ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འགྲོ་བ་མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

སྤེལ་དུས 2018-12-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཞི་ཅིན་ཕིང་གིས་༼ འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་༽སྤེལ་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་གྲོས་ཚོགས་ལ་འཕྲིན་ཡིག་བསྐུར་གནང་སྟེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འགྲོ་བ་མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་སྟོན་གནང་བ།
           ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ་༡༢པའི་ཚེས་༡༠ཉིན། ༼ འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་༽སྤེལ་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་གནང་སྟེ། ༼ འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་༽ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་དུ་དོན་སྙིང་གལ་ཆེན་ལྡན་པའི་ཡིག་ཚགས་ཤིག་ཡིན་པ་དང་། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་ཐད་དུ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཀྲུང་གོའི་མི་དམངས་རྣམས་རྒྱལ་ཁབ་ཁག་གི་མི་དམངས་དང་ལྷན་དུ་བགྲོད་ལམ་གཅིག་གི་སྟེང་དུ་སྐྱོད་དེ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱས་ནས། འགྲོ་བ་མིའི་ལ་རྒྱ་དང་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་། སྔར་བས་དྲང་བཞག་དང་ལུགས་མཐུན། ཁོག་ཡངས་ཀྱི་གོ་ལ་ཧྲིལ་བོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་བྱེད་ཐབས་ཆགས་པར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་བྱེད་པ་དང་། འཛམ་གླིང་གི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་འབྱེད་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
           ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ནང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་ཡིན། ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་ནས་བཟུང་། མི་དམངས་ལ་བདེ་སྐྱིད་འཚོལ་བ་དང་། མིའི་རིགས་ཀྱི་འཕེལ་རྒྱས་དོན་དུ་གཉེར་རྒྱུ་དེ་འབད་འཐབ་ཀྱི་དམིགས་ཡུལ་དུ་བཟུང་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠་ལ་ཉེ་ཤིང་། ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བ་ནས་བཟུང་། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་ཆགས་པ་ནས། སྟོབས་ལྡན་ཅན་དུ་འགྱུར་བའི་རླབས་ཆེའི་འཕོ་འགྱུར་ཆེན་མོའི་མདུན་བསུས་ཡོད། ཀྲུང་གོའི་འཕེལ་རྒྱས་འདི་ཉིད་རྡོག་རྩ་གཅིག་ཏུ་བསྒྲིལ་ན། ཀྲུང་གོའི་མི་དམངས་དུང་ཕྱུར་མང་པོའི་འཚོ་བ་ཉིན་རེ་བཞིན་ལེགས་བཅོས་སུ་ཕྱིན་པ་དེ་ཉིད་ཡིན་ཞེས་བསྟན་གནང་ཡོད་པ་རེད།
           ཞི་ཅིན་ཕིང་གིས། དུས་རབས་ནི་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་ཡང་གོང་འཕེལ་འགྲོ་བཞིན་ཡོད། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་དེང་རབས་ཀྱི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་བགྲོད་ལམ་ཐོག་སྐྱོད་བཞིན་ཡོད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་བསྟར་བྱས་ཐོག འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་དེ་ འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩ་ཨང་དང་པོར་བཟུང་ནས། མི་དམངས་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། ཁོར་ཡུག་བཅས་ཀྱི་ཁེ་དབང་མཐུན་སྦྱོར་དམ་ཟབ་བྱས་པ་དང་། སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བར་སྲུང་སྐྱོང་གང་ཐུབ་བྱས་ནས། འགྲོ་བ་མིའི་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཡོད་རེད་ཅེས་ནན་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལས་དོན་པས་དུས་བསྟུན་མདུན་སྐྱོད་དང་། དྲང་སྲུང་གསར་གཏོད་བྱས་ནས། མིའི་རིགས་ཀྱི་ཤེས་དཔལ་སྣ་མང་རང་བཞིན་ཕུན་སུམ་ཚོགས་སུ་འགྲོ་བ་དང་། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་སྤྲིངས་པའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།
           ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བྱམས་པ་ཕུན་ཚོགས་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གོང་སྤེལ་ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་ཧོང་མིང་ཧྥུ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད།