ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ།

སྤེལ་དུས 2020-01-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་༢༠༡༩ལོའི་ཟླ་༡༢ཚེས་༣༡ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་དུ་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་ཡོད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྱིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ།   དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་འཐུས་མི་དང་དགའ་འཛོམས་གནང་ནས། སྤྱི་ལོ་༢༠༢༠ལོའི་གནམ་ལོ་གསར་ཚེས་ལ་བསུ་བ་ཞུས་ཡོད།
          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཡོད།
          ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག  རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན། ལས་བྱེད་པ། ལས་རིགས་ཁག་གི་མི་སྣ།  མི་དམངས་བཅིངས་འགྲོལ་དམག་གི་བཀོད་འདོམས་པ་དང་འཐབ་འཛིང་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་བཀོད་འདོམས་པ་དང་འཐབ་འཛིང་པ།  ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་མི་སྣ་བཅས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ནས།   ཚང་མར་ལོ་གསར་བཀྲ་ཤིས་བདེ་ལེགས་ཞེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། སྤྱི་ལོ་༢༠༡༩ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་༧༠འཁོར་བའི་ལོ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་གི་རིང་། ང་ཚོ་ཚང་མས་མཉམ་དུ་འབད་འཐབ་དང་། མཉམ་དུ་འགག་སྒྲོལ་དཀའ་སེལ་བྱས་ཏེ། དཀའ་བ་མང་པོ་སྤྱད་ཡོད་ལ། གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད་ཅེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས།  ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ།  རྒྱལ་ཁབ་ཕྱི་ནང་དུ་ཉེན་ཁ་དང་འགྲན་རྩོད་མངོན་གསལ་དོད་པོས་མང་དུ་འགྲོ་བའི་རྙོག་འཛིང་ཆེ་བའི་རྣམ་པར་བབ་བརླིང་ངང་ཁ་གཏད་བཅག་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ། འགག་སྒྲོལ་ཆེན་པོ་གསུམ་ཐད་ཤུགས་སྣོན་བརྒྱབ་པ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བའི་ཐད་འཕེལ་རིམ་གསར་པ་གལ་ཆེན་བྱུང་བ། དབུལ་སྒྲོལ་འགག་གཏོར་ལ་མུ་མཐུད་སྐུལ་འདེད་ནུས་ལྡན་བཏང་བ།  ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་འཆར་འགོད་ཀྱི་སྟོན་གྲངས་གཙོ་བོ་སྔོན་དཔག་དང་མཐུན་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་རྒྱུར་རྨང་གཞི་དེ་བས་བརྟན་པོ་ཞིག་བཏིང་ཡོད་ཅེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། ལོ་དེར་ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་གཟབ་རྒྱས་ངང་སྤེལ་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་གསོན་ཉམས་དོད་པོས་མངོན་པར་བྱས་པ། ཀྲུང་གོ་གསར་པར་བསྟོད་གླུ་ཕུལ་བ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་དཔའ་ངར་མངོན་པ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་རྒྱལ་གཅེས་ཀྱི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་འཕེལ་བ་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་ཆེན་པོ་དང་གསོན་ཤུགས་ཆེན་པོ་མངོན་པ་བཅས་བྱས་ཡོད་ཅེས་ནན་གསུངས་གནང་ཡོད།
          ཞི་ཅིན་ཕིང་གིས། ལོ་འདིར་ང་ཚོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད། ད་ལོ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་གཙོ་བོ་༤༦དང་། སྒྱུར་བཅོས་ཀྱི་ལས་འགན་གཞན་དག་༦༡གཞི་རྩའི་ཐོག་ལེགས་གྲུབ་བྱུང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ད་དུང་སྒྱུར་བཅོས་ཀྱི་ལས་འགན་༡༧༨ལེགས་གྲུབ་བྱས་པ། ཕྱོགས་གང་ཅིའི་ཐད་ནས་སྒྱུར་བཅོས་ཀྱི་ཇུས་གཞི་ཁྱོན་བསྡོམས་༢༨༥བཏོན་ཡོད། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཕྱོགས་ཁག་གིས་སྒྱུར་བཅོས་ཇུས་གཞི་༢༢༡༧བཏོན་ཡོད་ཅེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། ལོ་འདིར་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོངས་སུ་༼ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་༽བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བ། ༼སྤྱོད་ཚུལ་ངན་པ་བཞི་༽དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བློ་བརྟན་འགྱུར་མེད་ངང་བཅོས་སྒྲིག་བྱས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བློ་བརྟན་འགྱུར་མེད་ངང་ཟབ་ཏུ་བཏང་བ་བཅས་བྱས་ཡོད།   ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་གི་ལམ་ལུགས་འཛུགས་སྐྱོང་གི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་ཆ་ཚང་བ་བྱས་པ་དང་། དུས་རབས་གསར་པའི་རང་རྒྱལ་གྱི་ལམ་ལུགས་འཛུགས་སྐྱོང་ཐད་གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་བ་དང་། གང་ཞིག་འཐུས་ཚང་དུ་གཏོང་བ། གང་ཞིག་འཕེལ་རྒྱས་གཏོང་བ་བཅས་ཀྱི་གནད་དོན་གལ་ཆེན་ལ་ལན་ཡག་པོ་བཏབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་མངོན་གསལ་དོད་པོས་བཏོན་པ་བཅས་ཀྱི་ཐོག་ནས། ཀྲུང་གོའི་མི་དམངས་ཀྱི་༼བློ་སྤོབས་བཞི་༽བརྟན་དུ་གཏོང་བའི་གཏིང་ཤུགས་ཆེ་རུ་བཏང་ཡོད་ཅེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། སྤྱི་ལོ་༢༠༢༠ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཡིན། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྗིད་པོ་ཡོད། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ། འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ། དབུལ་སྒྲོལ་འགག་གཏོར་གྱི་ལས་ཀར་སྤུས་ཚད་མཐོ་པོས་རྒྱལ་ཁ་ལེན་པ་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
          ཞི་ཅིན་ཕིང་གིས། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཤང་ཀང་བས་ཤང་ཀང་སྐྱོང་བ། ཨའོ་མོན་བས་ཨའོ་མོན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་ལག་བསྟར་བྱས་ཏེ།  ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས།  གོ་གཉིས་ལོའི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་གསུངས་གནང་ཡོད།
          ཞི་ཅིན་ཕིང་གིས། ལོ་གཅིག་རིང་། མི་དམངས་སྲིད་གྲོས་ཀྱིས་བསམ་བློར་རིགས་གཞུང་གི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་པ། ཆེད་མངགས་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་རང་འགན་གཙང་སྒྲུབ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། ལོ་གསར་པའི་ནང་མི་དམངས་སྲིད་གྲོས་ཀྱིས་༼ལོ་བརྒྱ་གཉིས་༽ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་གཙོ་གནད་དུ་འཇོག་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱ་རྒྱུས་ལྟེ་བའི་ལྷུ་ཚིགས་བྱེད་པ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པའི་དམིགས་ཚད་ལས་འགན་དང་།  དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན་མངོན་འགྱུར་བྱ་ཆེད་སེམས་ནུས་གཅིག་སྒྲིལ་བྱེད་དགོས་ཞེས་བསྟན་གནང་ཡོད།
          ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་ནང་།  ཀྲུང་ཧྭ་མི་རིགས་ཀྱིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་ཕུགས་འདུན་བཟང་པོ་འདུས་ཡོད།  དུས་ཡུན་རིང་པོར་དཀའ་སྤྱད་འཚོལ་ཞིབ་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།  ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བའི་རྒྱལ་ཁ་རླབས་པོ་ཆེ་ལེན་གྲབས་ཡོད།  དེ་ནི་དཔའ་ངར་ཞུམ་མེད་དང་ཡུན་རིང་འབད་འཐབ་བྱས་པའི་འབྲས་བུ་ཞིག་རེད་ལ། ཡང་སྒོས་སུ་ལམ་བུ་གསར་པའི་ཐོག་སླར་ཡང་རྡོག་ཐོན་བྱེད་པའི་སྐུལ་སློང་ཞིག་ཀྱང་རེད་ཅེས་ནན་གསུངས་གནང་ཡོད།
          མཇུག་ཏུ་ཞི་ཅིན་ཕིང་གིས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཟང་ཆ་འདོན་སྤེལ་བྱེད་པ། ཡིད་ཆེས་བརྟན་པོ་དང་དཀའ་སྤྱད་མདུན་སྐྱོད། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་བྱས་ཚེ།  ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཇ་སྟོན་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ཁོང་གིས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་བྱེད་པ། འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཁག་ནན་ཏན་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས།  མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་ཆོད་ལ་བསྒྱུར་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ།  ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་ཡོད།
          དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ་ཡིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ཚབ་ཞུས་ནས་གསུང་བཤད་གནང་ཞིང་། ཁོང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། བློ་གཅིག་སེམས་གཅིག་དང་འབད་འབུངས་ཡར་བརྩོན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
          ཇ་སྟོན་ཚོགས་འདུའི་ཐོག ཞི་ཅིན་ཕིང་སོགས་ནས་ལས་རིགས་ཁག་གི་མི་སྣའི་ཁྲོད་ཕེབས་པ་དང་། ཚང་མ་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་ཞིང་ཕན་ཚུན་འཚམས་འདྲི་གནང་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རིག་རྩལ་ལས་དོན་པ་ཁག་གཅིག་གིས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་གནང་ཡོད། མཇུག་ཏུ་ཚོགས་ར་ཡོངས་ཀྱི་མི་སྣས་ཡར་བཞེངས་ནས་༼མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན༽ཞེས་པའི་གླུ་དབྱངས་སྐད་གསང་མཐོན་པོས་བླངས་པས།  ཚོགས་རའི་ནང་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།
          པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་ཁག་གཅིག རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་མྱོང་བའི་པེ་ཅིང་དུ་ཡོད་པའི་བློ་མཐུན་རྒན་གྲས་བཅས་ཇ་སྟོན་ཚོགས་འདུར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།