ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་དགོས།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

སྤེལ་དུས 2021-12-17 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་དམིགས་ཚད་དང་ལག་ལེན་གྱི་ཐབས་ལམ། མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་ལེན། ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་སེལ་གཅོད། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་བཅས་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
            འཕེལ་རྒྱས་མངོན་འགྱུར་ཡོང་བའི་བརྒྱུད་རིམ་ནི་རྩ་བའི་ཆ་ནས་བརྗོད་ན། གནད་དོན་རྒྱུན་ཆད་མེད་པར་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཞིག་རེད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གསལ་པོར་བཏོན་པའི་ཕྱོགས་5ཡི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་རང་བཞིན་དང་། འཐབ་ཇུས་ཀྱི་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་རེད། དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་འཕེལ་རྒྱས་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་གསར་པ་མང་པོ་ཕྲད་པ་གསལ་པོ་མཁྱེན་པ་དང་། བསམ་གཞིག་གཏིང་ཟབ་གནང་བ། ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་གནང་བ་བཅས་གསལ་པོ་མཚོན་གྱི་ཡོད། དེ་ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་རྒྱུའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
            དུས་རབས་ཀྱི་མཐོ་ཚད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་གནད་དོན་ཤེས་རྟོགས་དང་ཞིབ་འཇུག་བྱེད་པ་ནི་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་རེད། ངེས་པར་དུ་མཐོང་དགོས་པར། ཐུན་མོང་འབྱོར་ཕྱུག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ཞིང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་ཀྱི་རྒྱུ་ནོར་རྒྱུན་ཆད་མེད་པར་གསར་སྐྲུན་དང་གསོག་འཇོག་བྱེད་དགོས་ལ། མཐའ་གཉིས་སུ་གྱེས་པའི་གནས་ཚུལ་མ་བྱུང་སྔོན་འགོག་ཀྱང་བྱེད་དགོས། དེས་ང་ཚོར་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་དམིགས་ཚད་དང་ལག་ལེན་གྱི་ཐབས་ལམ་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ངེས་པར་དུ་མཐོང་དགོས་པར། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ནི་གསར་གཏོད་རླབས་ཆེན་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ནང་རྣམ་པ་འདྲ་མིན་གྱི་མ་རྩ་ཡོད་ངེས་རེད། དེས་ན་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་ངོས་ནས། མ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་པ་མ་ཟད། དེའི་ཕན་མེད་ཀྱི་ནུས་པར་ཚོད་འཛིན་ནུས་ལྡན་ཡང་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ། ཉེན་ཁ་ཆེ་རིགས་སྔོན་འགོག་དང་སེལ་གཅོད་བཅས་བྱས་ན། གཞི་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་ཐུབ། དེས་ང་ཚོར་ཉེན་ཁ་ཆེ་རིགས་ལ་དོགས་ཟོན་དང་སེལ་གཅོད་བྱེད་པར་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ངེས་པར་དུ་མཐོང་དགོས་པར། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་བྱེད་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོ་བོ་ཉིད་ཀྱི་བླང་བྱ་ཞིག་དང་། རྒྱ་ཆེ་ལ་གཏིང་ཟབ་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་པ་ལས། ལས་སླ་པོར་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་སྤེལ་གཏོང་དགོས་པ་དེས། ང་ཚོར་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
            གནད་དོན་ཤེས་རྟོགས་དང་གནད་དོན་ལ་ཐད་ཀར་གཏུག་པ་ནི་མཐར་གཏུགས་ནས་བཤད་ན་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ་རེད། ཐུན་མོང་འབྱོར་ཕྱུག་མངོན་འགྱུར་ཡོང་བའི་འཐབ་ཇུས་ཀྱི་དམིགས་ཚད་དང་ལག་ལེན་གྱི་ཐབས་ལམ་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་པར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ལས་ཞུགས་ལ་གཟིགས་སྐྱོང་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། བགོ་བཤའི་བྱེད་ནུས་དང་ནུས་པ་འདོན་པ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་མཐའ་འཁྱོངས། སྤྱི་པའི་ཞབས་ཞུའི་སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་པར། མ་རྩར“གློག་བརྡ་དམར་ལྗང”བཀོད་སྒྲིག་ཀྱིས་ཁྲིམས་ལྟར་མ་རྩར་ལྟ་འདོམས་ནུས་ལྡན་བྱེད་པར་ཤུགས་སྣོན་དང་། མ་རྩ་ཚད་ལྡན་དང་སྐྱོན་བྲལ་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཁྲིད་སྟོན། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། བློ་བརྟན་འགྱུར་མེད་ངང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལྕག་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་ལེན་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་པར། གྲོན་ཆུང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ནང་ཐོན་ཁུངས་ཀྱི་ཐོན་སྐྱེད་འགན་ལེན་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས། ཀྲུང་གོ་བའི་ལྟོ་ཕོར་དུས་ནམ་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། ཉེན་ཁ་ཆེ་རིགས་འགོག་ཟོན་དང་སེལ་གཅོད་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་པར། མུ་མཐུད་སྤྱི་ཡོངས་བརྟན་ལྷིང་དང་། སྤྱི་འདོམས་མཐུན་སྦྱོར། རིགས་དབྱེ་ཇུས་བསྟར། གནད་སྨིན་ཉེན་སེལ་བཅས་ཀྱི་བྱེད་ཕྱོགས་ལྟར། ཉེན་ཁ་ཐག་གཅོད་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ་དང་། དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན། ས་གནས་དང་། དངུལ་རྩའི་ལྟ་འདོམས། ལས་རིགས་གཙོ་གཉེར་སོགས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ཁེ་ལས་ཀྱི་རང་སྐྱོབ་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། དངུལ་རྩའི་ལྟ་འདོམས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། ཉེན་སེལ་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་བ། དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་པར། རྒྱལ་ཡོངས་ཀྱིས་སྤྱི་འདོམས་དང་། གྲོན་ཆུང་སྔོན་འཇོག ཉེན་ཁ་སྔོན་འགོག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་རྡོ་སོལ་གཙོ་བོར་བྱེད་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞི་ཚུགས་ཏེ། རྡོ་སོལ་དང་ནུས་རྒྱུ་གསར་པ་ལེགས་འགྱུར་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། ཆ་རྐྱེན་བསྐྲུན་ནས་ནུས་རྒྱུའི་ཟད་གྲོན“ཚོད་འཛིན་གཉིས”ནས་ཐཱན་འབུད་བསྡོམས་འབོར་དང་ཤུགས་དྲག“ཚོད་འཛིན་གཉིས”སུ་སྒྱུར་ཐབས་གང་མགྱོགས་བྱེད་པ། བཙོག་འབུད་ཉུང་གཏོང་དང་ཐཱན་འབུད་ཉུང་གཏོང་གི་བསྔགས་སྐུལ་ཚོད་འཛིན་ལམ་སྲོལ་གང་མགྱོགས་ཆགས་པར་བྱས་ཏེ། ནུས་རྒྱུ་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱས་ནས་ནུས་རྒྱུའི་གསར་བརྗེར་སྐུལ་འདེད་གཏིང་ཟབ་དང་ནུས་རྒྱུའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།