དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གི་སྤྱི་ལོ2021ལོའི་ལོ་གསར་ཤིས་ཚིག

སྤེལ་དུས 2020-12-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

            གནམ་ལོ་གསར་ཚེས་འཆར་ལ་ཉེ་བའི་སྐབས་འདིར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད། སྤྱི་ལོ2021ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་གནང་ཡོད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།
            བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ། མཁྱེན་ལྡན་མ་རྣམ་པ། སྐུ་ཞབས་རྣམ་པ། ལྷན་རྒྱས་སྐུ་ཁམས་བཟང་། སྤྱི་ལོ2021ལོ་འཆར་ལ་ཉེ་བའི་མཚམས་འདིར། ང་རང་གིས་པེ་ཅིང་ནས་ཚང་མར་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། 
            སྤྱི་ལོ2020ལོ་ནི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ང་ཚོས་མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་རྩ་བའི་རྩེ་ལ་བཞག་ནས་མི་ཡུལ་གྱི་བརྩེ་བ་ཆེན་མོར་འགྲེལ་བཤད་བྱས་ཡོད་པ་དང་། ཀུན་སེམས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད་སྒོ་ནས་རིམས་འགོག་གི་ལོ་རྒྱུས་སྙན་ངག་བརྩམས་ཡོད། དཀའ་ངལ་མཉམ་སེལ་བྱེད་པའི་དུས་ཚོད་དེའི་ནང་། འཆི་ཉེན་ལ་མི་སྐྲག་པར་མདུན་སར་བསྐྱོད་པའི་སྤོབས་སེམས་ཡོད་ལ། ཞུམ་པ་མེད་པའི་བརྟན་སྲུང་ཡོད་པ། དཀའ་སྡུག་མཉམ་མྱོང་གི་འགན་སེམས་ཡོད་པ། དཔའ་ངར་ཞུམ་མེད་ཀྱི་བློས་གཏོང་ཡོད་པ། སོ་སྲུང་རོགས་རེས་ཀྱི་སེམས་འགུལ་ཡོད། གོས་དཀར་ལྷ་རྗེ་ནས་མི་དམངས་ཀྱི་བུ་ཕྲུག་དམག་བར་དང་། ཚན་ཞིབ་མི་སྣ་ནས་སྡེ་ཁུལ་གྱི་ལས་དོན་པའི་བར། དང་བླངས་པ་ནས་ལས་གཞིའི་འཛུགས་སྐྲུན་པའི་བར། བགྲེས་སོང་ནས་ལོ་རབས90པ་དང་ཉིས་སྟོང་ལོའི་རྗེས་སུ་སྐྱེས་པའི་གཞོན་ནུའི་མི་རབས་བར། མི་གྲངས་ལས་འདས་པས་སྲོག་ཉེན་ལ་མ་འཛེམས་པར་ལས་འགན་སྒྲུབ་པར་བསྐྱོད་པ་དང་། གཅེས་སེམས་ཆེན་པོས་དམངས་ལ་སྲུང་སྐྱོབ་བྱས་པ། ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས་པའི་དཔེ་ལྟར་གྱི་རླབས་ཆེའི་སྟོབས་ཤུགས་ལ་བརྟེན་ནས་ཚེ་སྲོག་སྲུང་བའི་ལྕགས་རི་བརྟན་པོ་བསྐྲུན་ཡོད། བདེན་དོན་ཆེད་ཕྱིར་བཤོལ་མི་བྱེད་པའི་མི་སྣ་རེ་རེ་དང་། ཡིད་སེམས་གཅིག་མཐུན་གྱི་སྟོབས་ཤུགས་སྦྲེལ་ཐེངས་རེ་རེ། མི་སེམས་འགུལ་བའི་རྣམ་པ་རེ་རེ་བཅས་ཀྱིས་རླབས་ཆེའི་རིམས་འགོག་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། སྤྱིར་བཏང་གི་བྱ་བའི་ཐོག་ནས་རླབས་ཆེན་བཏོད་པ་དང་། དཔའ་བོ་ནི་མི་དམངས་ཁྲོད་ནས་ཡོང་བ་ཡིན། ཁོང་རྣམ་པ་ནི་ཁྱད་འཕགས་ཅན་ཤ་སྟག་ཡིན། སྟབས་མ་ལེགས་པར་ནད་གཞི་འགོས་པ་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་། ཕལ་པའི་ཁྲོད་ཀྱི་དཔའ་བོ་རྣམས་ལ་གུས་འདུད་ཞུ། རླབས་ཆེན་གྱི་མེས་རྒྱལ་དང་མི་དམངས་ཡོད་པ་དང་། འབད་འཐབ་ཆེར་སྐྱེད་ཀྱི་མི་རིགས་སྙིང་སྟོབས་ཡོད་པར་ང་རང་སྤོབས་པ་སྐྱེ་ཡི་འདུག   
            དཀའ་བའི་དུས་སུ་དཔའ་མཛངས་མངོན། དཀའ་བ་སྤྱད་པས་འབྲས་བཟང་སྨིན། ང་ཚོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཐོག  རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་ལེགས་གྲུབ་ཟིན་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ཁྱོན་ཡོངས་ནས་སྒྲིག་བཟོ་བྱས་ཡོད། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་གཏོད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད། འཛམ་གླིང་གི་དཔལ་འབྱོར་མ་ལག་གཙོ་བོའི་ཁྲོད་རང་རྒྱལ་ལ་སྔོན་ལ་དངོས་འཕར་བྱུང་བ་དང་། སྔོན་དཔག་བྱས་ན་སྤྱི་ལོ2020ལོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ས་ཡ་ཟིན་པའི་སྐས་རིམ་གསར་པར་སླེབས་རྒྱུ་རེད། འབྲུ་རིགས་ཐོན་སྐྱེད་ལ་ལོ་བཅུ་བདུན་བསྟུད་མར་ལོ་ལེགས་བྱུང་ཡོད། གནམ་འདྲི་དང་པོ་རྟགས་ཅན་དང་། ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན། འབད་འཐབ་པ་རྟགས་ཅན་སོགས་ཚན་རིག་འཚོལ་ཞིབ་ཚད་ལེན་ལ་འགག་གཏོར་ཆེན་པོ་བྱུང་ཡོད། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། ང་ཚོས་ད་དུང་ཆུ་ལོག་དང་ཞོད་སྐྱོན་གནོད་འཚེ་ཚབས་ཆེན་བཀག་འགོག་བྱས་པ་དང་། རྒྱ་ཆེའི་དམག་དམངས་ཀྱིས་དཀའ་ཉེན་ལ་མ་འཛེམས་པར་ཕྱར་བ་གྲུ་འདེགས་ངང་ཆུ་ལོག་འགོག་པ་དང་གནོད་སེལ་བྱས་ཏེ། གྱོང་གུན་ཕོག་ཚད་གང་ཐུབ་ཅི་ཐུབ་ཀྱིས་དམའ་རུ་བཏང་ཡོད། ང་རང་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས13ལ་རྟོག་ཞིབ་བྱེད་སྐབས། ཚང་མས་རིམས་འགོག་གི་བྱ་ཐབས་དོན་འཁྱོལ་ཚགས་ཚུད་པོ་བྱེད་པ་དང་། དུས་ཚོད་སྐར་ཆའང་བརྩོན་ལེན་གྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པ། ནུས་ཤུགས་ཡོད་རྒུས་གསར་སྐྲུན་གསར་གཏོད་བྱེད་པ། ཀྲུང་གོའི་ས་གཞི་ཆེན་མོར་བློ་སྤོབས་ཆེར་སྐྱེད་དང་རང་སྟོབས་འཕེལ་བ། སེམས་ཤུགས་བརྟན་པོ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མཐོང་བྱུང་བས་དགའ་ཚོར་ཆེན་པོ་བྱུང་།
            སྤྱི་ལོ2020ལོར། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པའི་ཐད་རླབས་ཆེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ང་ཚོས་ཆེས་དབུལ་བའི་བཙན་རྫོང་གཏོར་ཆེད་འབད་བརྩོན་བྱས་པ་དང་། ཆེས་དཀའ་ཚེགས་ཆེ་བའི་འགག་གནད་སེལ་ཡོད། དུས་ཡུན་ལོ་བརྒྱད་བརྒྱུད། ད་ལྟའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་གཅིག་ཚང་མ་དབུལ་གྲོལ་བྱུང་བ་དང་། དབུལ་ཕོངས་རྫོང832ཚང་མའི་དབུལ་ཞྭ་ཕུད་ཐུབ་ཡོད། ལོ་དེ་དག་རིང་། ང་རང་རྒྱལ་ཡོངས་ཀྱི་ཡུག་གཅིག་འབྲེལ་གྱི་ཆེས་དབུལ་ཕོངས་ས་ཁུལ14ལ་བསྐྱོད་པ་ཡིན། ཡུལ་མི་ཚོས་ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་ཐོག་ནས་བྱ་བ་བསྒྲུབས་པ་དང་རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་ཡོད་ཚད་ལེགས་སྐྱེས་སུ་འབུལ་བའི་རྣམ་པ་རྟག་ཏུ་ཡིད་ལ་འཁོར་གྱི་འདུག ང་ཚོས་ད་དུང་རི་བོ་སྔོ་ལྗང་བློས་མི་གཏོང་བར། ཏན་ཏན་ཏིག་ཏིག་སྒོ་ནས་བྱ་བ་ཧུར་ཐག་བསྒྲུབས་ཏེ། གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཧུར་ཐག་གཏོད་དགོས་པ་དང་། ཐུན་མོང་འབྱོར་ཕྱུག་ཡོང་བའི་དམིགས་འབེན་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་དགོས། 
            ད་ལོ། ང་ཚོས་ཧྲེན་ཀྲེན་སོགས་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ40འཁོར་བ་དང་ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ30འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། དཔྱིད་དཔལ་རབ་ཏུ་བཞད་པའི་ལྷོ་རྒྱ་མཚོའི་འགྲམ་རྒྱུད་དང་། མཚར་སྡུག་རྣམ་པར་བཀྲ་བའི་ཧོང་ཕུའུ་ཅང་གཙང་འགྲམ་ནས། སེམས་ཚོར་སྣ་ཚོགས་བྱུང་བ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དེ་དཔེ་སྟོན་སྣེ་ཁྲིད་བྱེད་པར་གྱུར་ཅིང་། གསར་སྐྲུན་འཚོལ་ཞིབ་བྱ་རྒྱུ་དེ་གསར་སྐྲུན་གྱི་ཁྲིད་སྟོན་བྱེད་པར་གྱུར་ཡོད། 
            སྒྱུར་བཅོས་སྒོ་དབྱེས་གོང་འཕེལ་གྱི་ངོ་མཚར་བཏོད་ཡོད་པས། སླད་ཕྱིན་ད་དུང་བློ་གཤོགས་སྔར་བས་ཆེ་བའི་ཐོག་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས། དཔྱིད་ཀྱི་གཏམ་རྒྱུད་དེ་བས་མང་བ་རྩོམ་དགོས། 
            ཀུན་སྤྱོད་ལེགས་ན་ཁེར་རྐྱང་ལུས་མི་སྲིད། གནམ་འོག་ཁྱིམ་ཚང་གཅིག་ལྟར་མཐུན་པར་གནས། ལོ་གཅིག་ལྷག་ཙམ་རིང་གི་དཀའ་ཚེགས་བརྒྱུད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་དོན་སྙིང་ཐད་ང་ཚོར་དུས་སྐབས་གང་འདྲ་ཞིག་གི་སྐབས་ལས་ཀྱང་མྱོང་ཚོར་ཟབ་པ་བྱུང་ཡོད། ང་རང་ནས་རྒྱལ་སྤྱིའི་ཐོག་གི་གྲོགས་པོ་གསར་རྙིང་དབར་གླེང་མོལ་ཐེངས་མང་ཞུ་སྐབས་དང་དྲ་ཐོག་གྲོས་ཚོགས་མང་པོར་ཞུགས་སྐབས། གླེང་མང་ཤོས་ནི་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་ལ་བརྟེན་ནས་རིམས་ནད་འགོག་བཅོས་བྱ་རྒྱུ་དེ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ནས་ལག་གདང་སྦྲེལ་བ་དང་དཀའ་སྡུག་མཉམ་མྱོང་གིས་རིམས་ནད་ལས་གང་མགྱོགས་གྲོལ་བ་བྱས་ནས། སྔར་བས་མཛེས་སྡུག་ལྡན་པའི་ས་གོ་ལའི་ཁྱིམ་གཞིས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། 
            སྤྱི་ལོ2021ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་ལོ་ཡིན། ལོ་བརྒྱའི་རྒྱང་སྐྱོད་ནི་ཇི་འདྲའི་བརྗིད་ཉམས་ལྡན་པ་དང་། ལོ་བརྒྱའི་ཐོག་མའི་བསམ་འདུན་ནི་དུས་ཚོད་ག་ཚོད་ཀྱིས་རིང་ན་དེ་ཚད་ཀྱིས་འགྱུར་བ་མེད་པ་ཞིག་ཡིན། ཧྲང་ཧའེ་ཧྲེ་ཁུའུ་མོན་ནས་ཅ་ཤིང་ནན་ཧུའུ་མཚེའུ་ཡི་བར་གྲུ་གཟིངས་དམར་པོ་ཆུང་ཆུང་ཞིག་གིས་མི་དམངས་ཀྱི་མངགས་བཅོལ་དང་མི་རིགས་ཀྱི་རེ་བ་བསྣམས་ཏེ། དྲག་ཏུ་བཞུར་བའི་ཆུ་བོ་དང་ཉེན་ཁ་ཆེ་བའི་གྲམ་ཐང་བརྒལ་བ་དང་། རྦ་རླབས་འཇིགས་སུ་རུང་བ་བཅད་པས། ཀྲུང་གོ་བརྟན་པོའི་ངང་རྒྱང་བགྲོད་བྱེད་པར་སྣེ་ཁྲིད་བྱེད་མཁན་གྱི་གྲུ་གཟིངས་ཆེན་མོར་གྱུར་ཡོད། སེམས་ནང་རླབས་ཆེན་བྱ་གཞག་བཅངས་པ་དེ། ལོ་བརྒྱའི་ངོ་མཚར་གཏོད་པའི་དུས་ལ་འཁེལ། ང་ཚོས་མི་དམངས་ཀྱིས་ལྟེ་བ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཐོག་མའི་བསམ་འདུན་མི་འགྱུར་བར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། རླུང་བརྟེན་རླབས་གཤགས་དང་གྲུ་གཡོར་འཕྱར་ནས་རྒྱང་སྐྱོད་བྱས་ཚེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཐུབ་ངེས་རེད། ལོ་བརྒྱ་གཉིས་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་གནས་པའི་སྐབས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་ལ་ཉེ། རྒྱང་སྐྱོད་ལམ་བུ་ས་ཐག་རིང་ཡང་། འབད་འཐབ་བྱས་ན་དམིགས་སར་འབྱོར། ང་ཚོས་འབད་འཐབ་བྱས་པ་བརྒྱུད། དཀའ་ངལ་མཐའ་དག་སེལ་ཞིང་ལ་ཀླུང་ཁྲི་སྟོང་བརྒལ་ཡོད། ང་ཚོས་མུ་མཐུད་འབད་འཐབ་བྱེད་པ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ནས། དེ་བས་འོད་སྟོང་འབར་བའི་འབྱུང་འགྱུར་གཏོད་དགོས།
            མཚམས་འདིར། གློག་འོད་རྣམ་པར་བཀྲ། ཁྱིམ་མི་མཉམ་དུ་འཛོམས། གནམ་ལོ་གསར་ཚེས་འཆར་ལ་ཉེ་བའི་སྐབས་འདིར། རི་ཀླུང་མཛེས་སྡུག་ལྡན་པ་དང་། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྨོན་འདུན་ཞུ་རྒྱུ་དང་། བཀྲ་ཤིས་འཆམ་མཐུན། བདེ་སྐྱིད་ཕུན་ཚོགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
            ལྷན་རྒྱས་ཐུགས་རྗེ་ཆེ།