དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

གྲུབ་མཐའི་འབྱུང་བ་རགས་ཙམ་བརྗོད་པ་ཚིག་ཕྲེང་ངག་གི་རོལ་མཚོ།

སྤེལ་དུས 2018-10-17 ཡོང་ཁུངས། ཁ་བཏགས་དཀར་པོ། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།

          སཱ་ལའི་ལྗོངས་ཀྱི་ཆོས་སྒྲ་སྙན་མོ་ནི། །སྲིད་གསུམ་སྙན་པའི་དྲི་ཟའི་གླུ་དབྱངས་བཞིན། །མདོ་དབུས་ཁམས་གསུམ་ཆོས་རྭ་ཆེན་མོ་དག །སུམ་རྩེན་དབུས་ན་འཕགས་པའི་བ་གམ་འདྲ། །མཐའ་བཞིའི་གངས་རི་ཤེལ་གྱི་ཀ་བ་འདྲ། །མཛེས་སྡུག་བོད་ཡུལ་དག་པའི་ཞིང་ཁམས་འདྲ། །ནང་དུ་བཞུགས་པའི་ཆོལ་གསུམ་རིགས་ཀྱི་བུ། །སྙིང་རྗེའི་རིགས་ལས་འཁྲུངས་པའི་བྲམ་ཟེ་འདྲ། །འདབ་བརྒྱའི་ཚལ་དུ་མྱོས་པའི་རྐང་དྲུག་བཞིན། །ཁམས་གསུམ་སྤུན་ཟླ་ཤེས་གྲྭའི་ཚལ་དུ་བཞུགས། །ལེགས་བཤད་དོན་དུ་གཉེར་བའི་སློབ་བུའི་ཁྱུ། །ཆུ་སྐྱེས་གེ་སར་འཐུང་བའི་འཁོར་འགྲོ་འདྲ། །ནུབ་ཕྱོགས་དག་པའི་ཞིང་ཁམས་ཆེན་མོ་འདིར། །མཁས་པ་རྒྱུ་སྐར་གྲངས་བཞིན་བྱོན་པ་ཡི། །ལེགས་བཤད་ནོར་བུའི་དོ་ཤལ་བཀྲམ་པ་ན། །མ་གཅིག་ཆོས་ལུགས་གྲུབ་མཐས་ས་ཀུན་འགེངས། །གྲུབ་མཐའ་ཡོད་ཚད་བགྲང་བར་མི་ནུས་ལ། །ལྷག་པར་སྐྱེས་ཆེན་ཐམས་ཅད་བགྲང་ཐབས་བྲལ། །རང་བློས་དཔོག་པའི་རྩ་ཆེན་གྲུབ་མཐའ་ཁག །ཚིགས་བཅད་ལམ་ནས་ཀུན་ལ་འབུལ་བར་སྤྲོ། ཐོག་མར་བོན་གྱི་སྟོན་པ་མི་དགུ་འཁྲུངས། །ལྷག་པར་སྟོན་པ་གཤེན་རབ་མི་བོ་ཆེ། །ཉི་ཟླའི་ཟིལ་གྱི་ཚུལ་དུ་བྱོན་པ་ན། །གཡུང་དྲུང་བོན་གྱི་བསྟན་པ་བོད་ལ་དར། །བོད་རྒྱལ་གནམ་རི་སྲོང་བཙན་ཡར་སྔོན་ལ། །བོན་ཆོས་རྒྱུ་སྐར་རྒྱལ་གྱི་ཚུལ་དུ་བཞུགས། །བོད་ཀྱི་ཨ་སྔོན་ཡངས་པོའི་རྒྱན་དུ་མཛེས། །ཆབ་སྲིད་ལོ་རྒྱུས་བསྐྱངས་པའི་གོ་ཆ་འཛིན། །བོན་ཆོས་སཱ་ལའི་ལྗོངས་འདིར་དར་བ་ནས། །ལྷ་འདྲེ་ཀླུ་སྲིན་ཟེར་བའི་ཐ་སྙད་བྱུང་། །དཀར་རྩིས་ནག་རྩིས་བྱེད་པའི་ཉམས་ལེན་དར། །རླུང་དར་དབུ་ལྕོག་འཛུགས་པའི་གོམས་སྲོལ་ཆགས། །ད་ལྟ་བོད་མི་ཕལ་ཆེས་བོན་ཆོས་ལ། །ཕྱི་པའི་ཆོས་ཅེས་དད་པས་མི་སྐུལ་ཡང་། །བོན་གྱི་གྲུབ་མཐའི་ཆོ་ག་ཉམས་ལེན་ཁག །ང་ཚོའི་ལུས་ཀྱི་ཟུངས་ཁྲག་ལྟ་བུར་གནས། །
          དེ་ནས་བོད་རྒྱལ་ཁྲི་གཙུག་ལྡེའུ་བཙན་བྱོན། །བོད་མི་ཕལ་ཆེར་ནང་པའི་ཆོས་ལ་བཀུག །ཨོ་རྒྱན་ཡུལ་ནས་ཆོས་རྒྱལ་གདན་འདྲེན་ཞུས། །མཁན་ཆེན་ཞི་བ་ཁ་བའི་ཡུལ་དུ་དྲངས། །བསམ་ཡས་ཡུལ་དུ་རྒྱལ་བའི་གཙུག་ལག་བརྩིགས། །རྟེན་གསུམ་ཆོས་ཀྱི་འཇིག་རྟེན་བོད་ལ་བསྐྲུན། །འཕགས་པའི་དགེ་སློང་མཁན་ཆེན་ཞི་བ་མཆོག །བོད་ཀྱི་དགེ་འདུན་ཚོགས་ཀྱི་སྐྱབས་སུ་ཕེབས། །སྒྲ་བསྒྱུར་གླིང་དུ་ནང་ཆོས་ཡིག་བསྒྱུར་མཛད། །གྲགས་ཅན་ལོ་ཙཱ་སྐར་ཚོགས་བཞིན་དུ་བྱོན། །ལྷག་པར་སྐ་ཅོག་ཞང་སོགས་ལོ་ཙཱ་དགུ །བོད་ཀྱི་ཡུལ་དུ་སྙན་པའི་བ་དན་གཡོས། །ཁ་བའི་ཡུལ་གྱི་འགྲོ་བའི་བསོད་ནམས་མཐུས། །མཁན་སློབ་ཆོས་གསུམ་སྤྲུལ་པའི་ཚུལ་དུ་ཕེབས། །གྲུབ་མཐའི་མ་ཕྱིར་གྱུར་བའི་རྙིང་མའི་ལུགས། །ཞ་ལུའི་ཚུལ་དུ་བོད་ཀྱི་ཡུལ་དུ་འབུས། །གསང་སྔགས་རྙིང་མའི་ཁོ་ལག་རྒྱས་མ་ཐག །རྒྱལ་རབས་ཞེ་གཉིས་འུ་དུམ་བཙན་པོ་ཡིས། །ལོ་པཎ་མཁས་གྲུབ་མང་པོའི་སྲོག་སྙིང་བླངས། །གདུག་པའི་རྩལ་གྱིས་དམ་ཆོས་ཆུ་ལ་བསྣུབས། །ཆོས་རྭ་རྒྱས་པའི་དབུས་གཙང་ཞིང་ཁམས་འདི། །ལན་གཅིག་མུན་པའི་སྨག་རུམ་ལྟ་བུར་གནས། །སྐྱེས་ཆེན་དམ་པ་དམར་གཡོ་གཙང་གསུམ་ཡང་། །སྲོག་མགོ་ལོན་ཆེད་མངའ་རིས་ཡུལ་དུ་གྱར། །སྤྲང་པོར་རྫུས་པའི་སྐྱེས་ཆེན་གསུམ་པོ་ཡིས། །སྲོག་ལ་གཅེས་ཤིང་ཆོས་ལ་དུངས་པའི་བློས། །བོད་ཡུལ་དབུས་སུ་བསྟན་པའི་མེ་རོ་བླངས། །སངས་རྒྱས་ཆོས་ལུགས་སླར་ཡང་བོད་དུ་དྲངས། །བོད་ཡུལ་གང་སར་བསྟན་པའི་གཙུག་ལག་བརྩིགས། །ལྟ་སྤྱོད་རྣམ་པར་དག་པའི་རབ་བྱུང་བསྐྱངས། །སྣུམ་ཟད་མར་མེ་ལྟར་གྱི་བསྟན་པའི་ལུགས། ། སླར་ཡང་རྒྱ་ཆེར་སྤེལ་བའི་མཛད་ཚུལ་བསྐྱངས། །བླ་མ་ཡེ་ཤེས་འོད་ཀྱི་ཐུགས་བརྩེ་ལས། །ཇོ་བོ་དཔལ་ལྡན་སྲིད་འདིར་ཞབས་ཀྱིས་བཅགས། །སྡེ་སྣོད་གསུམ་གྱི་གཞུང་དོན་ཐམས་ཅད་གསུངས། །གདམས་ངག་བསྩལ་བའི་བཀའ་གདམས་གྲུབ་མཐའ་གཏོད། །གཞུང་དོན་མ་ལུས་འབྲོམ་སྟོན་བླ་མར་མངགས། །བླ་མས་ཕུ་པོ་སྤྱན་གསུམ་ཐུགས་ཀྱིས་བསྐྱངས། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ཞེས། །གྲུབ་མཐའི་མཚན་སྙན་བོད་དུ་བླ་ན་འཕགས། །སྙིང་པོ་ལྟ་སྤྱོད་སྒོམ་གསུམ་གསུངས་པ་ན། །བོད་མིས་ཚུལ་ཁྲིམས་གཙང་མའི་ལས་ལ་འབད། །བོད་མིས་གཞུང་ལུགས་བློ་སྦྱོང་བསྐྱེད་པར་ནུས། །འགྲོ་བའི་དོན་དུ་གྱུར་པའི་གྲུབ་མཐའི་མཆོག །
          ལྷོ་ཕྱོགས་སྲིང་མོ་བྲག་གི་ཕུ་ཆུ་ནས། །ལོ་ཆེན་མར་པ་མཚན་ལྟས་བཟང་པོ་འཁྲུངས། །ཀུན་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་ལས། །རྒྱ་གར་འཕགས་པའི་ཡུལ་དུ་ལན་མང་བྱོན། །སློབ་དཔོན་ན་རོ་ཐུགས་ཀྱི་བླ་མར་བསྟེན། །གསང་སྔགས་གདམས་ངག་ཟབ་མོས་ཐུགས་ཡིད་བརླན། །བཀའ་བབས་གདམས་པའི་རྒྱུན་འཛིན་རྣལ་མ་མཛད། །བཀའ་རྒྱུད་གྲུབ་མཐའི་གཙུག་གི་རྒྱན་དུ་འཆོར། །སྒྲུབ་རྒྱུད་སློབ་མ་ཀ་ཆེན་བཞི་བསྐྱངས་པས། །བཀའ་རྒྱུད་གྲུབ་མཐའ་དར་ཞིང་རྒྱས་པར་འགྱུར། །ལྷག་པར་རྣལ་འབྱོར་ཆེན་མོ་རྗེ་བཙུན་མཆོག །སྒྲུབ་བརྒྱུད་འཛིན་པའི་བླ་ཆེན་གཙོ་བོར་འགྱུར། །ཚེ་གང་བྲག་དང་གངས་རི་གནས་སུ་བཅོལ། །སྐུ་མཚམས་བཞུགས་ནས་སྒོམ་དང་ཉམས་ལེན་མཛད། །གནས་མཆོག་ཏི་སིར་བོན་བླ་ཕམ་པར་མཛད། །མཚན་དང་སྙན་གྲགས་གངས་རིའི་ལྗོངས་ལ་ཁྱབ། །མཐའ་མ་ཐུགས་གཏད་དྭགས་པོ་ལྷ་རྗེར་གནང་། །ལྷ་རྗེས་རང་གི་གྲུབ་མཐའ་རྒྱས་པར་སྤེལ། །སྡོང་རྒན་རྒྱས་འདྲའི་བཀའ་རྒྱུད་གྲུབ་མཐའ་ཁག །རྩ་བ་བརྟན་པོས་བོད་ཡུལ་གང་སར་དར། །
          བོད་མིས་ཆོས་ཁྲིམས་གཙང་སྲུངས་པ་ཡིས། ། འཇམ་དབྱངས་རྣམ་སྦྲུལ་བླ་མའི་ཚུལ་དུ་བྱོན། །འཁོན་གྱི་རིགས་རྒྱུད་ས་སྐྱའི་ཡུལ་ནས་ཕེབས། །ས་སྐྱའི་གདན་ས་ཆེན་མོ་ལྷུན་གྱིས་བཞེངས། །འཇམ་དབྱངས་སྤྲུལ་དཀོན་མཆོག་རྒྱལ་པོ་ཡིས། །ས་སྐྱ་ལུགས་ཀྱི་ཆོས་ལུགས་རྒྱ་ཆེར་སྤེལ། །བློ་རིག་གསལ་བའི་ས་ཆེན་གོང་མ་ལྔས། །བོད་ཀྱི་ཆོས་སྲིད་ཀ་བ་བཞིན་དུ་བསྐྱངས། །སྙན་གྲགས་རྒྱས་པའི་བོད་ཀྱི་རིགནས་བཅུས། །ས་སྐྱ་པཎ་ཆེན་ཐུགས་དགོངས་ཡོངས་སུ་ཆུད། །པཎ་ཆེན་ཞེས་པའི་བླ་མེད་གོ་མིང་ཞིག །ས་སྐྱའི་ཡུལ་ནས་བོད་ཡུལ་གང་སར་གྲགས། །ཏུང་ཧོང་གཉིས་པར་གྲགས་པའི་ས་སྐྱའི་ཡུལ། །རྩ་ཆེན་ལོ་རྒྱུས་དེབ་ཐེར་རི་ལྟར་སྤུངས། །ལེགས་བཤད་བདུད་རྩིའི་ཉིང་ཁུ་མཚོ་ལྟར་འཁྱིལ། །གངས་ཅན་འགྲོ་བའི་གསོས་སུ་སྨིན་པར་གྱུར། །སྤྱི་ལོའི་དུས་རབས་བཅུ་གཉིས་ཡས་མས་སུ། །ལྷ་རྩེའི་ཡུལ་དུ་བསྟན་མ་བཅུ་གཉིས་བཞུགས། །
          གནས་རྟགས་ནགས་སྨན་རྒྱལ་པོ་ཞུགས་པས་ན། །ཇོ་ནང་བསྟན་པའི་མཚན་སྙན་འདི་ནས་འཕགས། །རྣལ་འབྱོར་ཆེན་མོ་མི་བསྐྱོད་རྡོ་རྗེ་སོགས། །གྲུབ་ཆེན་མང་པོས་སྒྲུབ་གྲྭའི་མཛད་ཚུལ་བསྐྱངས། །དུས་ཕྱིས་གདོལ་པོ་ཤེས་རབ་རྒྱན་མཚན་གྱིས། །ཇོ་ནང་གྲུབ་མཐའ་དར་ཞིང་རྒྱས་པར་སྤེལ། །རྒྱལ་བའི་བསྟན་པ་དབུ་འཕངས་རྒྱས་པའི་དུས། །ཇོ་ནང་ཏ་ར་ན་ཐ་མགོན་དུ་བྱོན། །ཕུན་ཚོགས་རྣམ་པར་རྒྱལ་བའི་ཆོས་གླིང་བཏབ། །དབུ་མ་གཞན་སྟོང་ལྟ་བ་རྒྱ་ཆེར་སྤེལ། །གསེར་གྱི་རྒྱན་ཕྲེང་ནོར་བུའི་དོ་ཤལ་ཅན། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་རྒྱས། །
          འཆད་རྩོད་རྩོམ་ལ་ཐོགས་མེད་རྒྱལ་བའི་ལྷ། །རྗེ་བཙུན་བློ་བཟང་གྲགས་པ་སྲིད་འདིར་བྱོན། །གདན་ས་ཆེན་མོ་དགའ་ལྡན་རྣམ་རྒྱལ་བཏབ། །རི་བོ་དགེ་ལྡན་རིང་ལུགས་གསར་དུ་གཏོད། །ལྷ་སའི་སྨོན་ལམ་ཆེན་མོ་ཚོགས་འགོ་བརྩམས། །ཞྭ་སེར་བསྟན་པའི་རིང་ལུགས་རྒྱ་ཆེར་བསྐྱེད། །ཐུགས་སྲས་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱིས། །དཔལ་ལྡན་འབྲས་དཀར་སྤུངས་འདྲའི་ཆོས་གྲྭ་བཞེངས། །བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡི་ཤེས་ཀྱིས། །སེ་ར་ཐེག་ཆེན་གླིང་གི་ཆོས་འཁོར་བཏབ། །རྒྱལ་བའི་མཚན་འཛིན་དགེ་འདུན་གྲུབ་བ་ཡིས། །གཙང་གི་བཀྲ་ཤིས་ལྷུན་པོ་རྒྱས་པར་བཞེངས། །གདན་ས་ཁག་ལ་སྐྱབས་རྗེ་ཡབ་སྲསབཞུགས། །དགེ་ལུགས་གྲུབ་མཐའ་ཉི་ཟླའི་ཚུལ་དུ་རྒྱས། །ལྷག་པར་རྒྱལ་མཆོག་ལྔ་པ་ཆེན་པོ་ཡིས། །ཆོས་སྲིད་གཉིས་ཀའི་ལམ་ལུགས་མཐའ་ལ་བསྐྱངས། །དགའ་ལྡན་ཕོ་བྲང་སྲིད་ཇུས་བོད་ལ་བསྟར། །རྒྱལ་བའི་དབུ་འཕངས་སྔར་བས་ཆེས་ཆེར་བསྟོད། །མདོར་ན་བོད་ཡུལ་གངས་ཅན་ཞིང་ཁམས་སུ། །འགྲོ་ཀུན་བསོད་ནམས་རྒྱས་པའི་དན་རྟགས་སུ། །རྩ་ཆེན་བླ་མ་རྒྱུ་སྐར་ཚོགས་བཞིན་བྱོན། །ཚང་མས་རང་ལུགས་གྲུབ་མཐའ་འབད་པས་བསྐྱངས། །
          ལོ་རྒྱུས་འཕེལ་གྲིབ་དབང་གིས་གྲུབ་མཐའ་འགའ། །ད་ལྟ་མིང་གི་ལྷག་མར་གྱུར་ཡོད་ཀྱང་། །རྙིང་མ་བཀའ་རྒྱུད་ས་སྐྱ་དགེ་ལྡན་ལུགས། །སྔར་བཞིན་བོད་མིའི་ལེགས་ཚོགས་འཁྲུལ་དུ་བལྟམས། །གྲུབ་མཐའ་སོ་སོའི་ལྟ་ཕྱོགས་མི་འདྲ་ཡང་། །སྙིང་པོ་ལྷ་ཆོས་དགེ་བའི་བྱིན་མཐུ་ལས། །རྣམ་དཀར་སེམས་ཀྱི་ལས་འབྲས་ཚུལ་བཞིན་སྲུངས། །ཡང་སྒོས་རིག་པའི་ཁོ་ལག་རྒྱས་ལ་རེམས། །ཚེ་སྔོན་བསོད་བསགས་འབྲས་བུ་སྨིན་པ་ཡིས། །ཚེ་འདིར་ཆོས་རྭའི་ཞིང་འདིར་ལྟེ་ཁྲག་འཕོས། །ས་འདིའི་རྒྱན་གཅིག་ཆོས་ལུགས་གྲུབ་མཐའ་ཁག །སྔར་བཞིན་འགྲོ་བའི་སྐྱབས་སུ་བྱོན་ལ་སྨོན། །