ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

རེབ་གོང་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་།

སྤེལ་དུས 2019-04-17 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            རེབ་གོང་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནི། མདོ་སྨད་ལྷོ་རྒྱུད་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཤིག་ཡིན་པ་དང་། རེབ་གོང་རོང་འབྲོག་གི་དགོན་སྡེ་མ་ལག་སོ་ལྔ་དང༌། སྒྲུབ་སྡེ་དགའ་ཚལ་བཅོ་བརྒྱད་དུ་གྲགས་པ་ཀུན་གྱི་མ་དགོན་དུ་གྱུར་ཡོད། དགོན་བདག་གཙོ་བོ་ནི་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་ཡིན། མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ལེ་ལག་དང་བཅས་པའི་ཡུལ་དབུས་སུ་ཆགས་ཡོད་ཅིང༌། དེ་ནི་བོད་དབུས་ཕྱོགས་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་མཁས་གྲགས་ཀྱི་སྙན་པ་འབར་བ་རོང་ཆེན་ལྷ་རྗེ་ཞེས་ཞུ་བ་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་དང་མཇལ་འཛོམས་ཀྱི་སྐབས་ཤིག་ན། འགྲོ་མགོན་འཕགས་པས། ཁྱོད་ཨ་མདོར་སོང་དང༌། ས་རྡོ་རྗེ་འདྲ་བའི་སྐེད་པར་ཁྱོད་ཀྱི་རིགས་རྒྱུད་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་དགོས་པ་ཡོད་ཅེས་སོགས་ལུང་གིས་བསྔགས་པ་ལྟར། མདོ་སྨད་རེབ་གོང་དུ་བྱོན་ནས་ས་སྐྱ་བའི་གྲུབ་མཐའ་སྤེལ་ཞིང་དེར་འགྲོ་ཕན་ཆེ་བ་བྱུང་ཚུལ་ལོ་རྒྱུས་རྣམས་སུ་གསལ་བ་དེ་ལྟར་དང། དུས་ཕྱིས་ན་ཁོང་གི་རིགས་རྒྱུད་དུ་བལྟམས་པ་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་བོད་རབ་བྱུང་དྲུག་པའི་ཆུ་རྟ་སྤྱི་ལོ་1342ལོར་རོང་བོ་རྒྱལ་ཐང་གི་དབུས་སུ་བདེ་ཆེན་ཆོས་འཁོར་གླིང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པའི་གདན་གཞི་འདིངས་གནང་མཛད་པའི་ཐོག་མར་ས་འཛིན་ལྷ་ཁང་གསར་བཞེངས་མཛད་ཅིང༌། དེའི་སྐུ་མཆེད་བློ་གྲོས་སེང་གེས་དུས་གསུམ་སངས་རྒྱས་དང་མགོན་པོ་རྭ་སྐྱེས་ལྷ་ཁང་སོགས་བཞེངས་པ་ནི་དགོན་པ་འདི་འབྲེལ་གྱི་བཟོ་སྐྲུན་ལས་གཞིའི་ཐོག་མ་ཡིན། ལྕགས་རྟ་སྤྱི་ལོ་1630ལོར་མཁས་གྲུབ་ཆེན་པོ་ཤར་སྐལ་ལྡན་རྒྱ་མཚོས་རོང་བོའི་གདན་ས་ཆེན་པོར་ཐོས་བསམ་རྣམ་རྒྱལ་གླིང་ངམ་རྩོད་གྲྭ་བཙུགས་ཏེ་ལུགས་གཉིས་ཀྱི་སྒོ་ནས་བསྐྱངས་པས་འཆད་ཉན་དབྱར་མཚོ་བཞིན་འཕེལ་ཞིང༌། གཞན་ཡང་རྗེ་འདི་ཉིད་ཀྱིས་མདོ་སྨད་ཀྱི་དབེན་གནས་བརྒྱ་རྩ་བརྒྱད་དུ་སྐུ་ཚེ་གང་བོར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་མདོ་སྨད་སྒྲུབ་བརྒྱུད་ཀྱི་ཤིང་རྟ་བ་ཆེན་པོ་ཞེས་ཆེ་རྒུ་མཐའ་དག་ནས་བསྟོད་ཅིང་བསྔགས། 
            ཤིང་སྟག་སྤྱི་ལོ་1734ལོར་ཤར་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོས་རྒྱུད་གྲྭ་གསང་ཆེན་ཆོས་གྱི་བང་མཛོད་ཕྱག་འདེབས་མཛད་ཅིང༌། ཆུ་ཁྱི་སྤྱི་ལོ་1742ལོར་རོང་བོར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཏོད། ཆུ་སྦྲུལ་སྤྱི་ལོ་1773ལོར་ཤར་སྐྱབས་མགོན་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱིས་དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་བཏབས་པ་བཅས་གྲྭ་ཚང་གསུམ་ཡོད། སྐུ་ཕྲེང་བཞི་བ་བློ་བཟང་ཆོས་གྲགས་རྒྱ་མཚོས་ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་གསར་བཞེངས་ཐོག་ཤར་བླ་བྲང་ཆེན་མོ་རྒྱ་བསྐྱེད་གནང་བས་མཚོན། ཕྱིས་ན་ཤར་སྐྱབས་མགོན་སྐུ་ཕྲེང་བདུན་པས་དགོན་ཆེན་གྱི་གཞི་ཁྱོན་སྔར་ལས་རྒྱས་བསྐྲུན་མཛད་འབྲེལ། སྐབས་དེར་གཙུག་ལག་ཁང་དང་ལྷ་ཁང་ཆེ་ཆུང་ཁྱོན་བསྡོམས་སུམ་ཅུ་སོ་གཅིག་དང༌། བླ་བྲང་ཁག་བཞི་བཅུ་ཞེ་གསུམ། གྲྭ་ཤག་སུམ་བརྒྱ་ལྷག་དང་གྲྭ་བ་ཉིས་སྟོང་ཙམ་ཟིན་པའི་དགོན་སྡེ་ཆེན་པོ་ཞིག་ཏུ་གྱུར། ཆེས་ཡར་རྒྱས་རང་བཞིན་གྱི་གནས་སྐབས་དེར་ནི། དགོན་ཆེན་འདི་བཞིན་མདོ་སྔགས་རིག་གནས་ཀྱི་བསླབ་གཞི་ཆ་ཚང་བའི་ཐོག་རྒྱ་ཆེ་ཞིང་ཚགས་དམ་ལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་བོད་ཀྱི་རིག་གནས་སྤྱི་བྱིངས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་ལྟེ་གནས་ཆེན་པོ་ཞིག་ཡིན། རོང་བོ་དཔལ་གྱི་དགོན་ཆེན་ལྟེ་བར་གྱུར་པའི་རེབ་གོང་ཡུལ་ལུང་སྤྱིའི་དབང་དུ་བྱས་ན། ཤེས་ཡོན་རིག་གཞུང་དང་ལག་རྩལ་རིག་གཞུང་གཉིས་ཐད་སློབ་གཉེར་དང་འབྲེལ་བའི་ཕྱག་སྲོལ་བཟང་པོ་ཡོད་པ་སྟེ། དེ་ཡང་དབུས་ཕྱོགས་སུ་སྨན་ལུགས་དང་མཁྱེན་ལུགས། ཕྱི་སྒང་ལུགས་བཅས་ཀྱི་ལྷ་བྲིས་ཕྱག་རྒྱུན་དར་ཁྱབ་ཡོད་པ་དེ་བཞིན་གྱི་བྲིས་རྩལ་མཁས་པ་ཁག་ཅིག་རོང་ཆེན་ལྷ་རྗེས་ཕྱག་ཕྱིར་འཁྲིད་དེ་ཡུལ་འདིར་གདན་དྲངས་འོང་པའི་རྗེས་འབྲེལ་ལྟ་བུར། ལྷ་བྲིས་སྒྱུ་རྩལ་གྱིས་ཐོག་དྲངས་པའི་བཟོའི་རིག་གནས་ཀྱང་དར་རྒྱས་ཆེན་པོ་བྱུང་བའི་ཚུལ་ནི། སྔོན་དང་ད་ལྟའི་གནས་བབ་གང་ནས་དེད་ཀྱང་མདོ་སྟོད་སྨད་ཀྱི་དགོན་སྡེ་དང་འབྲེལ་བའི་ལྷ་ཁང་སོགས་ཀྱི་ཕྱི་ནང་བཟོ་སྐྲུན་སྒྱུ་རྩལ་ཐད་རེབ་གོང་ལྷ་བྲིས་པ་དང༌། འབག་བཟོ་བ་སོགས་ཀྱིས་བསྐྲུན་བཞེངས་བྲིས་འབུར་གྱི་སྣང་བརྙན་གཞི་རྒྱ་གང་ཆེ་ཡོད་པ་དགོན་སྡེ་སོ་སོའི་གདན་རབས་དང་དཀར་ཆག་སོགས་ནང་མང་དུ་བཀོད་ཡོད་པ་ནས་ཤེས་རྟོགས་ཐུབ་པ་ཡིན། 
            སྤྱི་ལོ་1979ལོའི་ནང་བསྟན་པ་ཡང་དར་གྱི་མགོ་བོ་འདེགས་པའི་གོ་སྐབས་ཤར་མུར། ལོ་དེའི་ཟླ་བ་10པའི་ནང་ལྗོངས་འདིའི་བླ་སྤྲུལ་ཆེ་རྒུ་གང་ན་སུ་བཞུགས་གདན་འཛོམས་ཀྱིས་བསྟན་པ་སླར་གསོ་ཞུ་བའི་གྲ་སྒྲིག་འདུ་ཚོགས་བསྐངས་འབྲེལ། ཟླ་དེའི་ཚེས་28ཉིན་ཁ་སོ་སྔགས་རམས་པ་བློ་བཟང་འཇིགས་མེད་འཕྲིན་ལས་ཞབས་དགོན་པར་གཞི་འཛིན་དུ་ཆེད་ཕེབས་ཀྱིས་དེ་སྔར་རྒྱ་གཞུང་གིས་བཀག་སྡོམ་འོག་གནས་པའི་ལྷ་ཁང་ཤུལ་ལྷག་ཁག་རྩིས་བཞེས་གནང་བ་དང༌། སྤྱི་ལོ་1980ལོའི་ལོ་གསར་ཚེས་དགུའི་ཉིན་བཀའ་དྲིན་ཟླ་མེད་རྫོང་ཆུང་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་མཆོག་གིས་ཞབས་ཟུང་གདན་ས་ཆེན་པོར་བསྒྱུར་ཏེ། ཟླ་དེའི་ཚེས་10ལ་སེར་སྐྱ་སྟོང་ཕྲག་མང་པོར་ཕྱག་དབང་བསྩལ་བ་བཅས་ནི། ལྗོངས་འདི་དེ་འབྲེལ་དང་བཅས་པའི་སྐྱེ་བོ་མང་པོས་བསྟན་པ་ཡང་དར་གྱི་སྒོ་འཕར་ཡངས་པོར་ཕྱེ་གནང་མཛད་པ་ནི་བོད་ཁྱོན་ཡོངས་ལས་ཡང་དར་གྱི་ཐོག་མར་བགྲངས། ཚེས་11ཉིན་གྲྭ་མང་གིས་ངུར་སྨྲིག་གི་རྒྱལ་མཚན་བཞེས་ཏེ། རྫོང་ཆུང་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོས་སོ་ཐར་གྱི་མདོ་བསྒྲགས་འབྲེལ་བསྟན་པ་རིན་པོ་ཆེ་ཉམས་གསོའི་གཞི་རྩ་བརྟན་པར་མཛད་པ་ནས། སྔར་གྱི་ཕྱག་ལེན་མཐའ་དག་ཉམས་བཞེས་བསྐྱངས་མགོའང་སྟབས་གཅིག་ཏུ་ཚུགས་པ་གནང༌། ཚེས་13ཉིན་རྫོང་ཆུང་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་མཆོག་རེབ་གོང་སྐྱབས་མགོན་ཆེན་པོའི་རྒྱལ་ཚབ་ཏུ་བཞེངས་ཤིང༌། འདུས་ཚོགས་ནས་ཚོགས་འགྲིམས་སོགས་ཀྱིས་མཚོན་པའི་ཆོས་ཀྱི་དུང་བརྡ་ཐོག་མར་བཏང་ཞིང༌། ཁྱད་པར་འཕགས་བསྟོད་གསུང་སྒྲོག་གནང་སྟེ་རྟེན་འབྱུང་ལེགས་པར་མཛད་མུར། གཞུང་ལུགས་འཆད་པ་དང་རྩོད་པའི་ཆོས་གྲྭ་ཚུན་དབུ་འཛུགས་བསྐྱངས། སྤྱི་ལོ་1980ལོའི་བོད་ཟླ་9པའི་ཚེས་22ཉིན་ཏེ། ལྷ་བབས་དུས་ཆེན་དགེ་བའི་ཉིན་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་མཆོག་རེབ་གོང་རོང་བོ་དགོན་ཆེན་དུ་ཆིབས་བསྒྱུར་བསྐྱངས་ཏེ། མ་གཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང༌། སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་སོགས་ཀྱིས་ཐོག་དྲངས་པའི་གསུང་ཆོས་ཟབ་མོའི་བཀའ་དྲིན་བསྩལ་བ་སོགས་ཀྱི་བྱིན་སྟོབས་དང༌། གཞན་ཡང༌། ཆོས་སྡེ་ཆེན་པོ་འདིར་གཏོགས་དེ་འབྲེལ་དང་བཅས་པ་ནས་ཁུར་བསམ་ལྷུར་བཞེས་ཀྱིས་སྔར་གྱི་བཟོ་སྐྲུན་བྱིངས་ལས་ལྷག་ལུས་ཞིག་རོར་གྱུར་ཁག་ཉམས་གསོ་དང༌། རྩ་མེད་བཟོས་རིགས་བསྐྱར་གསོ་བཅས་ཞུས་ཟིན་ཞུ་བཞིན་ནས། དེང་གི་དུས་ན་རེབ་གོང་སྐྱབས་མགོན་སྐྱེ་ཕྲེང་བརྒྱད་པ་ཆེན་པོ་མཆོག་གིས་གཙོས་པའི་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་སྔར་གྱི་ཕྱག་བཞེས་ཚང་ལ་མ་ནོར་བ་བསྐྱངས་སྐྱོང་གནང་མུས་ཀྱི་སྐབས་ལགས་པ་སྟེ། སྤྱི་ལོ་1342ལོར་དགོན་ཆེན་འདི་གསར་འདེབས་བསྐྱངས་པ་ནས་ད་ལྟའི་བར་ཁྱོན་བསྡོམས་མི་ལོ་660པའི་ལོ་རྒྱུས་དོན་སྙིང་ལྡན་ཞིང༌། སྤྱི་ལོ་1342ནས་སྤྱི་ལོ་1958ལོའི་བར་གྱི་མི་ལོ་614རིང་གི་བཟོ་སྐྲུན་སྤྱི་ཡོངས་དར་ཞིང་རྒྱས་ཤིང་། དེའི་རྗེས་ཀྱི་མི་ལོ་བཅུ་གཉིས་ཙམ་རིང་གནས་འདིར་ལོ་རྒྱུས་ཀྱི་གོད་ཆག་ཤོར་ནའང་། སྤྱི་ལོ་1980ནས་བཟུང་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྔར་གྱི་བཀོད་ཉམས་ཆ་ཚང་བསྐྱར་བཞེངས་གྲུབ་པ་ནས། ཡང་སྒོས་སྔར་མུས་བསླབ་པ་སློབ་གཉེར་གྱི་འཕེལ་ཁའང་ཡར་ལྡན་དུ་ཡོད་པའི་སྐབས་ལགས་སོ། །