ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

སྤེལ་དུས 2021-03-10 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ཚེས་8ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་གསན་པ་དང་གྲོས་ཞིབ་གནང་བ་རེད།
       ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་འདུར་ཞུགས་པ་རེད།
       རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད། ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་ནང་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པའི་ཁར། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ཏེ། རང་འགན་གཙང་སྒྲུབ་དང་བྱས་རྗེས་ཧུར་ཐག་བཞག་ནས་ལས་དོན་གལ་ཆེན་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། བཅའ་ཁྲིམས་ཀྱི་འགན་ལེན་བྱེད་པ་བཅས་ཀྱི་ཆེད་དུ་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་ནུས་ལྡན་བྱས་ཡོད།
       ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་ནང་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཁག་9གཏན་ལ་ཕབ་པ་དང་། བཅའ་ཁྲིམས་ཁག་13ལ་བཟོ་བཅོས་བརྒྱབ་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་ཆེ་རིགས་སྐོར་གྱི་གཏན་འབེབས་ཁག་8བྱས་པ། བཅའ་ཁྲིམས་གྲོས་གཞི་23གྲོས་ཞིབ་བྱེད་བཞིན་ཡོད་པ། སྙན་སྒྲོན་35ཉན་པ་དང་གྲོས་ཞིབ་བྱས་པ། གཏན་འབེབས་1དང་བཅའ་ཁྲིམས་ཁག་6ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་བློ་འདྲི་ཐེངས་2བྱས་པ། ཆེད་དོན་བརྟག་ཞིབ་ཐེངས་6བྱས་པ། གྲོས་དོན་1གི་གྲོས་ཐག་བཅད་པ། ཆིངས་ཡིག་7ལ་ཆོག་མཆན་འགོད་རྒྱུའམ་ཡང་ན་ཁ་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་པ། བསྐོ་འཐེན་གྲོས་གཞི་39ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ། རྒྱལ་ཁབ་ཀྱི་ལས་དོན་མི་སྣ་མི་ཐེངས་259ཁྲིམས་ལྟར་བསྐོ་འཐེན་བྱས་ཡོད།
       ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་ནང་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་སྙེགས་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བས་ཁྲིམས་ལུགས་འཛུགས་སྐྱོང་ལ་འཆང་བའི་རེ་འབོད་དང་རེ་སྒུག་དང་དམ་པོར་བསྟུན་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱིས་བཏོན་པའི་བཅའ་ཁྲིམས་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། ཁྲིམས་འཛུགས་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་གིས་ལྟེ་བ་དང་སྤྱི་ཡོངས་ལ་དེ་བས་ལེགས་པའི་ངང་དམིགས་པ་དང་རྒྱལ་ཁབ་དང་མི་དམངས་ལ་དེ་བས་ལེགས་པའི་ངང་ཞབས་འདེགས་ཧུར་ཁག་ཞུ་བ་དེ་རེད།
       ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་ནང་བསྟན་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ད་དུང་ཧེ་བག་དང་མི་འདང་བའི་ཆ་འགའ་ཞིག་ཡོད། སླད་ཕྱིན་འཐུས་མི་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ཁེངས་སྐྱུང་ངང་ཉན་འཇོག་བྱས་ཏེ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་སྔར་བས་ལེགས་པའི་ངང་བསྒྲུབ་རྒྱུ་ཡིན།
       ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་ནང་བསྟན་དོན། 2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་འཛུགས་པའི་ལོ་དང་པོ་རེད་ལ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་ཀྱང་རེད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་སྤྱིའི་བླང་བྱ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་ལ་དམ་པོར་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཇུས་འགོད་བཅས་བྱས་ནས་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། གཏན་འབེབས་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ཁྲིམས་ལྟར་ལག་བསྟར་བྱེད་དགོས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་འགན་ནུས་འདོན་སྤེལ་ཡག་པོ་བྱེད་དགོས་པ་དེ་ཡིན།
       ལི་ཀྲན་ཧྲུའུ་ཡིས་སྙན་སྒྲོན་གནང་སྐབས་རྒྱུན་ལས་ཨུ་ལྷན་གྱི་སླད་ཕྱིན་ལོ་གཅིག་གི་ལས་འགན་གཙོ་བོ་བཀོད་སྒྲིག་གནང་བ་སྟེ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་རྩ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་སྲུང་སྐྱོང་བྱེད་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ། འཐུས་མིའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འཐུས་མིའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་པ། མི་དམངས་འཐུས་ཚོགས་ཀྱི་ཕྱི་དོན་ལས་དོན་སྤེལ་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་དགོས་པ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་འགན་ནུས་སྒྲུབ་པའི་བསམ་བློ་ཆབ་སྲིད་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་རེད།
       ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གནང་སྐབས་བསྟན་གནང་དོན། 2020ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིམས་ལྟར་ཞབས་འདེགས་ཞུས་པ་དང་སྤྱི་འདོམས་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོབ་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཁག་39347བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་35773ཞིབ་གཅོད་བྱེད་མཇུག་བསྒྲིལ་བ། ས་གནས་ཁག་གི་རིམ་ཁག་མི་དམངས་ཁྲིམས་ཁང་དང་ཆེད་དོན་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཁྲི་3080.5བདག་སྤྲོད་བྱས་པ་དང་གྱོད་གཞི་ཁྲི་2870.5ཞིབ་གཅོད་བྱེད་མཇུག་བསྒྲིལ་བ་དང་ལག་བསྟར་བྱེད་མཇུག་བསྒྲིལ་ཡོད།
       ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གནང་སྐབས་བསྟན་གནང་དོན། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ལས་ཐོན་པའི་རྡབ་རྡེག་ཤུགས་ཆེན་ལ་ཁ་གཏད་ཧུར་ཐག་བཅག་པ་དང་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ལོ་གཅིག་རིང་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་སྣ་ཚོགས་ཁྱོན་ཁྲི་301སྒྲུབ་གཉེར་བྱས་པ་དེ་དུས་མཚུངས་ལས་19.4%ཆག་པ་དང་དེའི་ནང་རང་འགུལ་ངང་ལས་འགན་སྒྲུབ་འགན་འཁུར་བའི་སྤྱི་ཕན་གཏུག་བཤེར་དང་གཏུག་བཤེར་ལྟ་སྐུལ་གྱོད་གཞི་དུས་མཚུངས་ལས་19.2%དང་9.6%སོ་སོར་འཕར་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།