ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་།

སྤེལ་དུས 2019-08-19 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ།
      མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་ནི་པེ་ཅིན་གྲོང་ཁྱེར་གྱི་ནུབ་རིའི་བྱང་ངོས་སུ་ཆགས་ཡོད་ལ། པེ་ཅིན་གྲོང་ཁྱེར་ནས་སྤྱི་ལེ་ཉི་ཤུ་ཙམ་ལ་སོང་ན་གནས་དེར་ཐོན་ཐུབ། དེ་ནི་ཐང་རྒྱལ་རབས་ཀྱི་ཀྲིན་ཀོན་ཁྲི་ལོའི་དུས་སུ་གསར་དུ་བཞེངས་ཤིང་། དགོན་མིང་ལ་དགའ་ལྡན་གླིང་(兜率寺)ཞེས་ལེགས་སྦྱར་སྐད་གྱི་མཚན་གསོལ་ཞིང་། བོད་སྐད་དུ་དགའ་ལྡན་གླིང་ལ་གྲགས། མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་དེ་བྱང་ནས་ལྷོ་རུ་ཆགས་ཡོད་ལ། དགོན་པར་མ་ལག་གསུམ་གྱིས་གྲུབ་ཡོད།
      རྒྱལ་རབས་སོ་སོའི་ཆགས་འཇིག་དུ་མ་བརྒྱུད་ནས། དགོན་པའི་མཚན་ཡང་རྒྱལ་རབས་རིམ་བྱོན་ལྟར་འགྱུར་ལྡོག་གང་མང་བྱུང་མྱོང་ལ། ཆིང་རྒྱལ་རབས་ཀྱི་ཡུང་ཀྲིན་ཁྲི་ལོ་བཅུ་གཉིས་པའི་སྐབས་སུ། དགོན་པ་འདི་ཞིག་གསོ་བྱས་ཏེ། མཚན་ལ་རྣམ་རིག་གླིང་གསོལ་ཞིང་། སྔོན་ཆད་ཐང་རྒྱལ་རབས་ཀྱི་སྐབས་སུ་དགོན་པའི་ཁྲོད་དུ་ཙན་ཏན་དུ་བརྐོས་པའི་སངས་རྒྱས་མྱང་འདས་ཀྱི་སྐུ་བརྙན་ཞིག་བཞུགས་ཡོད་ལ། རྗེས་སུ་ཡོན་རྒྱལ་རབས་ཀྱི་དུས་སུ་ཟངས་ཀྱིས་རྒྱུ་ཆ་བྱས་པའི་སངས་རྒྱས་མྱང་འདས་ཀྱི་སྐུ་བརྙན་བླུགས་ཡོད་པས། མི་རྣམས་ཀྱིས་དགོན་པ་འདིར་སངས་རྒྱས་མྱང་འདས་དགོན་ནམ་མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་འབོད།
      པེ་ཅིན་གྱི་རྩི་ཤིང་ར་བའི་སྒོ་ཆེན་ནས་བྱང་དུ་ཕྱོགས་པའི་ལམ་ཆེན་བརྒྱུད་དེ་རི་འདབས་སུ་སླེབས་པ་ན་མདོ་བ་དགོན་གྱི་སྒོ་བྱང་དུ་བཀལ་བའི་“ཤེས་རབ་སྣང་གསལ།”ཞེས་པ་དེ་མཐོང་ཐུབ་ལ། ངག་རྒྱུན་ལྟར་ན་གནས་འདིར་ཤིང་གི་རྟ་བབས་ཤིག་ཡོད་ལ། ཕྱིས་སུ་གཏོར་བཤིག་ཐེབས་ནས་མེད་པར་བཟོས་སོང་ཟེར། ད་ལྟ་མཐོང་བ་ནི་བཅོས་བསྒྱུར་སྒོ་འབྱེད་རྗེས་ནས་སྔོན་གྱི་རྣམ་པ་ལྟར་ཨར་འདམ་དང་ངར་ལྕགས་ཀྱིས་བཅོས་པ་ཡིན་ལ། སྔོན་གྱི་རྣམ་པ་ལྟར་བཟོས་ཡོད་པར་སྐད།
      རྟ་བབས་སྒོ་ཁང་འདི་བརྒལ་རྗེས་འགྲམ་ངོགས་གཉིས་སུ་གནའ་བོའི་ཤུག་སྡོང་བརྒྱ་ལྷག་སྟར་ཕྲེང་དུ་བསྒྲིགས་ཡོད་ལ། ལམ་ཆེན་དེ་རི་བོའི་བབས་ལྟར་གྱེན་ལ་དྲངས་ཡོད་པས། ལྗང་མདོག་གི་ལམ་ཆེན་འདི་བརྒྱུད་དུས་ཤུག་པའི་དྲི་བསུང་གིས་སེམས་སུ་བདེ་སྣང་གི་ཚོར་བ་ཞིག་གནང་བྱུང་།
      དགོན་པའི་སྒོ་ཆེན་ནས་ནང་དུ་འཛུལ་མ་ཐག་ཟླ་གམ་དབྱིབས་ཀྱི་མཚེའུ་ཞིག་ཡོད་ལ། མཚེའུ་དེ་ཚེ་ཐར་གཏོང་ས་ཞིག་ལ། དབྱིབས་འདི་ལྟ་བུའི་མཚེའུ་ཤིན་ཏུ་དཀོན་པས་མདོ་བ་དགོན་གྱི་ཁྱད་ཆོས་ཤིག་ཏུ་བརྩི་བཞིན་ཡོད། མཚེའུ་ཁྲོད་དུ་ཚེ་ཐར་དུ་བཏང་བའི་ཉ་ཕྲུག་དང་རུས་སྦལ་ཆུང་ཆུང་མང་པོ་ཡོད་མོད། ཉ་ཆེན་པོ་དང་རུས་སྦལ་ཆེན་པོ་དཀོན་པས། བལྟས་ཚོད་ལ་དཔལ་འབྱོར་འཁོར་རྒྱུགས་བྱེད་བཞིན་ཡོད་པ་ཨེ་ཡིན་སྙམ་པའི་ཚོར་བ་ཞིག་སེམས་པའི་གཏིང་ནས་སྐྱེས། མཚེའུའི་སྟེང་གི་ཟམ་པ་བརྒལ་རྗེས་“མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་(十方普觉寺)”ཞེས་པའི་མཚན་བྱང་མཐོང་ཐུབ་ལ། སྒོ་བྱང་འདི་སྔོན་ཆད་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་ཕྱག་བྲིས་ཡིན་མོད། ད་ལྟ་བཀལ་ཡོད་པ་ནི་ཀྲའོ་ཕུའུ་ཁྲུའུ་ཡིས་ཕྱག་རྒྱུན་རེད་ཅེས་གསུང་བཞིན་འདུག
      གནམ་རྒྱལ་ལྷ་ཁང་གི་ཤར་ངོས་སུ་དགུན་མཇུག་མེ་ཏོག་ཚོམ་བུ་ཞིག་ཡོད་ལ། ངག་རྒྱུན་ལྟར་ན་ཐང་རྒྱལ་རབས་ཀྱི་ཀྲིན་ཀོན་ཁྲི་ལོའི་བར་སྐབས་ཤིག་ལ། དགུན་མཇུག་མེ་ཏོག་སྐམ་པར་གྱུར་མོད། རྗེས་སུ་ཡང་བསྐྱར་ཚེ་སྲོག་རྒྱས་ནས་ཚང་ཚིང་དུ་ཆགས། དེ་བས་གནས་འདི་ལ་གཉིས་བཞད་དགུན་མཇུག་མེ་ཏོག་ཀྱང་ཟེར། ལོ་ངོ་འདི་དག་གི་རིང་ལ། བགྲང་བྱ་སྟོང་ཕྲག་བརྒལ་བའི་གནའ་བོའི་དགུན་མཇུག་མེ་ཏོག་འདི་སྔོན་ལས་ཀྱང་མཛེས་སྡུག་རྣམ་པར་བཀྲ་བས། ལོ་རེའི་དཔྱིད་མགོའི་དུས་སུ་དགུན་མཇུག་མེ་ཏོག་ལ་དགའ་ཞེན་ཆེ་བའི་ཡུལ་སྐོར་བ་དང་པར་ལེན་སྒྱུ་རྩལ་ལ་དགའ་བའི་ཞེན་མི་མང་པོ་ཞིག་གནས་འདིར་སླེབས་ནས་མཛེས་ལྗོངས་མྱོང་རོལ་བྱེད་བཞིན་ཡོད་ལ། མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་གི་དགུན་མཇུག་མེ་ཏོག་གི་མཚར་ཉམས་དེ་རྒྱལ་སའི་དགུན་མཇུག་མེ་ཏོག་གི་ཡང་རྩེ་ཡིན་པའི་བཤད་སྲོལ་ཡོད།
      ཚོགས་ཆེན་འདུ་ཁང་ཁྲོད་དུ་དགོན་པ་གཞན་དང་འདྲ་བར་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་བཞུགས་ཡོད་ལ། ངག་རྒྱུན་ལ་སྔོན་ཆད་གནས་འདིར་ཐང་རྒྱལ་རབས་ཀྱི་ཙན་དན་དུ་བརྐོས་པའི་སངས་རྒྱས་མྱང་འདས་ཀྱིས་སྐུ་བརྙན་བཞུགས་ཡོད་ཟེར་མོད། སངས་རྒྱས་མྱང་འདས་ཀྱི་སྐུ་བརྙན་དེ་མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་མགོར་གར་སོང་ཆ་མེད་དུ་གྱུར། ཆན་ལུང་ཁྲི་ལོའི་དུས་སུ་དགོན་པ་ཞིག་གསོ་བྱེད་སྐབས་ཙན་དན་གྱི་སངས་རྒྱས་མྱང་འདས་ཀྱི་སྐུ་བརྙན་བཞུགས་སའི་ལྷ་ཁང་བསྒྱུར་ནས་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་བྱས།
      ཚོགས་ཆེན་འདུ་ཁང་གི་མདུན་སྒོའི་ཀླད་ངོས་སུ་“སྡོང་གཉིས་བབས་བསྟུན།”ཞེས་པའི་ཆན་ལུང་གི་ཕྱག་བྲིས་སྒོ་བྱང་བཀལ་ཡོད་ལ། ཚིག་འདིའི་ནང་དོན་ཅི་ཡིན་བསམ་ན། སྔོན་འདུ་ཁང་མདུན་དུ་བཙུགས་པའི་སྤོས་དཀར་ཤིང་རྐང་གཉིས་པོ་དེ་དང་འབྲེལ་བ་ཡོད་པར་འདོད་ལ། ཡིད་ཕངས་བ་ཤིག་ལ་ཆིང་གི་དུས་མཇུག་ལ་ལྷ་ཤིང་འདི་གཉིས་སྐམ་པར་གྱུར།
      ཚོགས་ཆེན་འདུ་ཁང་གི་ལོགས་སུ་གྲུབ་ཆེན་བཅོ་བརྒྱད་ཀྱི་ལྷ་ཁང་ཡོད། གྲུབ་ཆེན་བཅོ་བརྒྱད་ཀྱི་ཁྲོད་དུ་གཞན་དང་མི་འདྲ་བའི་གྲུབ་ཆེན་ཞིག་ཡོད་དེ། གྲུབ་ཆེན་དེའི་འབྲུག་རིས་བཀོད་པའི་ན་བཟའ་མནབ་ཡོད་ཅིང་དབུ་ལ་གསེར་ཞྭ་གྱོན་འདུག གྲུབ་ཆེན་འདིའི་སྐོར་ནས་ཅུང་ཟད་བཤད་ན། ངག་རྒྱུན་དུ་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་ནི་ནང་ཆོས་ལ་དད་པ་སྟོབས་པའི་སྐྱེས་བུ་ཞིག་ཡིན་ལ། ཁྲི་ལ་མ་གསོལ་བའི་སྔོན་རབ་དུ་བྱུང་བའི་འདུན་པ་དྲག་པོ་ཡོད་པར་བཤད། ཡིན་ཡང་རྒྱལ་སྲིད་འཁོར་ལོ་བསྐོར་བའི་ཆེད་དུ་དགེ་འདུན་པ་ཞིག་ཏུ་ཆགས་པའི་འདུན་པ་སྐོང་མ་ཐུབ། རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་སྐབས་ལ། ནང་པའི་དགོན་སྡེ་མང་པོ་ཞིག་གསོ་དང་རྒྱ་བསྐྱེད་གང་མང་མཛད་ཅིང་། མདོ་བ་དགོན་བསྐྱར་གསོ་བྱེད་དུས། ཁོས་རང་ཉིད་ཀྱི་ཆོས་དོན་དགེ་བ་རྫོགས་པར་འདོད་ནས། གྲུབ་ཆེན་བཅོ་བརྒྱད་ཁྲོད་ནས་གྲུབ་ཆེན་གཅིག་བླངས་ནས་རང་ཉིད་ཀྱི་སྐུ་བརྙན་གསོལ་དུ་བཅུག དེ་བས་དབུ་ལ་གསེར་ཞྭ་དང་ལུས་ལ་འབྲུག་རིས་ཅན་གྱི་གོས་ཆེན་མནབས་པའི་གྲུབ་ཆེན་འདི་བྱུང་བ་ཡིན་ལ། འདི་ནི་མདོ་བ་དགོན་གྱིས་གཞན་དང་བསྡུར་ན་མ་འདྲ་བའི་ཁྱད་ཆོས་ཤིག་ལ་བརྩི་བཞིན་ཡོད།
      སྔོན་ཆད་ཚོགས་ཆེན་འདུ་ཁང་གི་མདུན་དུ་བྱང་ཕྱོགས་སུ་དཀོན་པའི་སྤོས་དཀར་ཤིང་རྐང་གཉིས་ཡོད་པར་བཤད་ལ། དེ་ཡིས་མཉམ་མེད་ཇོ་བོ་ཤཱཀྱ་ཐུབ་པ་སྤོས་དཀར་ཤིང་གི་འོག་ནས་ཞི་བ་མྱང་འདས་བྱས་པ་མཚོན་ཞིང་། སྤོས་དཀར་ཤིང་དེ་གཉིས་མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་གི་རིན་པོ་ཆེན་སྣ་གཅིག་ལ་བརྩི་བཞིན་ཡོད། ཤིང་སྣ་འདི་མ་གཞི་རྒྱ་གར་ཡུལ་དུ་སྐྱེས་པའི་ནང་པའི་ལྷ་ཤིང་བཞིའི་ཡ་གྱལ་ཡིན། དེའི་འབྲས་བུ་ཆ་ར་དང་འདྲ་བས། བྱང་ཆུབ་ཤིང་འབྲས་ལྟར་ཕྲེང་བ་བྱེད་ཆོག་ལ། ནད་གསོ་བའི་ནུས་པ་ལྡན། ད་ལྟ་རྐང་གཅིག་ལས་ལྷག་མི་འདུག་ཤིང་། རྗེས་སུ་དབྱིབས་དང་ཚུགས་ཀ་ཅུང་འདྲ་བའི་ལོ་བདུན་ཤིང་ལོ་བཙུགས་པ་རེད། ལོ་བདུན་ཤིང་ལོ་ཡང་ནང་པའི་ལྷ་ཤིང་བཞིའི་གྲས་ཡིན་ལ། ངག་རྒྱུན་དུ་སྟོན་པ་སངས་རྒྱས་ཀྱིས་ལོ་བདུན་ཤིང་ལོའི་འདབས་ནས་ཆོས་སྤེལ་བར་བཤད། དེ་དང་འབྲེལ་ནས་ནང་པའི་ལྷ་ཤིང་གཞན་རྣམ་གཉིས་གང་ཡིན་ཞེ་ན། གཅིག་ནི་མྱ་ངན་མེད་ཤིང་ཡིན་ལ། སྡོང་ལོ་མེ་ལྕེ་དང་འདྲ་བས། མེ་ལྕེ་མེ་ཏོག་ཀྱང་ཟེར་ཞིང་། ངག་རྒྱུན་དུ་སྟོན་པ་ཐུགས་རྗེ་ཆེན་པོ་ཤིང་ལོ་འདིའི་འདབས་རོལ་ནས་འཁྲུངས་བར་གསུངས། དེ་ལས་གཞན་པ་དེ་བྱང་ཆུབ་ཤིང་ཡིན་ལ། བྱང་ཆུབ་ཤིང་གི་འདབས་རོལ་ནས་བདག་ཅག་གི་སྟོན་པ་ཉིད་སངས་རྒྱས་པར་གསུངས།
      ཚོགས་ཆེན་འདུ་ཁང་གི་རྒྱབ་ངོས་སུ་སངས་རྒྱས་མྱང་འདས་ལྷ་ཁང་ཡོད། ལྷ་ཁང་འདིའི་མཚན་བྱང་ནི་ཆིང་རྒྱལ་རབས་ཀྱི་རྒྱལ་ཡུམ་ཚི་ཞི་ཡིས་བསྩལ་བ་ཡིན་ལ། “ཟླ་འོད་ཡུན་བརྟན(性月恒明)”ཞེས་ནང་པའི་བསྟན་པ་ཟླ་བའི་འོད་བཞིན་འོད་དུ་འཚེར་ཞིང་ཡུན་དུ་བརྟན་པའི་ཚུལ་དུ་བཀོད་པར་བཞད།
      སངས་རྒྱས་མྱང་འདས་ལྷ་ཁང་གི་མདུན་དུ་གཡུ་ལོ་ཐགས་སུ་བཀྲ་ཞིང་། གནའ་བོའི་རྡོ་རིང་ཡི་གེ་ཟད་གྱུར་བ་གཉིས་གྲོང་ངེར་འགྲེང་ཡོད། ངག་རྒྱུན་དུ་གནས་འདིར་མིང་རྒྱལ་རབས་སྐབས་ཀྱི་རྡོ་རིང་དྲུག་ཡོད་པར་བཤད་པ་ལས་དེ་གཉིས་དེ་དག་གི་གྲས་ཤིག་ཨེ་ཡིན་སྙམ་བྱུང་།
      སངས་རྒྱས་མྱང་འདས་ལྷ་ཁང་དུ་ཟངས་ཀྱི་བླུགས་པའི་སངས་རྒྱས་མྱང་འདས་ཀྱི་སྐུ་བརྙན་བཞུགས་ཡོད་ལ། དེ་ནི་ཡོན་རྒྱལ་རབས་ཀྱི་སྐབས་ཏེ་སྤྱི་ལོ་1321ལོར་བཟོས་ཤིང་། 《 ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་དེབ་ཐེར-དབྱིན་ཙུང་།》ཁྲོད་དུ་“ཟངས་རྒྱ་མ་ཁྲི་ལྔ་བཅུ་བཙོ་སྦྱངས་བྱས་ནས་ཚེ་སྨོན་གླིང་གི་སྐུ་བརྙན་བཞེངས།”ཞེས་བཀོད་འདུག་ལ། སངས་རྒྱས་མྱང་འདས་ཀྱི་སྐུ་བརྙན་གྱི་རིང་ཚད་ལ་འདོམ་དོ་དང་ཁྲེ་ཙི་དྲུག་ལྷག་ཡོད་དེ། མིག་སྔར་ཉར་ཚགས་བྱས་པའི་ཀྲུང་གོའི་ཟངས་སྐུའི་ཁྲོད་ནས་ཆེས་ཆེ་ཤོས་ཡིན། བཙོ་སྦྱངས་ཀྱི་ཐབས་དང་ལག་རྩལ་བླ་ན་མེད་དོ་ཞེས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་འདུག ལོགས་སུ་སྐུ་བརྙན་ཆུང་ཆུང་བཅུ་གཉིས་བསྒྲིགས་ཡོད་པ་དེ་དག་ནི་སྟོན་པའི་སློབ་མ་བཅུ་གཉིས་ཡིན་པར་བཤད། གདོང་ལ་སྐྱོ་གདོང་གིས་ཁེངས་ཤིང་བལྟས་པ་ཙམ་གྱིས་སྟོན་པས་སློབ་མ་རྣམས་ལ་ཆེས་མཐའ་མཇུག་གི་གདམས་ངག་གནངས་བཞིན་པའི་རྣམ་པ་ཞིག་ཆགས་འདུག
      དམངས་ཁྲོད་དུ་བཤད་རྒྱུན་ཞིག་ལ་སངས་རྒྱས་མྱང་འདས་ཀྱི་ལྗིད་ཚད་ལ་རྒྱ་མ་བཅུ་ཁྲི་བརྒྱད་སྟོང་ཡིན་པར་སྐད། དེ་ནི་ཐང་རྒྱལ་རབས་ཀྱི་བཙུན་པ་ཤན་ཙང་རྒྱ་གར་དུ་ཆོས་ཞུ་བར་འགྲོ་དུས་ལམ་ཐག་ལེ་བར་བཅུ་ཁྲི་བརྒྱད་སྟོང་བརྒྱུད་པ་རྗེས་དྲན་གྱི་ཚུལ་དུ་ཡིན་པར་བཤད་ཅིང་། གང་དེ་བདེན་པ་མི་ཤེས་མོད། མིག་གིས་ཚོད་དཔག་བྱས་པ་ལྟར་ན་རྨི་གྲུ་བཞི་ལྷམ་པ་2.8ལྷག་ཡོད་ལ། དེའི་ལྗིད་ཚད་ཏུན་25ཙམ་ཨེ་ཡིན་སྙམ།
      སངས་རྒྱས་མྱང་འདས་ལྷ་ཁང་གི་རྒྱབ་ངོས་ནི་དགོན་པའི་ཆེས་རྗེས་མའི་འཛུགས་སྐྲུན་ཏེ་གཙུག་ལག་ཁང་ཡིན་ཞིང་། དགོན་པ་ཡོངས་ལྗོན་ཤིང་གིས་གྲིབ་བསིལ་གྱིས་གཡོག་པས་གནའ་བོའི་ཉམས་དང་ལྡན་ལ་ཁོར་ཡུག་ཤིན་དུ་ལེགས་པས་བག་ཕེབས་ཀྱི་སྒོ་ནས་འཆམ་འཆམ་འགྲོ་སའི་གནས་མཆོག་ཅིག་རེད་སྙམ།
      ལོ་ངོ་སྟོང་ཕྲག་ལྷག་གི་ཆགས་འཇིག་བརྒྱུད་ནས་ཟང་ཟིང་གི་གྲོང་ཁྱེར་གྱི་ལོགས་སུ་གནས་པའི་མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་ལ་མཚོན་ན་སྔོན་དང་འདྲ་བའི་གྲྭ་པ་དང་ཆོས་སྒྲ་མང་པོ་ཐོས་རྒྱུ་མེད་དེ། མང་ཆེ་ཤོས་ནི་སྐྱེ་དངོས་གླིང་ཀའི་ནང་དུ་འཆམ་འཆམ་འགྲོ་ཞོར་ནང་དུ་སླེབས་པའི་ཡུལ་སྐོར་བ་ཡིན་ལ། ལྷག་པར་དགོན་པའི་ཁྲོད་དུ་ཆོས་དགེ་བ་གང་ཞིག་ཞུས་ན་སྒོར་མོ་སྦྱིན་དགོས་པས་བདེ་སྣང་དང་ལྷིང་འཇགས་ཤིག་སྟེར་མི་ཐུབ་ལ། དགོན་པའི་ཁྲོད་ཀྱི་ན་གཞོན་ལས་ཀ་པ་ཚོས་ཆོས་དགེ་བའི་སྐོར་ནས་ཁྱབ་བསྒྲགས་གང་ཐུབ་རེ་བྱས་ན་ཅི་མ་རུང་སྙམ་པའི་འཆར་སྣང་ཞིག་སེམས་སུ་ཐོན།