ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་མུ་མཐུད་ཀན་སུའུ་ལ་རྟོག་ཞིབ་གནང་བ།

སྤེལ་དུས 2019-08-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀན་སུའུ་རུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྤྱི་ཚེས་20ཉིན་གྱི་སྔ་དྲོ་ཅ་ཡུས་ཀོན་འགག་སྒོའི་ལྕགས་རི་རིང་པོར་ཕེབས་ནས། འགག་འཕྲང་དང་། འཛུགས་སྐྲུན་ཁྱབ་བཀོད། རི་ཀླུང་རྣམ་པ་བཅས་ལ་གཟིགས་པ་དང་། ལྕགས་རི་རིང་པོའི་རིག་དངོས་ཤུལ་བཞག་སྲུང་སྐྱོབ་དང་ལོ་རྒྱུས་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་གནང་ཡོད། ཞི་ཅིན་ཕིང་གིས། དེང་དུས་ཀྱི་འཛམ་གླིང་འདིར། མི་རྣམས་ཀྱིས་ཀྲུང་གོ་ཞེས་བརྗོད་སྐབས། ལེ་དབར་ཁྲི་ཡི་ལྕགས་རི་རིང་པོ་ཡིད་ལ་འཆར་བ་དང་། ཀྲུང་ཧྭའི་ཤེས་དཔལ་ཞེས་བརྗོད་སྐབས་སུའང་ལེ་དབར་ཁྲི་ཡི་ལྕགས་རི་རིང་པོ་ཡིད་ལ་འཆར་སྲིད། ལྕགས་རི་རིང་པོ་དང་། འབྲི་ཆུ། རྨ་ཆུ་སོགས་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་གལ་ཆེ་བའི་མཚོན་རྟགས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་གལ་ཆེའི་མཚོན་རྟགས་ཤིག་ཡིན་པས། ང་ཚོས་ངེས་པར་དུ་ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་མི་ཉམས་པའི་རྩ་བ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
              དེ་རྗེས་ཞི་ཅིན་ཕིང་ཀྲང་ཡེ་གྲོང་ཁྱེར་ཀའོ་ཐའེ་རྫོང་དུ་ཕེབས་ནས། ཀྲུང་གོའི་བཟོ་ཞིང་དམར་དམག་གི་ནུབ་ལམ་དམག་དཔུང་གི་དྲན་གསོའི་རྡོ་རིང་དང་དམག་སར་གྲོངས་པའི་སྔོན་གཤེགས་དཔའ་བོའི་སྤྱི་པའི་བང་སོར་ཞལ་མཇལ་གནང་བ་དང་། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་གི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་ཡོད། དངོས་པོ་རེ་རེ་དང་། པར་རིས་རེ་རེའི་ཐོག་ནས་སྐབས་དེའི་ནུབ་ལམ་དམག་དཔུང་གིས་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་པ་དང་། ཁྲག་དྲོན་བཏོན་ནས་མདོ་ལའི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་དུམ་མཚམས་དེ་མངོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་ཕྲའི་ངང་གཟིགས་པ་དང་། བརྩེ་དུང་ཟབ་་མོས་ནུབ་ལམ་དམག་དཔུང་གི་དཔའ་བོའི་བྱས་རྗེས་ལ་ཕྱིར་དྲན་གནང་ཡོད། ཁོང་གིས། ང་རང་གིས་སྔ་བར་ཕྱི་གསུམ་དུ་ནུབ་ལམ་དམག་དཔུང་གི་ལོ་རྒྱུས་དང་རང་སྲོག་བློས་གཏོང་བྱས་པའི་དཔའ་བོ་རྣམས་སེམས་ལ་དྲན་གྱི་འདུག་ལ། ཁོང་ཚོས་ཚབ་བྱེད་ཐབས་མེད་པ་དང་། སུབ་ཐབས་མེད་པའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་ཇི་སྲིད་བར་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་རྒྱུ་རེད། ཁོང་ཚོས་རང་རེའི་ཏང་གི་གསར་བརྗེའི་སྙིང་སྟོབས་དང་། འབད་འཐབ་སྙིང་སྟོབས་མངོན་པར་བྱས་པ་དང་། དམར་དམག་གི་སྙིང་སྟོབས་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་མངོན་ཡོད་པས། ང་ཚོས་ཏང་གི་ལོ་རྒྱུས་ཡག་པོ་བརྗོད་པ་དང་། དམར་དམག་གི་ལོ་རྒྱུས་ཡག་པོ་བརྗོད་པ། ནུབ་ལམ་དམག་དཔུང་གི་ལོ་རྒྱུས་ཡག་པོ་བརྗོད་པ་བཅས་བྱས་ནས། གསར་བརྗེའི་གཞི་རྐྱེན་མི་རབས་ནས་མི་རབས་རྒྱུན་འཛིན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
              ཀའོ་ཐའེ་རྫོང་གྲོང་ནས་ཞལ་གྱེས་སྐབས། ས་གནས་དེ་གའི་མང་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་ཐོས་པས་ཁྲོམ་གཞུང་གཡས་གཡོན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། དགའ་ཚོར་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅིར་ལག་པ་གཡུག་གཡུག་ཞུས་ནས་དགའ་འབོད་ཞུས་པ་དང་། མང་ཚོགས་མང་པོ་ཞིག་གིས་རྒྱལ་དར་གཡུག་གཡུག་བྱེད་པ་དང་། སྐད་གསང་མཐོན་པོས་མེས་རྒྱལ་ཁྲི་ལོ་བརྟན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པ་ཤོག་ཅེས་འབོད་ཚིག་བསྒྲགས་ཡོད་ཅིང་། རེ་ཞིག་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་གཡས་འཇགས་གཡོན་ལངས་སུ་གྱུར་ཡོད། སྤྲོ་སེམས་འཁོལ་བའི་མང་ཚོགས་རྣམས་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་མུར་རླངས་འཁོར་བཀག་གནང་བ་དང་། རླངས་འཁོར་ནས་བབ་གནང་སྟེ་མང་ཚོགས་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། ཚང་མར་གུས་འདུད་ཡང་ཡང་ཞུས་གནང་བས། མི་ཚོགས་ཀྱི་ཁྲོད་དུ་དེ་བས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་ཁེངས་ཤིང་། རྫོང་གྲོང་ཡོངས་རེ་ཞིག་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད། 
              ཉིན་དེའི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲང་ཡེ་གྲོང་ཁྱེར་ཧྲན་ཏན་ཕེ་ལེ་སློབ་གྲྭར་གཟིགས་ཞིབ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ནུབ་བྱང་ས་ཁུལ་དེ་རང་བྱུང་ཆ་རྐྱེན་གྱིས་ཚད་བཀག་ཡོད་པའི་དབང་གིས། འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད། ས་ཁོངས་དབར་གྱི་གོང་འཕེལ་ཆ་རྐྱེན་ཐད་ཧེ་བག་ཡོད་རུང་། གོ་སྐབས་འདྲ་མཉམ་ཐད་ཧེ་བག་གཏོང་མི་རུང་། གནད་དོན་དེ་ཐག་གཅོད་བྱེད་པའི་འགག་རྩ་དེ་སློབ་གསོ་གོང་འཕེལ་གཏོང་རྒྱུ་དང་། ལྷག་པར་དུ་ལས་རིགས་སློབ་གསོར་ཐུག་ཡོད། རང་རྒྱལ་གྱི་དཔལ་འབྱོར་དངོས་གཞིའི་དཔལ་འབྱོར་གྱིས་འདེགས་སྐྱོར་བྱེད་རྒྱུར་རྟེན་དགོས་པས། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་འབོར་ཆེན་དགོས་པ་དང་། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་འབོར་ཆེན་དགོས་ཀྱི་ཡོད། དེར་བརྟེན། ལས་རིགས་སློབ་གསོ་ནི་མདུན་ལམ་ཆེན་པོ་ལྡན་པ་ཞིག་ཡིན། ལས་རིགས་སུམ་བརྒྱ་དྲུག་ཅུའི་ནང་། ཕུལ་བྱུང་མི་སྣ་རྟག་ཏུ་ཐོན་ཞེས་པ་ལྟར་ཁྱེད་ཚོས་མུ་མཐུད་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་། དུས་བསྟུན་མཉམ་སྐྱོད་བྱས་ནས་མདུན་ལམ་ཆེན་པོ་ཡོང་བ་བྱེད་དགོས། ངས་ཁྱེད་ཚོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད། 
              མཚམས་སྤྲིན་འོག་གི་ཧྲན་ཏན་རྟ་གསོ་ར་བ་ནས་རི་ཀླུང་མཛེས་སྡུག་ལྡན་པ་དང་། རྩྭ་ཆུ་བཟང་ལ་རྟ་མཆོག་ཤ་ཤེད་རྒྱས་པའི་རྣམ་པ་ཞིག་མངོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིན་དེའི་དགོང་མོ་ཀྲུང་གོའི་ཞིང་ལས་གོང་འཕེལ་ཚོགས་པའི་ཧྲན་ཏན་རྟ་གསོ་ར་བའི་ཚད་ཡོད་འགན་འཁྲི་ཀུང་སིའི་རྟ་གསོ་ར་བ་དང་པོར་ཕེབས་ནས། ས་གནས་དངོས་སུ་རྟ་རའི་ཁེ་གཉེར་གོང་འཕེལ་གནས་ཚུལ་ལ་གཟིགས་པ་དང་། མདོ་ལ་རི་བོའི་སྐྱེ་ཁམས་སླར་གསོའི་ལས་དོན་གྱི་སྙན་ཞུ་གསན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལོ་འདི་དག་ནང་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དེ་ཟང་ཟིང་ནས་བཅོས་སྐྱོང་བྱུང་བ་དང་། ཕན་ནུས་ཆེན་པོ་ཐོན་ཡོད། འདི་གར་ཡོང་ནས་ས་གནས་དངོས་སུ་ལྟ་སྐབས། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་གཞི་ནས་མྱོང་ཚོར་ཡོང་གི་འདུག  མདོ་ལ་རི་བོ་ནི་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཀྱི་གལ་ཆེའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་ཐབས་ཇུས་གཏན་འབེབས་ཡིན་པ་ལས། ཞིང་ཆེན་ཞིག་དང་ས་གནས་ཤིག་གིས་རང་འཚམས་ཀྱིས་ཐག་གཅོད་པའི་བྱ་བ་ཞིག་མིན། ཀན་སུའུ་ཡི་སྐྱེ་ཁམས་སྲུང་སྐྱོང་ལས་ཀའི་ཐོག་ནས་གོང་འཕེལ་གྱི་འདུ་ཤེས་གསར་པའི་བླང་བྱ་མངོན་པར་བྱས་ཡོད་པས། རེ་བར་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ང་ཚོ་གོང་འཕེལ་གྱི་དུས་འཚམས་འདི་ལྟ་བུར་སླེབས་ཟིན་པས། ཞི་ཀྭ་ཡི་ལྤགས་པ་རྡོག་རྫིས་གཏོང་བ་ལྟར་ཕྱིར་འདྲེད་ཤོར་རྒྱུ་མེད་པར། མུ་མཐུད་གྱེན་ལ་འཛེགས་ནས། སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཡོང་བ་བྱས་ཚེ།   སྔོ་ལྗང་རི་ཀླུང་གསེར་རི་དངུལ་རིར་འགྱུར་ཐུབ་ཅེས་གསུངས་ཡོད།
              སྤྱི་ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མུ་མཐུད་ཀན་སུའུ་ལ་རྟོག་ཞིབ་གནང་ཡོད། སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུ་ཝེ་གྲོང་ཁྱེར་ཀུའུ་ལང་རྫོང་མེ་ཏོག་ལུག་མིག་ཐང་སྐྱེ་ཁམས་གནས་སྤོས་ཡུལ་མིའི་ཁུལ་གྱི་དམངས་ཕྱུག་གྲོང་གསར་དུ་ཕེབས་ནས། ཡུལ་གཞན་ནས་གནས་སྤོས་བྱས་པའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། དེ་རྗེས། ཁོང་རླངས་འཁོར་ལ་བཞུགས་ནས་པ་པུའུ་ཧྲ་ནགས་རར་ཕེབས་ནས། ས་གནས་དངོས་སུ་ས་གནས་དེ་གའི་བྱེ་བཅོས་ནགས་བཟོ་དང་། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་གཟིགས་གནང་ཡོད།
              ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་ཕེབས་པ་དང་། རྨ་ཆུ་བཅོས་སྐྱོང་གི་ལན་ཀྲོའུ་ལྕགས་ལམ་གཤེར་འཐེན་ས་ཚིགས་རྣམ་གྲངས་ཁུལ་དུ་ཕེབས་ནས། རྨ་ཆུ་བཅོས་སྐྱོང་སྲུང་སྐྱོང་དང་། ཆུ་རགས་བརྟན་བཟོ་དང་འབྲུབ་འགོག་ལས་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། དེ་རྗེས། ཁོང་ཀློག་པ་པོའི་དཔེ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིར་ཕེབས་ནས་རྟོག་ཞིབ་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།