ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

རྗེ་ཙོང་ཁ་བ་དང་ལྷོ་བྲག་གྲུབ་ཆེན་གྱི་འབྲེལ་བའི་སྐོར་གླེང་བ།

སྤེལ་དུས 2017-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀླུ་སྨྱོན་ཧེ་རུ་ཀ
—སྒོ་ཤེར་གྱི་དེབ་ “སྐྱེས་ཆེན་གྱི་བཞུད་ལམ” བཀླགས་རྗེས་ཀྱི་གཏམ།
          སྒོ་ཤེར་ལགས་ཀྱི་རྩོམ་དེབ་སྔ་ཕྱི་རྣམས་བོད་ཕྱི་ནང་གང་སར་ཀློག་མཁན་མང་པོ་ཡོད་པའི་དཔེ་དེབ་ཀྱི་གྲས་སུ་ཚུད་ཡོད་པ་མ་ཟད། སྔ་ལོར་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འོས་མིར་ཡང་ཁོང་བདམས་པ་རེད། ཡིན་ཡང་ཁོང་གིས་ཁེངས་སྐྱུངས་གནང་སྟེ་བྱ་དགའ་ཆུང་ཆུང་འདི་བཞེས་མེད། ཡིན་ན་ཡང་ཁོང་གིས་བྱ་དགའ་འདི་མ་བཞེས་པ་དེ་ཙམ་གྱིས་ཁོང་གི་ཤེས་རབ་ལས་མཆེད་པའི་རྩོམ་དེབ་ཀློག་རྒྱུར་དགའ་བའི་ཁོ་བོའི་འདུན་པ་དྲག་པོ་དེ་ནམ་ཡང་བསྒྱུར་དུ་མེད་པ་ཞིག་ཡིན།
          ལོ་སྔོན་སྐད་འཕྲིན་སོགས་དེང་རབས་གསར་འགྱུར་བརྒྱུད་ལམ་མགྱོགས་ཤོས་རེ་ཟུང་ལས་སྒོ་ཤེར་གྱི་རྗེ་ཙོང་ཁ་པའི་རྟོགས་བརྗོད་མདུན་ལེགས་མའི་འཆད་ཁྲིད་ཅིག་དཔེ་དེབ་ཏུ་བསྒྲིགས་ནས་སྐྱེས་ཆེན་གྱི་བཞུད་ལམ་ཞེས་པའི་དེབ་མིང་ཞིག་བཏགས་ཏེ་པར་སྐྲུན་བྱས་པའི་སྐོར་ཞིག་པར་རིས་དང་ངོ་སྤྲོད་ཙམ་ཞིག་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་ནས་བཟུང་། ཁོང་གི་རྩོམ་དེབ་གཞན་དག་དང་འདྲ་བར་དེབ་དེ་ཡང་ཀློག་འདོད་ཀྱི་འདུན་པ་དྲག་པོ་ཞིག་དབང་མེད་དུ་སྐྱེས་བྱུང་ཡང་། ཨ་རི་ནས་བོད་དུ་དཔེ་སྐྲུན་བྱས་པའི་དཔེ་དེབ་འཐོབ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་མ་ཟད། ཁོ་བོ་སྡོད་ས་འདི་ནི་ཨ་རིའི་ནུབ་རྒྱུད་ཀྱི་ས་ཆ་ཅུང་ཟད་ཁུག་ཀྱོག་འདྲ་བོ་ཞིག་ཡིན་པས། གཟའ་འཁོར་ཕྲག་སྔོན་མ་བར་དུ་སྒོ་ཤེར་གྱི་དེབ་དེ་ཀློག་རྒྱུའི་སྐལ་བ་ལྡན་མ་སོང་། ངའི་གྲོགས་པོ་དེས་སྒོ་ཤེར་གྱི་དཔེ་དེབ་འདི་ངའི་ལག་ཏུ་འཇོག་ཞོར་བོར་བརླག་མ་ཤོར་བ་གྱིས་ཨ་ཞེས་གཟབ་ནན་གྱིས་སྨྲས་སོང་བར། ངས་ཀྱང་གཟབ་ནན་གྱིས་ཐུགས་ཁྲལ་མ་གནང་། བཀླགས་ཚར་རྗེས་བོར་བརླག་མེད་པར་ཕྱིར་རྩིས་འབུལ་ཞུ་ཞེས་དམ་བཅའ་ཞིག་བཞག་པ་ཡིན། 
          ང་ལ་ནམ་རྒྱུན་དེབ་ཀློག་པའི་གོམ་གཤིས་ཤིག་ཡོད་པ་ནི་སྒྲུང་རྩོམ་རིགས་ཀློག་སྐབས་ཐོག་མར་མགོ་ནས་མཇུག་བར་སེམས་ཞིབ་མོས་ཐེངས་ཤིག་ཀློག་པ་དང་། དེ་རྗེས་རགས་ཀློག་ཐེངས་ཤིག་བྱེད་པ་དང་། ཡང་དཔྱད་བརྗོད་རྩོམ་རིག་ཀློག་སྐབས་ཐོག་མར་རགས་ཀློག་དང་དེ་རྗེས་ཡིག་ཕྲེང་རེ་རེ་བཞིན་ཞིབ་ཀློག་བྱེད་རྒྱུར་དགའ་བོ་ཡོད། དེར་བརྟེན་སྒོ་ཤེར་གྱི་དེབ་འདི་ཡང་དང་པོར་ཉིན་ཤས་རིང་རགས་ཀློག་ཅིག་བྱས་པ་ཡིན་ལ། དེ་རྗེས་དུས་ཚོད་ངེས་ཅན་ཞིག་བཀོད་སྒྲིག་གིས་ཞིབ་ཀློག་ཐེངས་ཤིག་བྱས་པ་ཡིན། ཀློག་པ་པོ་མང་པོ་ཞིག་གིས་མཁྱེན་གསལ་བཞིན། སྒོ་ཤེར་ལགས་ཀྱི་དཔེ་དེབ་ཀློག་པ་པོ་ཞིག་བྱེད་པར་མ་མཐའ་ཡང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཆ་རྒྱུས་ཆེ་ཙམ་དགོས་པ་དང་། ད་དུང་ཁོང་གི་རྩོམ་འབྲིའི་ཤེས་ཡོན་གྱི་ནང་སྙིང་བསྔོག་ཐུབ་པའི་ཀློག་པ་པོ་ཉམས་མྱོང་དེ་རིགས་ཤིག་ངེས་པར་དུ་དགོས་པར་མཐོང་། དེ་ནི་ངས་སྒོ་ཤེར་གྱིས་དཔེ་དེབ་སྔ་ཕྱི་བཀླགས་པའི་མྱོང་ཚོར་རིགས་ཤིག་ཡིན་ལ། གཅིག་བྱས་ནས་ཁྱེད་ཅག་ལ་ཡང་ཉམས་མྱོང་དེ་ཡོད་སྲིད།
           སྒོ་ཤེར་གྱི་འཆད་དེབ་སྐྱེས་ཆེན་གྱི་བཞུད་ལམ་ཞེས་པའི་དེབ་འདི་ནི་དུས་རབས་འདིའི་ནང་གི་གཞོན་རབས་པའི་ཁྲོད་ཀྱི་བོད་ཕྱི་ནང་གཉིས་ཀར་སྐད་གྲགས་ཅུང་ཟད་ཡོད་པའི་དཔེ་ཆ་བ་ཞིག་གི་འཆད་ཁྲིད་སྒྲ་བཤུས་ཀྱི་དེབ་ཅིག་ཡིན་པ་དང་། དེབ་འདིའི་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་ང་ཚོར་བློ་སྐྱེད་མི་དམན་རེ་སྟེར་ཐུབ་པར་ཐེ་ཚོམ་ནམ་ཡང་མི་དགོས་པ་ཞིག་རེད། དེ་ནི་རྗེ་ཙོང་ཁ་པ་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པ་ཙམ་ལ་སྐྱབས་སུ་མཆི་ཞེས་ལག་པ་ཐལ་མོ་སྦྱར་ནས་འདུག་པའི་མི་དེ་རིགས་ཀྱི་དད་པའི་བསྐྱེད་འབྲས་ཤིག་མ་ཡིན་པར། རྗེ་ཙོང་ཁ་པ་འཇམ་པའི་དབྱངས་དང་འདྲ་བའི་སྐྱེས་བུ་ཆེན་པོ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སློབ་གཉེར་ལ་སྡུག་རུས་བྱེད་ཐུབ་པའི་བོད་མི་ཁྱད་དུ་འཕགས་པ་དེ་ཚོའི་གྲས་ཀྱི་གཅིག་ཡིན་པའི་དབང་གིས་རེད།
          ངས་དེབ་འདི་ཀློག་ཐེངས་གཉིས་པ་སྟེ་ཞིབ་ཀློག་གི་སྐབས་སུ་ལན་རེར་རྗེ་ཙོང་ཁ་པའི་རྨད་དུ་བྱུང་བའི་མཛད་རྣམ་གྱི་དུམ་བུ་དེ་དག་མཇལ་ནས་དད་པ་དབང་མེད་དུ་སྐྱེས་པ་དེ་འདྲ་བྱུང་སོང་ལ། སྐབས་རེར་རྗེ་ཙོང་ཁ་པའི་རྣམ་ཐར་གྱི་ཁུག་ཏུ་འཁྱིལ་བའི་ལོ་རྒྱུས་དོན་དངོས་ཀྱི་འོ་མའི་ཐིགས་པ་རེ་རེའི་བྲོ་བ་ཡང་མྱོང་ཐུབ་སོང་། དེ་ནི་ངས་སྔོན་ཆད་རྗེ་ཙོང་ཁ་པའི་རྣམ་རྒྱས་བསྡུས་རེ་ཟུང་ལན་མང་བཀླགས་ཟིན་པས་ཡིན་ལ། དེ་ནི་ཐེངས་འདིར་སྒོ་ཤེར་གྱི་དེབ་འདིས་སླར་ཡང་རྗེའི་རྣམ་ཐར་གྱི་གཟི་འོད་དྲན་གསོའི་ལམ་ནས་ཐེངས་ཤིག་བཀྱེས་པས་ཀྱང་རེད།
          ད་ནི་དཀྱུས་པར་བྱ་སྟེ། ཀློག་པ་པོ་མང་པོ་ཞིག་གིས་མཁྱེན་གསལ་བཞིན་རྗེ་ཙོང་ཁ་པར་བཀའ་དྲིན་ཆེ་བའི་བླ་མ་བཅུ་གྲངས་ཤིག་ཡོད་པའི་ཁྲོད་དུ། ལྷོ་བྲག་གྲུབ་ཆེན་ནམ་གྲུབ་ཆེན་ལས་ཀྱི་རྡོ་རྗེ་འདི་ཁོང་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཞིག་རེད། སྒོ་ཤེར་ལགས་ཀྱིས་སློབ་དཔོན་འདི་གཉིས་ཀྱི་འབྲེལ་བའི་སྐོར་སྤྱི་དང་ཁྱད་པར་དུ་འཕགས་པའི་འབྲེལ་བའི་སྐོར་ཅུང་གསལ་བོ་ཞིག་བརྗོད་འདུག་པས། འདིར་ཁོང་ལ་ལོ་རྒྱུས་གནད་འགག་ཅན་འདི་འདྲ་སོགས་ཁོངས་སུ་མ་ལུས་པར་གསལ་འདོན་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན།
          རྣམ་ཐར་མི་འདྲ་བའི་ནང་དུ་རྗེ་བླ་མ་འདི་གཉིས་མཇལ་འཕྲད་གནང་དུས་སུས་སུ་གདན་འདྲེན་ཐོག་མར་ཞུས་མིན་སྐོར་ཅུང་ཟད་རབ་རིབ་ཅིག་འདུག་སྟེ། དེ་ཡང་རྗེའི་རྣམ་ཐར་ཆེན་མོར་གྲགས་པ་དར་ཧན་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པ་ལས། “དེ་ནས་རིན་པོ་ཆེ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་པ་ལ་བུ་མོ་དཀར་མོ་ཞིག་གིས། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དང་གཉིས་སུ་མེད་པ། ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པའི་སྐྱེས་བུ་ཕུན་སུམ་ཚོགས་པ་ཞིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་བ་ཡོད་ཅིང་། སྐྱེ་བ་འདིར་ཡང་ཕན་ཚུན་བླ་སློབ་ཏུ་འབྲེལ་བའི་རྟེན་འབྲེལ་ཡོད་པས་གདན་དྲངས་ནས་ཆོས་བཀའ་ལ་སྲིས་མ་མཇུག་པར་བྱིན། ཕར་ལ་ཡང་ཆོས་ཞུས། ཞེས་སོགས་ལུང་བསྟན་པ་ལ་བརྟེན་ནས་མཁན་ཆེན་ཕྱག་རྡོར་བ་ཐུགས་མོས་གུས་ཚད་མེད་པ་འཁྲུངས་ཏེ་རྗེ་འདི་ཉིད་ལ། འདིར་ཅིས་ནས་ཀྱང་ཕེབས་པར་ཞུ། བཀའ་འདྲི་ཞུ་བའི་འདུན་པའང་ཡོད་ལ་སྐུ་ཚེ་བསྲིང་བའི་རྟེན་འབྲེལ་བསྒྲིགས་པ་སོགས་ཀྱི་སྙན་སྐུལ་ཡང་འབུལ་བ་ལགས། ཞེས་པའི་གསུང་ཡིག་ནན་ཆེར་བྱུང་བ་ལ་བརྟེན་ནས་ཕག་ལོ་ལ་གཉལ་བརྒྱུད་དེ་ལྷོ་བྲག་བྲའོ་དགོན་པར་བྱོན།”1 ཞེས་བྱུང་བ་དང་།
          ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་པས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ལྷོ་བྲག་གྲུབ་ཆེན་གྱི་རྣམ་ཐར་ལས། “དགུང་ལོ་བདུན་ཅུ་བཞེས་དུས་འཇག་དཀར་དུ་རྡོ་རྗེ་རྣམ་འཇོམས་ཀྱི་དབང་བྱས་པའི་ཐོ་རེངས་ཡི་དམ་གྱི་ལྷའི་ལུང་བསྟན་ལ། བཅོམ་ལྡན་འདས་མགོན་པོ་བྱམས་པའི་སྤྲུལ་པ་ཅིག་གི་གསུང་ཡིག་ཁྱེར་བའི་མི་བཞི་འོང་བར་ཡོད་གསུང་བ་བྱུང་། སང་དེ་མི་བཞི་བྱུང་། དགེ་བའི་བཤེས་གཉེན་བློ་བཟང་གྲགས་པའི་གསུང་ཡིག་ཡིན་པར་འདུག ཁོང་གི་ལོ་རྒྱུས་ཐོས་པ་ན་སྔོན་གྱི་དཔོན་སློབ་ཀྱི་འབྲེལ་བས་ཡིད་སྤྲོ་བ་ཅིག་བྱུང་གསུངས།” 2 ཞེས་དང་། ཡང་དེའི་འོག་ནས་བྱུང་བའི་རྗེའི་རྣམ་ཐར་ལས། “དེ་ནས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་པས་འདིར་ཅིག་ནས་ཀྱང་ཕེབས་པར་ཞུ། བཀའ་འདྲི་ཞུ་བའི་འདོད་པ་ཡང་ཡོད། སྐུ་ཚེ་བསྲིང་བའི་རྟེན་འབྲེལ་སྒྲིག་པ་སོགས་ཀྱི་སྙན་སྐུལ་འདྲ་ཡང་འབུལ་བ་ལགས། ཞེས་པའི་གསུང་ཡིག་ནན་ཆེར་བྱུང་ཞིང་། རྗེ་རང་ཉིད་ཀྱང་ལྷོ་བྲག་མཁན་ཆེན་གྱི་དྲུང་ནས་བཀའ་གདམས་གདམས་ངག་པ་ནས་བརྒྱུད་པའི་ལམ་རིམ་གྱི་ཁྲིད་སོགས་ཆོས་བཀའ་ཅི་རིགས་གསན་པར་བཞེད་ནས་ལྷོ་བྲག་བྲའོ་དགོན་པར་བྱོན་” 3 ཞེས་བྱུང་བས། རྗེ་ཙོང་ཁ་པས་རང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཡི་གེ་ཞིག་ཐོག་མར་མཁན་ཆེན་པའི་དྲུང་དུ་ཕུལ་ཏེ་མཁན་ཆེན་པ་མཇལ་འདོད་ཡོད་ཚུལ་གསུངས་ཤིང་། དེ་ནས་མཁན་ཆེན་པ་ཐུགས་དད་འཁྲུངས་ཏེ་གདན་འདྲེན་ཞུས་པ་ཡིན་པ་འདྲ། ཡིན་ཡང་རྗེའི་རྣམ་ཐར་ནས་མཁན་ཆེན་པར་ཐོག་མར་ཡི་གེ་ཕུལ་ཚུལ་མཇལ་རྒྱུ་མི་འདུག 
          འོན་ཀྱང་། སྐབས་བབ་ཀྱི་གླེང་བྱ་ངོ་མ་སྟེ། སྒོ་ཤེར་ལགས་ཀྱིས། “སྐབས་དེ་ཤེད་ཙམ་དུ། ཁོང་ཉིད་ལྷོ་བྲག་མཁན་ཆེན་ལ་མཇལ། སྔར་གྱི་རྗེ་བཙུན་རེ་མདའ་བ་དང་། ཆོས་རྗེ་ཉ་དབོན། བླ་མ་དབུ་མ་པ། ཆོས་རྗེ་དོན་གྲུབ་རིན་ཆེན། བླ་མ་ཆོས་རྗེ་དཔལ་བ་སོགས་ཁོང་ལ་ཤུགས་རྐྱེན་ཆེ་བའི་བཤེས་གཉེན་འགའ་ཞིག་རྣམ་ཐར་རྣམས་སུ་ཞིབ་ཙམ་བྱུང་ཡོད་པ་རེད་མ་གཏོགས། སྤྱིར་ན་རྗེ་རིན་པོ་ཆེས་དགེ་བའི་བཤེས་གཉེན་བརྒྱ་ལྷག་བསྟེན་ཡོད། ལྷོ་བྲག་མཁན་ཆེན་གྱི་མདུན་ནས་ནི། ཁོང་གིས་ཕྱག་རྡོར་གྱི་ཆོས་སྐོར་ཙམ་ལས་བཀའ་ཆོས་མང་པོ་གསན་མེད་ཀྱང་། ལྷོ་བྲག་མཁན་ཆེན་འདི་པ་རྗེའི་རྣམ་ཐར་ནང་ནས་ཀུན་གྱིས་བརྗེད་དཀའ་བ་ཞིག་ཏུ་གྱུར་པའི་རྒྱུ་མཚན་ནི། ལྷོ་བྲག་མཁན་ཆེན་དང་མཇལ་བ་དེ་རྗེ་རིན་པོ་ཆེའི་སྐུ་ཚེའི་དཀྱོགས་མཚམས་གཞན་ཞིག་དང་འབྲེལ་ཡོད་པས་རེད།” 4 ཅེས་དང་། “ལྷོ་བྲག་མཁན་ཆེན་གྱིས་ཁོང་ལ་རྒྱ་གར་དུ་ཕེབས་ན་དགོས་པ་ཆུང་ལ་དགག་བྱ་ཆེ་བའི་རྒྱུ་མཚན་མང་དུ་གསུངས་པས། ཁོང་གིས་ཀྱང་རྒྱ་གར་དུ་ཕེབས་འདོད་བཤོལ་ནས་བོད་དུ་བཞུགས་པ་རེད། གལ་སྲིད་ཁོང་རྒྱ་གར་དུ་ཕེབས་ཡོད་ཚེ། ཁོང་གི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཡང་གཞན་ཞིག་ཡིན་ངེས་ཏེ། ནང་བསྟན་ཉམས་ཟིན་པའི་ཁོར་ཡུག་དེ་རུ་ཁོང་གི་སྐུ་ཚེ་ཡང་ནགས་ཁྲོད་དུ་སྒོམ་ལ་བརྩོན་ནས་འདའ་སྲིད་ལ། དེ་ལྟར་གྱུར་ན་སྐབས་དེར་ཁོང་ལ་བརྩམས་ཆོས་ཀྱང་ཉུང་ངུ་ཞིག་ལས་མེད་པས། དེ་ལྟ་ང་ཚོའི་སློབ་གཉེར་གནང་སའི་གསུང་གི་འཕྲིན་ལས་ནི་མི་འབྱུང་བར་ངེས་ན། ལྷོ་བྲག་མཁན་ཆེན་མཆོག་རྗེའི་སྐུ་ཚེའི་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་འགྱུར་དོན་ཡང་དེ་རེད།” 5 ཅེས་བྲིས་འདུག་ཅིང་། སྤྱི་ཁྱབ་ནས་དཔྱད་ན་སྒོ་ཤེར་གྱིས་བརྗོད་པ་བཞིན་གལ་སྲིད་རྗེ་ཙོང་ཁ་པས་ལྷོ་བྲག་གྲུབ་ཆེན་ལས་བཀའ་ཆོས་མང་པོ་ཞུས་མེད་པ་དངོས་ཡོད་གནས་ཚུལ་ཞིག་རེད། ཡིན་ན་ཡང་། སྒོ་ཤེར་གྱིས་རྗེ་ཙོང་ཁ་པ་དང་ཁོང་གི་སློབ་བརྒྱུད་ཚོར་ལྷོ་བྲག་གྲུབ་ཆེན་བཀའ་དྲིན་ཆེན་པོ་ཡིན་པ་དེ་ཁོང་རྒྱ་གར་དུ་ཕེབས་འདུན་བཤོལ་དུ་བཅུག་པ་དེ་ཧ་ཅང་གཙིགས་ཆེན་དུ་བཟུང་འདུག་པ་མ་གཏོགས། ཕྱོགས་གཞན་ཞིག་ན་རྗེ་ཙོང་ཁ་པའི་རྗེས་འཇུག་དགེ་ལྡན་རིང་ལུགས་པ་ཚོར་ལྷོ་བྲག་གྲུབ་ཆེན་འདི་བཀའ་དྲིན་ཆེ་བའི་ཆེ་ལུགས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཁོང་གིས་གླེང་རྒྱུ་བརྗེད་པའམ་ཡང་ན་གསལ་རྟོགས་བྱུང་མི་འདུག
          རི་བོ་དགེ་ལྡན་པའི་རྗེས་འཇུག་པ་མང་ཤོས་ལ་མཚོན་ན་རྗེའི་གསུང་རྩོམ་མང་པོའི་ཁྲོད་ཀྱི་ཉི་ཟླ་ལྟ་བུ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ནི་དུས་རྟག་པར་ཉིན་རེའི་ཟ་མ་ཅི་བཞིན་འཚོ་བའི་ཁྲོད་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་པ་ཞིག་རེད་ལ། བསྟན་བཅོས་འདི་གཉིས་ཀྱང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་ལ་མ་ནོར་བ་སྟོན་པའི་བྱང་ཆུབ་ལམ་རིམ་ཆེ་འབྲིང་ཆུང་གསུམ་ནི་དགེ་ལུགས་པའི་བན་ཆུང་ནས་དགེ་བཤེས་ལྷ་རམས་པའི་བར་གྱི་ཆོས་ལྡན་གྱི་སྐྱེ་བོ་ཚང་མར་རྒྱུས་མངའ་ཡོད་པ་དང་བློ་འཛིན་དཔེ་ལྟོས་ཉམས་ལེན་གང་ཐུབ་བྱེད་སའི་བསྟན་བཅོས་རྨད་དུ་བྱུང་བ་ཤ་སྟག་རེད། འོ་ན་རྗེ་ཙོང་ཁ་པས་མཉམ་མེད་ཇོ་བོ་ཆེན་པོ་སོགས་ནས་བརྒྱུད་པའི་བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཚང་ལ་མ་ནོར་བ་དེ་དག་གང་ནས་ཞུས་པ་ཡིན་ནམ་ཞེས་འདྲི་བའི་ཚེ། བྱང་ཆུབ་ལམ་གྱི་རིམ་པའི་བླ་བརྒྱུད་ཀྱི་ལོ་རྒྱུས་ཆེན་པོ་ཤེས་མཁན་དག་དང་ཐ་ན་ལམ་རིམ་བླ་བརྒྱུད་ཙམ་ཞིག་སྐྱོར་ཤེས་མཁན་ཚང་མས། “བྱང་ཆུབ་ཐུགས་ཀྱིས་འགྲོ་ཀུན་བུ་བཞིན་གཟིགས། །ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས། །སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག །ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །”ཞེས་པའི་གསོལ་འདེབས་ཚིག་བཞི་མ་འདི་ལམ་སེང་བློ་ལ་འཆར་ངེས་པ་དང་། གསོལ་འདེབས་འདི་ལམ་རིམ་བླ་བརྒྱུད་གསོལ་འདེབས་ལས་མཚམས་གང་ཞིག་ན་ཡོད་མེད་ཀྱང་གསལ་ལྷང་ངེར་དྲན་འོང་ངེས། ནོར་མི་འདུག་སྟེ། གསོལ་འདེབས་ཤོ་ལོ་ཀ་འདི་ནི་ཏག་ཏག་ལམ་རིམ་བླ་བརྒྱུད་གསོལ་འདེབས་ནང་གི་རྗེ་ཙོང་ཁ་པའི་གསོལ་འདེབས། “བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་པོའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །”ཞེས་པའི་གསོལ་འདེབས་འདིའི་སྔོན་ཏག་ཏག་དེར་ཡོད་པ་རེད་ལ། དེ་ཡིས་རྗེ་ཙོང་ཁ་པས་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་སྐོར་འདི་ཞུ་སའི་བླ་མའི་གཙོ་བོ་དེ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ཡིན་པ་བསྟན་ཡོད་པ་མ་ཡིན་ནམ། 
          རྗེའི་རྣམ་ཐར་ཆེན་མོ་ལས། “རྗེ་ཉིད་ཀྱིས་མཁན་ཆེན་ཉིད་ཀྱི་དྲུང་ནས་གྲུབ་ཆེན་ཉིད་ཀྱི་བཀའ་འབུམ་དང་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབ་གཉིས་ཀྱི་ཁྲིད། ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ལུང་རྗེས་གནང་། ཕྱག་རྡོར་སྐུ་ལྔའི་རྗེས་གནང་། ཞུ་ལན་རྡོ་རྗེའི་ཕྲེང་བ། ཞུ་ལན་གཅེས་ཕྲེང་གི་ལུང་རྗེས་གནང་། ཕྱག་ན་རྡོ་རྗེ་ཁྱུང་ལྔའི་དབང་དང་རྗེས་གནང་། དྲེགས་པ་ཀུན་འདུལ་གྱི་དབང་། རྟ་མགྲིན་དཔའ་བོ་གཅིག་པ་ཞལ་གསུམ་ཕྱག་དྲུག་གི་རྗེས་གནང་སོགས་གསན”6 ཞེས་པ་འདིས་རྗེ་ཙོང་ཁ་པས་གྲུབ་ཆེན་ལས་ཞུས་པའི་ཆོས་ནི་རྟ་མགྲིན་གྱི་ཆོས་སྐོར་ཙམ་ཞིག་མ་ཡིན་པ་དང་། ཁྱད་པར་དུ་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་གསེར་སྲང་སྟོང་གིས་མི་ཁུག་པ་འདི་ཞུས་པ་ལ་བརྟེན་ནས། རི་བོ་དགེ་ལྡན་པའི་བསྟན་པའི་རྨང་གཞི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱོང་བའི་ལམ་བཟང་རྨད་དུ་བྱུང་བ་འདི་ཆུང་ས་ནས་སྟོད་གངས་དཀར་ཏི་སི་ནས་རྨད་རྒྱ་ནག་གསེར་གྱི་ཕོ་བྲང་གི་བར་དུ་དར་ཁྱབ་ཆེན་པོ་བྱུང་བ་རེད་ལ། ཆེ་ས་ནས་འཇམ་མགོན་བླ་མའི་བསྟན་པ་འདི་འཛམ་གླིང་ལ་ཁྱབ་པ་ཡང་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་ཟབ་མོ་འདིའི་བཀའ་དྲིན་མིན་ན་ཅི་ཡིན། དེས་ན་ལྷོ་བྲག་གྲུབ་ཆེན་གྱིས་རྗེ་བླ་མར་རྒྱ་གར་དུ་མ་ཕེབས་ཞེས་སྐུལ་མ་གནང་བ་ཙམ་ཞིག་གིས་ཁོང་རྣམ་པ་གཉིས་ཀྱི་འབྲེལ་བ་དེ་ཅི་ཙམ་གལ་ཆེ་བ་ཐག་གཅོད་མི་ནུས་ཏེ། རྗེ་བླ་མ་རྒྱ་གར་དུ་ཕེབས་ནས་ལོ་ཤས་རྗེས་ཕྱིར་ཕེབས་ཀྱང་སྲིད་པ་ཡིན་ཏེ། སྐབས་དེར་རྒྱ་གར་དུ་བསྟན་པ་མིང་ཙམ་མ་གཏོགས་ཞེ་དྲགས་ལྷག་མེད་པ་དེ་ཁོང་གིས་གསན་མེད་མི་སྲིད་པ་ཞིག་རེད།
          གཞན་ལྷོ་བྲག་གྲུབ་ཆེན་གྱིས་རྗེ་འདི་ལ་ལམ་རིམ་གྱི་ཁྲིད་རྒྱུན་གནང་ཚུལ་ཅུང་ཞལ་གསལ་བ་ཞིག་ནི་ལམ་རིམ་བླ་བརྒྱུད་ལས། “དེ་ལྟར་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་འདིས་དགེ་བཤེས་སྟོན་པ་ནས་དགོན་པ་བ། དེ་ནས་སྣེའུ་ཟུར་བ་སོགས་ལ་བརྒྱུད་པའི་ལམ་རིམ་དང་། དགེ་བཤེས་སྟོན་པ་ནས་སྤྱན་སྔ་བ། དེ་ནས་བྱ་ཡུལ་བ་སོགས་ལ་རིམ་གྱིས་བརྒྱུད་པའི་ལམ་རིམ་སྟེ་བྱང་ཆུབ་ལམ་གྱི་རིམ་པ་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཀྱི་མན་ངག་རྣམས་རང་གིས་ཐུགས་ཉམས་སུ་བཞེས་ནས་རྟོགས་པ་མཆོག་ཐོབ་ཅིང་། སྐལ་བ་དང་ལྡན་པ་གཞན་དག་ལའང་རྒྱ་ཆེར་སྤེལ་བའི་བརྒྱུད་སྲོལ་བྱུང་བ་ནི་ཡི་དམ་གསང་བའི་བདག་པོའི་ལུང་བསྟན་ལས། དད་པ་ཐོབ་པ་འབུམ་ཚོ་གཅིག །ངེས་པར་གྲོལ་བ་ལྔ་བཅུ་སྟེ། །རྩོད་མེད་གྲུབ་ཐོབ་བརྒྱུད་དུ་ངེས། །འགྲན་གྱི་དོ་མེད་བློ་བཟང་ཡིན། །ཞེས་གསུངས་པ་ལྟར་བསྟན་འཛིན་དམ་པ་མང་དུ་བྱོན་ཅིང་། འཕྲིན་ལས་རྒྱ་ཆེར་སྤེལ་བ་གངས་རིའི་ཁྲོད་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ནི་རྗེ་བཙུན་ཆོས་རྒྱལ་པོ་ཙོང་ཁ་པ་ཆེན་པོའོ།།”7 ཞེས་གསུངས་པ་འདིས་གསལ་བོར་རྟོགས་ཐུབ་པས། མཐའ་སྡོམ་ལྷོ་བྲག་གྲུབ་ཆེན་འདིས་རྗེ་ཙོང་ཁ་པར་བྱང་ཆུབ་ལམ་གྱི་ལམ་རིམ་པའི་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཀྱི་བདུད་རྩི་བསྩལ་པ་ལ་བརྟེན་ནས། རྗེ་བདག་ཉིད་ཆེན་པོ་དང་ཁོང་གི་རྗེས་འཇུག་ས་ཡ་མང་པོའི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བ་དང་། དེར་བརྟེན་ནས་རྒྱལ་བའི་བསྟན་པ་འདི་ཉིད་ཀྱང་འཛམ་གླིང་ཤར་ནུབ་ཀུན་ཏུ་ནགས་ལ་མེ་མཆེད་པ་ལྟར་གྱུར་པ་ཡིན་པས། རང་རང་རྗེ་བླ་མའི་སློབ་བརྒྱུད་རྣམས་ཀྱིས་ཁོང་རྣམ་གཉིས་ཀྱི་འབྲེལ་བ་དེ་གོང་དུ་བརྗོད་པ་བཞིན་ངོས་འཛིན་བྱེད་རྒྱུ་དེ་དང་། ང་ཚོས་དུས་རྒྱུན་དུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་རྗེས་སུ་དྲན་དགོས་པ་དང་། ཁོང་དྲན་ཐེངས་རེ་རེར་ཁོང་དང་ཁོང་གི་བླ་མ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གཉིས་བར་གྱི་བྱང་ཆུབ་ལམ་གྱི་རིམ་པས་གཙོ་མཛད་པའི་དམ་པའི་ཆོས་ཀྱི་འབྲེལ་བའི་གསེར་ཟམ་རིང་མོ་འདི་ཡང་དྲན་དགོས་སོ།། 
 
          1. མཚོ་སྔོན་པར་མའི་ཤོག་ངོས་༢༡༨ ནས་ 219
          2. བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་ 305
          3. བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་ 347
          4. རྩོམ་པ་པོ་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་ 171
          5. གོང་གསལ་པར་མའི་ཤོག་ངོས་ 172
          6. མཚོ་སྔོན་པར་མའི་ཤོག་ངོས་ 220-221
          7. བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་ 306