ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཏང་འཛུགས་སྐྱོང་མཉམ་ཤུགས་གཅིག་ཏུ་བསྡུས། དེང་གྲོང་གསེབ་དར་རྒྱས་དུས་ལ་བབས།

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གངས་ས་གྲོང་ཚོའི་གོམས་སྲོལ་བསྒྱུར་བའི་ལས་དོན་སྐོར་གྱི་རགས་བསྡུས།

སྤེལ་དུས 2022-01-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             གངས་ས་གྲོང་ཚོ་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་གནས་པ་དང་། གངས་རིན་པོ་ཆེ་རྒྱབ་ཏུ་བརྟེན་ནས་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། གངས་ས་གྲོང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དུས་རབས་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོའི་འཛུགས་གཏོད་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་གྲོང་གསེབ་ཀྱི་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ད་ཆ་གྲོང་ཚོའི་གཙང་སྦྲ་དང་། འགྲོ་ལམ། སྔོ་འགྱུར་སོགས་ཀྱི་སྒྲིག་ཆས་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཏེ་གྲོང་ཚོའི་རྣམ་པ་ལེགས་སུ་ཤུགས་ཆེན་ཕྱིན་པ་མ་ཟད། ཡུལ་སྲོལ་བཟང་པོ་འཛུགས་སྐྱོང་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
             སེམས་ནུས་གཅིག་སྒྲིལ་གྱིས་རྨང་གཞི་བརྟན་དུ་གཏོང་བ།
             ཉེ་བའི་ལོ་ཤས་རིང་། གངས་ས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“སྣེ་ཁྲིད་པ”དང“སྣེ་ཁྲིད་གཉིས་དང་གསོ་སྦྱོང་གསུམ”གྱི་འདུ་འགོད་ཧུར་ཐག་སྤེལ་ནས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་རྗེས་གྲབས་ལས་བྱེད་པ་15དང་ཕྱུག་འགྱུར་སྣེ་ཁྲིད་པ་12གསོ་སྐྱོང་བྱས་པ་དང་། མང་ཚོགས་ཀྱི་རྨང་གཞི་བཟང་བ་དང་ལས་ཀའི་འཇོན་ཐང་ཆེ་བའི་ཏང་ཡོན་8གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཏུ་ཁ་སྣོན་བརྒྱབ་སྟེ་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཚད་ལྡན་ཅན་གྱི་བྱེད་སྒོ་སྤེལ་ཡུལ་བསྐྲུན་ཏེ་ཏང་ཡོན་གྱི་བྱེད་སྒོ་དང་། རིག་གནས་རོལ་རྩེད། དམངས་ཕན་ཞབས་ཞུ་སོགས“བྱེད་ནུས་ཆེན་པོ་བཅུ”གཞི་གཅིག་ཅན་དུ་གྱུར་ནས་ཏང་ཡོན་དང་མང་ཚོགས་ཀྱིས་འགྲོ་འདོད་པ་དང་། འགྲོ་རྒྱུར་དགའ་བ། རྟག་ཏུ་འགྲོ་བ་བཅས་ཀྱི་ས་ཆ་ཡག་པོ་ཞིག་ཏུ་གྱུར་པ། ཏང་གི་སྲིད་ཇུས་དྲིལ་བསྒྲགས་དང་། ཏང་གི་ཐབས་ཇུས་ལག་བསྟར། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བ་སོགས་ཕྱོགས་8ཚུད་པའི་ལམ་ལུགས་ཁག་15གཏན་འབེབས་བྱས་པ་བཅས་རེད། མིག་སྔར་གངས་ས་གྲོང་ཚོའི་ཏང་ཡོན་དཔུང་ཁག་དང་ཀྲི་པུའི་གཡུལ་ས་འཛུགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ནས་སྒྲིག་སྲོལ་ལམ་ལུགས་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད།
             ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། གངས་ས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་ཏང་གི་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་གཏིང་ཟབ་དང་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། རིམ་རྩིས་བྱས་ན་བོད་གསར་རྙིང་བསྡུར་བའི་བྱེད་སྒོ་དང་། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ” “ཁ་འབྲལ་ཐབས་མེད་པ་གསུམ” “ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་ཆབ་སྲིད་སློབ་གསོ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བར་མི་ཐེངས་ཁྲི་1.6ལྷག་ཙམ་ཞུགས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད།
             ཕྱུག་འགྱུར་ལམ་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ།
             གངས་ས་གྲོང་ཚོ་ནི་གངས་རིན་པོ་ཆེའི་འདབས་སུ་གནས་པས། ལོ་ལྟར་ཡུལ་སྐོར་བ་མང་བའི་ནམ་དུས་སུ་ཡུལ་སྐོར་དུ་ཡོང་མཁན་རྒྱུན་ཆད་མེད། ས་གནས་དེ་གའི་གྲོང་མིས་རང་ཁྱིམ་གྱི་འབྲི་གཡག་དང་རྟར་བརྟེན་ནས་ཡུལ་སྐོར་བར་སྐྱེལ་འདྲེན་ཞབས་འདེགས་ཞུ་ཡི་ཡོད། ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གངས་ས་གྲོང་ཚོ་རིམ་བཞིན་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་རེད།
             2018ལོའི་ལོ་མཇུག་ཏུ། གངས་ས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་པད་མས་སྣེ་ཁྲིད་དེ་གྲོང་གཉེར་ཁེ་ལས་བོད་ལྗོངས་གངས་རིན་པོ་ཆེ་ཡུལ་སྐོར་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཤིང་། ཐོ་འགོད་མ་དངུལ་སྒོར་ཁྲི་500ཟིན་པ་དང་། འབྲི་གཡག་2206དང་རྟ་1103ཡོད་པ། གཏན་འཇགས་རྒྱུ་ནོར་སྒོར་ཁྲི་5600ལྷག་ཙམ་ཟིན་པ། ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་5ནས་6བར་ལ་སྣེ་ལེན་ཞུ་བ་བཅས་ལས། ས་གནས་དེ་གའི་ཕྱུག་འགྱུར་འབབ་འཕར་དང་ལས་ཞུགས་གཞན་སྒྱུར་གྱི་གཡུལ་ས་གཙོ་བོར་གྱུར་ནས། གྲོང་མིར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.3ཟིན་པ་དང་ཁྱིམ་ཚང་ཁག་གཅིག་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་ཏེ། མང་ཚོགས་ཀྱི་ཡོང་འབབ་རིམ་བཞིན་མང་དུ་སོང་ཡོད་པ་རེད།
             ད་ཆ་གངས་ས་གྲོང་ཚོར་དུད་ཚང་347གྱི་མི་1198ཡོད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་72ཀྱི་མི་193ཚང་མ་དབུལ་གྲོལ་བྱུང་ཡོད་པ་རེད། 2019ལོར་གྲོང་ཚོ་8ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཐོན་ལས་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་2600ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་རྩ་འཛུགས་ལ་ཁེ་སྤོགས་སྒོར་ཁྲི་36.5བྱུང་བ། གྲོང་ཚོ་རིམ་པའི་སྤྱི་ཕན་འགྲོ་སོང་སྒོར་ཁྲི་7.1བཏང་བ། གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.1ཟིན་ཏེ། གྲོང་མིའི་ཡོང་འབབ་བསྟུད་མར་འཕར་ཡོད།
             མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་སྐྱེ་ཁམས་ལེགས་སུ་གཏོང་བ།
             གངས་ས་གྲོང་ཚོས“གོམས་སྲོལ་སྒྱུར་བ་དང་ཡ་རབས་སྲོལ་བཟང་གཏོད་པ”དང“གཙང་བ་བཞིའི་ཁྱིམ་གཞིས”(གྲོང་ཚོ་བཀོད་གཙང་དང་། སྒོ་ར་གཙང་མ། ཁང་པ་གཙང་བ། དམངས་སྲོལ་སྤྱོད་གཙང)ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། མང་ཚོགས་ལ་བསམ་བློའི་འདུ་ཤེས་འགྱུར་ལྡོག་བཏང་བ་དང་གོམས་སྲོལ་རྙིང་པ་བསྒྱུར་ཏེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་སློབ་གསོ་ཁྲིད་སྟོན་བྱས་པ་རེད། “ཡ་རབས་ལྡན་པའི་ཁྱིམ་ཚང”གི་གཟེངས་བསྟོད་དཔྱད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་ནས། ལོ་ལྟར་ཡ་རབས་ཁྱིམ་ཚང་2ལ་གཟེངས་བསྟོད་བྱས་ཏེ་ཡུལ་སྲོལ་ཡ་རབས་དང་། ཁྱིམ་སྲོལ་བཟང་པོ། དམངས་སྲོལ་བབ་ཆགས་བཅས་ཀྱི་དུས་རབས་གསར་པའི་ཁྱིམ་ཚང་སྐྱེད་སྲིང་ཧུར་ཐག་བྱས་པ་རེད། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། “གྲོང་ཚོར་གཙང་སྦྲ་བྱེད་པའི”གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་དང“གད་སྙིགས་གཙང་སེལ་དངུལ་ཁང”གི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དེ་བཞིན་གད་སྙིགས་བསྒྲུགས་ཏེ་བྱ་དགའི་དངོས་རྫས་བརྗེ་བའི་བྱེད་སྒོ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་3.2ལྷག་ཙམ་ཞུགས་ཡོད་པ་རེད།
             “2018ལོ་ཚུན་དུ། ང་ཚོས་སྒྲོག་འགྲེལ་ཟམ་མི་ཆད་པར་བྱས་པ་བརྒྱུད། བསམ་བློའི་གོ་རྟོགས་ཅུང་མཐོ་བའི་གྲོང་མི་ཁག་གཅིག་གིས་རྟ་འཁྲིད་པའི་ཞབས་ཞུའི་བརྒྱུད་རིམ་དུ་རང་འགུལ་ངང་གད་སྙིགས་སྒྲུག་གི་ཡོད། ད་ཆ་དཔེ་སྟོན་གྱི་ཕན་འབྲས་ཡག་པོ་ཐོན་ནས་ཡུལ་སྐོར་བས་གད་སྙིགས་གང་བྱུང་དུ་དབྱུག་པའི་སྣང་ཚུལ་ཉུང་དུ་སོང་འདུག”ཅེས་རྡོ་རྗེ་པད་མས་བཤད།
             གྲོང་མི་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ང་ཚོའི་མི་རབས་འདིར་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་གི་ཡོད། མི་རབས་རྗེས་མར་དེ་བས་མཛེས་སྡུག་ལྡན་པའི་གངས་རིན་པོ་ཆེ་ཞིག་འཇོག་གི་ཡིན”ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།