ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

རྒྱལ་མོའི་དགོན་བསམ་གྲུབ་གླིང་།

སྤེལ་དུས 2019-02-22 ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། མི་གསལ།
           རེབ་ཚ་སྒྲུབ་སྡེ་ཀུན་གྱི་མ་དགོན་རྒྱལ་མོའི་བསམ་གྲུབ་གླིང་ནི་ད་ལྟའི་གཙོས་གྲོང་ཁྱེར་གྱི་ཁོངས་གཏོགས་རྒྱལ་མོ་དགོན་ཤང་དུ་ཆགས་ཡོད་དེ་དགེ་འདུན་པ་མང་བོ་འདུས་ཤིང་དར་བཞིན་པའི་སྒང་ཡིན། མདོ་སྨད་ཆོས་འབྱུང་དུ་གསུངས་བ་ལྟར་ན། སྤྲུལ་སྐུ་དགེ་ལེགས་དྷརྨས(རེབ་ཚའི་བཀའ་འགྱུར་བ་སྐུ་ཕྲེང་དང་བོ)བཏབ་པའམ་བསྐལ་བཟང་དབོན་པོ་སོགས་ཀྱིས་བཏབ་ནས་ཁོང་ལ་ཕུལ། བླ་མ་བསོད་ནམས་ཆོས་དབང་ནས་འདི་བའི་བར་བླ་རབས་བཅོ་བརྒྱད་སོང་ཟེར་བའང་སྣང་། འདིའི་སྔོན་སྐུ་ཕྲེང་གསུམ་ཙམ་ཕེབས་འདྲ་ཞེས་བཀའ་འགྱུར་བ་སྦྲུལ་སྐུས་གསུངས། དགེ་ལེགས་དྷརྨ་དང་དེའི་དཔོན་པོ་ཡོན་ཏན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། དགེ་ལེགས་དྷརྨའི་སྤྲུལ་སྐུ་བཀའ་འགྱུར་བློ་བཟང་ཉི་མ་སྟེ་རྨ་ཚུར་ཁའི་གྲོང་ཁྲོད་དབལ་ཤུལ་གྱི་རིགས་སུ་འཁྲུངས། ཁོང་དགུང་ལོ་བརྒྱད་བཅུ་བརྒལ་ནས་ས་ཁྱི(སྤྱིལོ1778)ལ་བྲག་ལུང་རི་ཁྲོད་དུ་གཤེགས་པ་ལྟར་ན་དགོན་པ་འདི་ཧ་ལམ་རབ་བྱུང་བཅུ་གསུམ་པའི་ནང་བཏབ། ཁོང་ནི་བཀྲ་ཤིས་འཁྱིལ་གསར་ཚུགས་ཀྱི་གྲྭ་རྒྱུན། ཀུན་མཁྱེན་མཆོག་དང་ཁྲི་རྒན་སོགས་ལ་བསྟེན་ནས་ཐུགས་གཉེར་མཐར་ཕྱིན་པ་མཛད་པས་དགེ་བཤེས་གྲགས་ཆེ། དེའི་སྦྲུལ་སྐུ་དཀོན་མཆོག་དམ་ཆོས་ཡར་འཕེལ་ཏེ་མཛོད་དགེ་སྨད་ནས་ས་ཕག་ལོར་འཁྲུངས།དགུང་ལོ་བརྒྱད་པ་ལ་ཀུན་མཁྱེན་བར་མ་ལས་དགེ་ཚུལ་བསྒྲུབ། ཐུགས་རྗེ་ཆེན་པོའི་རྗེས་གནང་དང་བཀྲ་ཤིས་འཁྱིལ་དུ་མི་ཏྲའི་དབང་གསན་པ་དང་འདོན་ཆ་དང་སུམ་རྟགས་སོགས་ཞིབ་པར་བསླབས། ཉི་ཤུ་བ་ལ་གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས་ཤིང་ཁོང་རིན་པོ་ཆེ་རང་གི་གདན་སར་སྤྱན་དྲངས་པ་དང་དབུས་སུ་ཕེབས་ཏེ་རྒྱལ་དབང་དང་པན་ཆེན་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་དུ་མར་ཆོས་འབྲེལ་ཞུས། ཁོང་ལ་གུང་ཐང་འཇམ་པའི་དབྱངས་ཀྱི་རྟོགས་བརྗོད་ཆོས་དུང་དཀར་པོའི་སྒྲ་དབྱངས། དོན་རྒྱན་སོ་ལྔའི་དཔེ་བརྗོད། རྣམ་ཐར་དུ་མ། བླ་མཆོད་ཟིན་བྲིས་སོགས་བརྩམས་ཆོས་མང་། དགུང་ལོ་ལྔ་བཅུའི་ནང་གཤེགས། སྤྲུལ་སྐུ་མེད་གསུངས། འོན་ཀྱང་སྐུ་རྩ་རྣམས་ཀྱིས་ནན་ཞུས་ལྟར་ཀུན་མཁྱེན་མཆོག་གིས་དངུལ་རྭར་འཁྲུངས་པའི་གསུང་རབ་རྒྱ་མཚོ་མཆོག་ཀྱང་ཡང་སྲིད་ཡིན་པར་ངོས་བཟུང་ནས་བླ་ཚབ་ཏུ་གནང་། སྐུ་དཔོན་ཡོན་ཏན་རྒྱ་མཚོ་ལྷ་ཁང་ལྟག་ཏུ་རེབ་ཚེའི་རིགས་སུ་སྐུ་འཁྲུངས། ལོ་གསུམ་བཞི་ནས་དམིགས་བརྩེ་མ་དང་ཨ་ར་པ་ཙ་བཏོན། སྤྲུལ་བའི་སྐུ་དགེ་ལེགས་ཆོས་དར་ལས་རབ་བྱུང་དགེ་ཚུལ་བསྒྲུབས་ཏེ་སྐུ་དྲུང་དུ་བཅར་ནས་འདོན་ཆོས་རྫོགས་པར་བསླབས། དགུང་ལོ་བཅུ་བདུན་སྟེང་དབུས་སུ་དགའ་ལྡན་ཆོས་གྲྭར་དགུང་ལོ་ལྔ་བཅུའི་བར་བཞུགས་ཤིང་ལོ་ཤས་རིང་དགོན་བསྐྱངས། དེ་ནས་སྤྲོས་པ་བཙན་ཆོད་ཀྱིས་དུང་རི་སྟེང་ཁར་ཚེ་དང་སྒྲུབ་པ་སྙོམས། བདུན་ཅུའི་ནང་གཤེགས། དེའི་སྤྲུལ་སྐུ་ཀླུ་ཤོད་དུ་འཁྲུངས་པ་ངག་དབང་བྱམས་པ་སྔོན་ནས་རྗེས་དྲན་གྱི་མཛད་པ་གསལ། སྨན་རྩིས་སྙན་ངག་ལ་མཁས། བྱང་ཆུབ་མི་ལའི་སློབ་མ། དེ་ཉིད་ཀྱི་བསྟོད་པ་རིན་ཆེན་ཕྲེང་མཛེས་སོགས་བརྩམས་ཆོས་འགའ་རེ་སྣང་། ཉི་ཤུ་བ་ལ་འབྲས་སྤུངས་སྒོ་མང་དུ་བཀའ་པོད་སྦྱངས་པས་ལྷ་རམས་པ་ཐོན། ལྔ་བ་ཆེན་པོ་ལས་བསྙེན་པར་རྫོགས། རྒྱལ་དབང་མཆོག་ནས་ཧུ་ཐོག་ཐུ་མེརྒན་ཆོས་རྗེའི་ཆོ་ལོ་ དང་བཀའ་ཤོག རྗེ་ཉིད་ནས་བསྒྲུབ་གནང་མཛད་པའི་དགེ་འདུ་བའི་འཁོར་ལོ་བཅས་གནང་། མཐར་དཔོན་པོ་བསོད་ནམས་ལྷུན་གྲུབ་ལ་གདན་ས་གཏད་དེ་རང་ཉིད་བྲག་ལུང(བྲག་ལུང་རི་ཁྲོད་སྐུ་རྗེས་མས་བཏབ་ཟེར་བའང་སྣང)དུ་བཞུགས་ཤིང་དགུང་ལོ་ང་བཞི་བ་ལ་གཤེགས།  དེའི་སྤྲུལ་སྐུ་ལྷ་ཁང་ལུང་བ་དགེ་འདུན་རྒྱ་མཚོ་རྔོག་རིགས་སུ་འཁྲུངས། ཆུང་དུས་ནས་ཐུབ་པ། བྱམས་པ། རྗེ་རིན་པོ་ཆེ་སོགས་ཀྱི་གཟིགས་སྣང་བྱུང་། ལྷ་མོ་དང་བེ་ཧར་གྱི་སྲུང་སྐྱོང་གཡེལ་མེད་མཛད། ཆོས་འཁོར་བ་བསོད་ནམས་དཔལ་འབྱོར་ཀློག་གི་སློབ་དཔོན་དུ་བསྟེན་ཏེ་འདོན་ཆོག་ལ་སྦྱངས། བདུན་པ་ལ་བཀྲ་ཤིས་འཁྱིལ་དུ་ཁྲི་རྒན་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས།
           རོང་བོ་ཆོས་པའི་སློབ་མ་སྟག་ལུང་བ་བསྟན་པ་དར་རྒྱས་དང་པོ་ཏོ་བ་རིན་ཆེན་གསལ་དུ་འཁྲུངས་པའི་སྐྱེ་བ་དྲན། སྐུ་དངོས་ཀྱི་རྣམ་ཐར་དཀའ་བཅུ་སྤྲུལ་སྐུས་བསྒྲིགས་པ་ཡོད། རི་ཁྲོད་ཡིད་དགའ་ཆོས་འཛིན་དང་ལུང་ནག སྦོག་པའི་སྒང་། གསེར་འོད་མདོ(རྔ་རྒོད་ནམ་མཁའ་སེངྒེ་འཁྲུངས་ཡུལ)ཐང་ཚང་སྟེ་རྔོག་དགེ་དགོན་སྡེ་ལྔའི་དགེ་འདུན་རྣམས་འདིར་འཚོགས་ནས་དབྱར་སྟོན་རྡུལ་མཚོན་ལ་བརྟེན་ནས་ཀུན་རིག་དང་གསང་འདུས་སྒྲུབ་མཆོད་ཉིན་བདུན་རེ་ཆག་མེད་མཛད་པའི་སྲོལ་ཐོག་མར་གཏོད། མེ་ཁྱི་ལོར་ཀུན་མཁྱེན་མཆོག་ཅོ་ནེར་ཕེབས་ལམ་རང་དགོན་དུ་གདན་དྲངས། ཆོད་གཞིས་རྔོག་ཚོ་བ་ལྔ་ནི་རྔོག་ཆོས་སྐུ་རྡོ་རྗེ་དང་རུས་གཅིག་ཏུ་གཏོགས་ཟེར། དོན་དྲུག་པ་མེ་སྦྲུལ(སྤྱི་ལོ1857)ལ་གཤེགས། དེའི་སྤྲུལ་སྐུ་དཀོན་མཆོག་འཕྲིན་ལས་རྒྱ་མཚོ(སྤྱི་ལོ1801-1875)གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས། དེའི་སྦྲུལ་སྐུ་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ། དེའི་སྦྲུལ་སྐུ་དགེ་འདུན་འཕྲིན་ལས་རྒྱ་མཚོའི་འཁྲུངས་ཡུལ་ཅོ་ནེའི་ཨ་འཁོར་རྔོག་པའི་ནང་ཞེས་པའི་དྲན་པ་སོགས་སྦྲུལ་སྐུ་དུ་མ་འཁྲུངས་པའི་གྲོང་དེ་ཡིན།
           དགུང་ལོ་བཅུ་དྲུག་གི་སྟེང་ལྕགས་ལུག་ལོའི(སྤྱི་ལོ1931)སྣྲོན་ཟླའི་ཡར་ངོར་ཀུན་མཁྱེན་ལྔ་བ་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་སྒོ་མང་མཁན་པོ་ངག་དབང་དགེ་ལེགས་པའི་སྦྲུལ་སྐུ་བསྐལ་བཟང་མཁས་གྲུབ་རྒྱ་མཚོ་བཅས་རེབ་ཚའི་བླ་སྦྲུལ། དཔོན་པོ། གཉེར་བ། ཞལ་ངོ་། གྲྭ་ཚང་གི་ལས་བྱེད་མི་སྣ། རྔོག་ཚོ་བ་ལྔའི་སེམས་ ཤེས་བཅས་ཐམས་ཅད་འདུན་པ་གཅིག་བསྒྲིལ་དངོས་ནས་དགོན་སྡེ་ཆེ་ཆུང་བཅུ་བོ་ཕྱོགས་གཅིག་ཏུ་བསྡུས་ཏེ་མདོ་སྔགས་ཟུང་གི་བཤད་གྲྭའི་བཅའ་ཡིག་ཆོས་ཁྲིམས་ཀྱི་བདག་པོ་དང་ཆོས་མགོ་བླ་བྲང་ལ་གཏད་ཅིང་རྒྱལ་མོའི་དགའ་ལྡན་དར་རྒྱས་གླིང་ཞེས་མཚན་གསོལ་བ་དང་དགོན་མ་ལག་དུ་མའི་གྲས་ལྟར་ཁྲི་བ་དང་ཞལ་ངོ་བར་མ་ཆད་པར་མངག་རྒྱུ་བཅས་ཐོག་ཀུན་མཁྱེན་ལྔ་བའི་དགོན་ལག་སྔ་གྲལ་དུ་ཚུད། གཞན་རྒྱལ་མོའི་དགོན་ཞེས་པ་ནི་ལྷ་ཁང་ལུང་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་དུ། དགོན་འདི་ལ་འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་མས་མངོན་སུམ་དུ་བདག་གིར་མཛད་པའི་གནས་ཆོས་ཀྱི་སྡེ་ཆེན་པོ་རྒྱལ་མོའི་བསམ་གྲུབ་གླིང་ཞེས་མཚན་གསོལ་ཅེས་སོ།
           བར་སྐབས་སུ་རྔོག་དགོན་སྡེ་ཆེ་ཆུང་བཅུ་དང་རེབ་ཚ་སྒྲུབ་སྡེ་བཅོ་བརྒྱད་ཅེས་གླེང་བར་བྱ། དགོན་སྡེ་བཅུ་བོ་ལས་ཚ་མདོ་དགོན་དགའ་ལྡན་བཤད་སྒྲུབ་གླིང་གུག་ཆེན་ཞབས་དྲུང་གོང་མས་བཏབ། ཁ་འཛིན་རེབ་ཚ་ནང་བས་བྱེད། དགོན་ལི་མཁས་མཆོག་འདི་ནས་འཁྲུངས། ཤིང་ར་དགོན་བཀྲ་ཤིས་དགེ་འཕེལ་གླིང་གུག་ཆེན་ཞབས་དྲུང་གིས་བཏབ། ཁ་འཛིན་རེབ་ཚ་ནང་བས་བྱེད། བསམ་གྲུབ་བསྟན་འཛིན་རྒྱ་མཚོ་དང་ཨ་མཆོག་མུ་ཏོ་ཚང་དགོན་འདིའི་ནང་ཚན་དུ་འཁྲུངས། རྔོག་སྦོག་པའི་སྒང་དབང་རྒྱལ་ལྷ་རིའི་དགོན་བཤད་སྒྲུབ་གླིང་ཆས་པ་སྐུ་སྐྱེས་ཀྱིས་བཏབ། རྒྱ་ནག་ནས་གདན་དྲངས་པའི་རྒྱ་ནག་ཆོས་འཁོར་ཟེར་བ་ཐན་སེལ་ཆར་བསུ་ནུས་ལྡན་ཅན་བཞུགས་པ་ད་ལྟའང་ལུས། ལྷ་ཁང་ལུང་བ་རྗེ་དགེ་འདུན་རྒྱ་མཚོ་དང་ཁོང་གི་དངོས་སློབ་བམ་ཁོང་གི་རྟོགས་བརྗོད་རྩོམ་མཁན་ཆས་པ་སྐུ་སྐྱེས་གཉིས་འདི་ནས་འཁྲུངས་པར་གྲགས། སྐུ་རྗེས་མར་ཁྭ་ཏའི་བསྟན་བཅོས་སོགས་བརྩམས་ཆོས་ཐོར་བུ་མང་། གསེར་འོད་མདོ་དགའ་ལྡན་བཤད་སྒྲུབ་གླིང་རྭ་ལུང་དཔོན་སློབ་བློ་བཟང་ཤེས་རབ་ཀྱིས་བཏབ། རྒྱལ་བ་རྡོ་རྗེ་འཆང་དང་མགོན་པོ་ཕྱག་དྲུག་པ་བྱིན་ཅན་ཡོད་པ་ད་ལྟའང་བཞུགས། རྔ་རྒོད་བྱམས་པ་རབ་རྒྱས་དང་བླ་མ་རིན་ཆེན་ཆོས་བཟང་དེ་ནས་འཁྲུངས། ཐང་ཚང་དགོན་དགའ་ལྡན་བསམ་གྲུབ་གླིང་ཐང་ཚང་བློ་བཟང་ཤེས་རབ་ཀྱིས་བཏབ། འདི་བས་རྗེ་ཙོང་ཁ་བའི་སྐུ་བྱིན་ཅན་གཅིག་སོག་ཡུལ་ནས་གདན་དྲངས་ཟེར། ལུང་ནག་སྒར་ཐུབ་བསྟན་རབ་རྒྱས་གླིང་འདེབས་པ་པོ་མི་གསལ། ཀུན་མཁྱེན་སྐུ་ཕྲེང་བཞི་བས་གནང་བའི་ཐུབ་པ་རྡོར་གདན་མ་ད་ལྟའང་བཞུགས། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་དང་སྡེ་བ་ཚང་གི་སྨན་པ་ནོར་བུ་དང་སྨན་པ་བན་ཕྲུག  སྨན་པ་ཨ་སེར་རྒྱ་མཚོ་བཅས་འདི་ནས་བྱོན། རེབ་ཚ་ཕུད་དགོན་བཀྲ་ཤིས་ཆོས་གླིང་འདེབས་པོ་མི་གསལ། རྔ་རྒོད་སྐུ་ཕྲེང་གིས་བསྐྱངས། མཚོ་ཁ་བ་དཀོན་མཆོག་ཆོས་འཕེལ་གྱིས་བཞེངས་པའི་བྱམས་སྐུ་ཇོ་སྐུ་དང་ཨ་སྐྱིད་སྟོབས་ལྡན་སྤྲུལ་སྐུས་ཕུལ་པའི་བཀའ་འགྱུར་དེར་བཞུགས། ལོ་བའི་སྒར་བཀྲ་ཤིས་ཆོས་འཁོར་གླིང་རོང་ཁམས་ཞབས་དྲུང་གིས་བཏབ། ཕྱམ་དཀར་དང་ཉང་ཚང་ཁྲིར་ཕེབས། བྱམས་པ་གསུང་འབྱོན་མ་ཞིག་རྟེན་དུ་བཞུགས། ཀྱི་ལི་སྒར་དགའ་ལྡན་རབ་རྒྱས་གླིང་རོང་ཁམས་ཞབས་དྲུང་གིས་བཏབ། ཤ་རིའི་རི་ཁྲོད་པ་དཀོན་མཆོག་ཕུན་ཚོགས་འདི་ནས་འཁྲུངས། རེབ་ཚ་སྒྲུབ་སྡེའི་མ་དགོན་རྒྱལ་མོ་བསམ་གྲུབ་གླིང་སྦྲུལ་སྐུ་དགེ་ལེགས་དྷ་རྨས་བཏབ། གོང་ཁའི་བྱམས་པ་བྱིན་ཅན་དང་འཁར་རྔ་བྱིན། སྦུབ་འགངས་ཆེན་བཅས་དེར་བཞུགས། དགོན་མ་ལག་གྲུབ་སྡེ་བཅོ་བརྒྱད་དུ་གྲགས་པ་ལྔ་མཆོད་སྨོན་ལམ་ལ་མཉམ་ཚོགས་ཀྱིས་དགེ་འདུན་ཉིས་སྟོང་ཉེ་བས་ཉིན་གསུམ་ལ་རས་བྲིས་སྟེང་ནས་གསང་འདུས་བདག་འཇུག་རྒྱུད་སྨད་ལྟར་དང་ཉིན་ལྷག་མ་རྣམས་ལ་རྒྱུད་སྟོད་ཕྱག་བཞེས་བཞིན་རྔ་ཆིངས་གཏོར་རྒྱག་ལོ་སར་ཚེས་གཏོར་བཅས་ཚུགས། འདུས་སྡེ་ནི་རྒྱལ་མོ་དང་། རྔོག ཐང་ཚང་། གསེར་འོད་མདོ། ལུང་ནག ཚ་མདོ། ཤིང་ར། རེབ་ཚ་ཕུད། གྱི་ལིང་། ལོ་བ་བཅས་བཅུ་དང་།  ཆོས་རྫོང་། རྡོ་དཀར། བྲག་དཀར། རྩེ་དབུས། ལྷ་འདུས། རྔ་རྒོད། བར་གདུངས། རོང་བོའི་དུ་ ཁོང་སྡོང་བཅས་བཅོ་བརྒྱད་ཡིན་ནོ།།
           རེབ་ཚའི་སྐུ་ཤོང་ངག་དབང་བློ་གྲོས་བསྟན་པ་ཞེས་པ་ནི་རང་སའི་ཨ་མགོན་ནང་དུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་དུ་ཞུགས་པར་ཡོངས་འཛིན་དཀོན་མཆོག་བསམ་གྲུབ་དང་འཛིན་གྲྭ་གཅིག  དགུང་ལོ་ཉེར་གཉིས་ལ་དབུས་སུ་སློབ་གཉེར་ཕེབས་ཏེ་ས་དགེ་རྙིང་གསུམ་གྱི་གདམས་པ་ལ་མངའ་བརྙེས་ཤིང་བཀའ་འགྱུར་གྱི་ལུང་ཐོབ། ང་བདུན་པ་རང་ཡུལ་དུ་ཕེབས་ནས་ལམ་རིམ་དང་ཀུན་རིག་བརྒྱན་འཇུག་གསང་འདུས་སོགས་ཀྱི་དབང་ལུང་བསྩལ། དོན་དྲུག་ལ་རང་ཡུལ་ནས་སྐུ་གཤེགས་པར་གདུང་རྟེན་ད་ལྟའང་དགོན་དུ་བཞུགས་ཤིང་ནང་རྟེན་དུ་གླང་དར་ཁྲིམས་ཕོག་མ་ཟེར་བ་བཞུགས། བྲག་ལུང་རི་ཁྲོད་དགེ་ལྡན་དར་རྒྱས་གླིང་དེ་སྔོན་སློབ་དཔོན་པདྨ་པཎྡི་ཏ་ཟླ་བ་ནག་པོ་དང་སྤྲུལ་སྐུ་བསོད་ནམས་ཡེ་ཤེས་ཆོས་དབང་སོགས་ཀྱིས་བྱིན་གྱིས་བརླབས་པའི་གནས། ཀུན་མཁྱེན་ལྔ་བ་མཆོག་གིས་གནང་བའི་སེང་གདོང་མ་བྱིན་ཅན། རིན་ཆེན་སྣ་ཚོགས་ལས་བཞེངས་པའི་སྨན་བླའི་ཕོ་བྲང་བྱིན་ཅན། རྒྱལ་བ་རྡོ་རྗེ་འཆང་བྱིན་ཅན་ཤར་ལི་བཅས་བཞུགས། ས་ཁྱི་ལོར་རྩ་བ་ནས་བསྣུབས་ཀྱང་ད་ལྟ་རི་ཁྲོད་སླར་གསོ་བྱས། སྔར་རྒྱལ་མོ་བསམ་གྲུབ་གླིང་གི་སྐུ་གསུང་ཐུགས་ཀྱི་རྟེན་ཐམས་ཅད་འཇིག་རྟེན་ནའང་ད་ལྟའང(སྤྱི་ལོ1982)སླར་གསོས་རྗེས་ནང་རྟེན་གཙོ་བོར་པཎ་ཆེན་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་གནང་བའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་དང་། གསེར་ཟངས་ལས་གྲུབ་པའི་ལི་སྐུ་མང་བོ་དང་གསུང་འབུམ་མང་བོ་ཡོད། དགོན་པར་གྲྭ་ཚང་གཉིས་ཏེ་རྨད་བྱུང་ཐོས་བསམ་གླིང་དང་སྨད་རྒྱུད་གྲྭ་ཚང་། སྔར་དགེ་འདུན་པ་ལྔ་བརྒྱ་ཙམ་འདུས་པ་ལ་ད་ལྟའང་ཉིས་བརྒྱ་ལྷག་བཞུགས། རེབ་ཚའི་སྦྲུལ་སྐུ་ལྷ་ཁང་ལུང་བ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་ཅོ་ནེའི་གསེར་གཞོང་ནང་དུ་ཡབ་བན་དེ་ཕྱུག་དང་ཡུམ་རྟ་མགྲིན་འཚོའི་སྲས་སུ་འཁྲུངས་ཤིང་ཀུན་མཁྱེན་སྐུ་ཕྲེང་ལྔ་བས་ངོས་འཛིན་མཛད།
           དགུང་ལོ་བདུན་སྟེང་སྟོབས་ལྡན་སྤྲུལ་སྐུ་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། ཉི་ཤུ་བ་ལ་བླ་མ་དེ་ཉིད་ལས་བསྙེན་པར་རྫོགས་ཤིང་ད་ལྟ་འཚོ་བཞུགས་ཀྱི་སྐབས་ཡིན། འབྲས་སྒོ་མང་མཁན་སྤྲུལ་བསྐལ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་དགུང་ལོ་ལྔ་བཅུ་ལ་གཤེགས། དེའི་སྤྲུལ་སྐུ་བསྐལ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཅོ་ནེ་རྫོང་གི་ཐང་ཚང་ཨ་མགོན་ དེའུ(རེབ་ཚའི་བླ་དཔོན་སྐར་མ་གསུང་རབ་རྒྱ་མཚོའི་འཁྲུངས་ཡུལ)ཡབ་ཚེ་དཔག་རྡོ་རྗེ་ དང་ཡུམ་བན་དེ་འཚོའི་སྲས་སུ་འཁྲུངས། དགུང་ལོ་བཅུ་དགུའི་སྟེང་རང་དགོན་དུ་ཚེ་དབང་ ཐོབ། གྲོང་སྐྱེའི་ཚུལ་དུ་བཞུགས། རེབ་ཚའི་སྤྲུལ་སྐུ་དང་། མཁན་པོ་སྐལ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན། དུས་འཁོར་སྤྲུལ་སྐུ་བསྐལ་བཟང་མཁས་གྲུབ་རྒྱ་མཚོ་གསུམ་པེ་ཅིན་དུ་པན་ ཆེན་བཅུ་བ་གདན་འདྲེན་ཕེབས་སྐབས་རིན་པོ་ཆེ་ཁོང་གིས་ཀླུ་དབང་རྒྱལ་བོའི་ཐང་སྐུ་བྱིན་ཅན་གཅིག་དང་ན་བཟའ། ཕྱག་ཚྭ། འདྲ་པར་གནང་བ་དང་གུང་ཐང་དྲུག་པས་སྐྱེ་རབས་སོ་བཞིའི་ཐང་ག་ཆ་ཚང་། ཐུབ་པ་རྡོར་གདན་མ་བྱིན་ཅན་བཅས་གནང་བ་དགོན་ནང་བཞུགས། སྤྱི་ལོ1982ལོར་པཎ་ཆེན་རིན་པོ་ཆེ་རང་དགོན་དུ་ཕེབས་ནས་ཕྱག་དབང་ཆོས་བཀའ་མང་དུ་བསྩལ་བ་དར་ཤིང་བྱི་ལོར་གུང་ཐང་བསྟན་པའི་དབང་ཕྱུག་ཕེབས་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་དང་འཇམ་དབྱངས་དམར་སེར་གྱི་ཚེམ་དྲུབ་གཅིག་གནང་། མེ་སྟག་ལ་ཀུན་མཁྱེན་དྲུག་པ་ཕེབས་ནས་དགོན་པས་རང་ཁ་རང་གསོ་བྱེད་པར་ཞལ་བཀོད་གནང་། རྗེ་རིན་པོ་ཆེའི་ལི་སྐུ་ཞིག་གནང་བར་བཤད