ཟེར་སོགས་ཀྱིས་ལོ་རྒྱུས་དང་རྣམ་ཐར་སོགས་ལས་རྒྱུ་ཆ་ཐོར་བུ་རེ་བཏུས་ཏེ་གཞིར་བཟུང་ནས་རྒན་པའི་ངག་རྒྱུན་གྱི་བཤད་ཚུལ་སོགས་ཟིན་བྲིས་སུ་ཕབ་སྟེ་བརྗོད་པ་ལགས། རྗེས་མར་དགོན་པའི་ལོ་རྒྱུས་དེབ་ཐར་ལས་བརྒྱུད་རིམ་ཆ་ཚང་བཀོད་ངེས་ཡིན།
        གཞི་བཅོལ་སའི་ལོ་རྒྱུས་རྣམ་ཐར་ནི། 
          ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་ཐར། 
          ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར། 
          རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་རྣམ་ཐར། 
          ཤིང་བཟའ་རྡོ་རྗེ་འཆང་གི་རྣམ་ཐར། 
          ཨ་རོལ་རིན་པོ་ཆེའི་རྣམ་ཐར། 
          ལ་མོ་དགེ་འདུན་བསྟན་འཛིན་ནོར་བུའི་རྣམ་ཐར།
          མདོ་སྨད་ལོ་རྒྱུས།
          ལ་མོ་མདའ་བཞིའི་ལོ་རྒྱུས་ཀུན་གསལ་མེ་ལོང་།