ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

བློ་བརྟན་འགྱུར་མེད་ཀྱིས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་དགོས།

སྤེལ་དུས 2021-12-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།
          ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ཏང་ལ་ཐུག་ཡོད། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་ནུས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།
          སླད་ཕྱིན་གྱི་ལོ་ལྔ་ནི་ང་ཚོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་དེ་ཡིན། བོད་ཀྱི་ལས་དོན་ཐད་མངོན་པའི་ཁྱད་ཆོས་གསར་པ་དང་དུས་བབ་གསར་པའི་འོག་ཏང་གིས་ཕྱོགས་ཡོངས་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བའི་འགན་ལེན་དུ་དེ་བས་བརྩིས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་གནས་བབ་ཨང་དང་པོར་འཇོག་དགོས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་རྒྱུ་ཆབ་སྲིད་འཛུགས་སྐྱོང་གི་རྩ་བའི་གནད་དོན་དུ་བརྩི་བ་དང་། འགན་འཁྲིའི་ངོ་བོ་དང་། ཆབ་སྲིད་ཀྱི་སྤྱོད་ལམ། ལྷག་བསམ་རྣམ་དག་མངོན་པ་བཅས་སུ་བརྩིས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནང་དོན་གལ་ཆེན་དུ་བརྩི་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་བཅས་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་ཏང་གཤིས་ལེགས་སུ་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མངོན་པར་བྱེད་དགོས།
          འགོ་ཁྲིད་ཚན་ཁག་དང་ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་ནི་ང་ཚོའི་བྱ་གཞག་མདུན་དུ་སྐྱོད་པར་འགན་ལེན་བྱེད་པའི་རྩ་འཛུགས་ཀྱི་འགན་སྲུང་ཡིན། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་མཐའ་འཁྱོངས་བྱེད་པ། “དམིགས་བསལ་བཞིའི”མི་རིགས་ས་ཁུལ་གྱི་ལས་བྱེད་པའི་ཆབ་སྲིད་ཚད་གཞི་མཐའ་འཁྱོངས་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་ལ་བརྟེན་ནས་དཔའ་བོ་གླེང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་ཤེས་ལྡན་མི་སྣར་རྒྱ་ཆེ་བའི་ལས་སྟེགས་མཁོ་འདོན་བྱེད་དགོས། འགག་རྩར་དམ་འཛིན་གྱིས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་སྲིང་ལྷོད་མེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་སྦྱངས་གོམས་མངོན་གསལ་དོད་དུ་གཏོང་བ། ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་རྒྱུན་རྣམ་ཅན་བཞིན་དབྱེ་འབྱེད་ཐུབ་པ་བཅས་བྱེད་དགོས། རྐང་འཛིན་སྟོབས་ཆེར་བཏང་ནས་རྙོག་འཛིང་ཆེ་བའི་ཁོར་ཡུག་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོ། རྫོང་དང་། ཤང་། གྲོང་ཚོ། གཞི་རིམ་བཅས་དང་དཀའ་ཚེགས་ཆེ་ལ་ལམ་ཐག་རིང་བའི་མཐའ་ཁུལ་བཅས་ཀྱི་ལས་དོན་ཁྲོད་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། འདེམས་བསྐོ། བཀོལ་སྤྱོད་བཅས་མཐའ་འཁྱོངས་བྱས་ཏེ། གཞི་རིམ་ལ་སྣང་ཆེན་དང་། ལག་ལེན་ལ་མཐོང་ཆེན། དངོས་སྒྲུབ་ལ་མཐོང་ཆེན། གྲུབ་འབྲས་དངོས་ལ་མཐོང་ཆེན། འགན་འཁྲི་འཁུར་བར་སྣང་ཆེན་བཅས་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་འཛུགས་དགོས། ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ཏེ་ཤེས་ལྡན་མི་སྣའི་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་འཆར་འགོད་དང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྟོབས་ཤུགས་ཆེ་རུ་བཏང་ནས་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་ཆབ་སྲིད་ལ་སྐུལ་ལྕག་དང་། ལས་ཀར་རྒྱབ་སྐྱོར། ཐོབ་ཐང་འགན་ལེན། འཚོ་བར་སེམས་ཁུར་བཅས་བྱས་ཏེ་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་བྱེད་དགོས།
          ཏང་གི་དམག་འཐབ་ནུས་པའི་རྨང་གཞི་གཞི་རིམ་དུ་ཡོད་པ་དང་། བོད་ཀྱི་ལས་དོན་གྱི་ཆེས་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཀྱིས་གཞི་རིམ་ལ་འདེགས་སྐྱོར་བྱེད་ཀྱི་ཡོད་ལ། ཆེས་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཡང་གཞི་རིམ་དུ་གནས་ཡོད། དེར་བརྟེན་གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་དང་། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཏང་གི་རྩ་འཛུགས་ཀྱི་མ་ལག་སྟོབས་ཆེར་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་སྒྲིག་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཏང་ཡོན་དཔུང་ཁག་གི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་སྲུང་སྐྱོང་བཅས་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་སྐྲུན་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་གྱི་འཐབ་ས་དང་པོར་ལས་བྱེད་པ་གསོ་སྐྱོང་དང་། སྦྱོང་བརྡར། བཀོལ་སྤྱོད་བཅས་ལ་མཐོང་ཆེན་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
          ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དང་མིའི་བློ་ཁ་ཕྱོགས་ནུས་ལ་ལྟ་ཞིབ་བྱེད་པའི་ཡོ་བྱད་ཅིག་རེད། རང་ངོས་གསར་བརྗེ་ཕོད་པ་དང་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བ་ནི་རང་རེའི་ཏང་གི་གཤིས་སྤྱོད་མངོན་གསལ་དོད་ཤོས་ཤིག་རེད། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུད་རབས་རྒྱུན་འཛིན་བྱེད་པ། “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལག་ལེན་བསྟར་བ། སྤྱོད་ཚུལ་བཟང་པོར་བརྟེན་ནས་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱེད་དགོས།
          རྒྱང་ལམ་ས་ཐག་རིང་བས་འབད་འཐབ་ཁོ་ནར་རག་ལུས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འཐབ་ཀྱིས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།