སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་ཕན་ཚུན་ངག་འཕྲིན་བཏང་གནང་བ།
སྤེལ་དུས 2021-03-24
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གི་བཀའ་མངགས་གནང་བ་བརྒྱུད། ཟླ་3ཚེས་22ཉིན། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་སུང་ཐའོ་ཡིས་པེ་ཅིང་དུ་ཞལ་ཆད་ལྟར་ཀྲུང་གོར་བཅའ་སྡོད་ཁྲའོ་ཞན་གྱི་གཞུང་ཚབ་ཆེ་མོ་བ་ལི་ལུང་ནན་དང་མཇལ་འཕྲད་གནང་བ་རེད།
ལི་ལུང་ནན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཏང་གནང་བའི་ངག་འཕྲིན་བརྒྱུད་ཞུ་གནང་ཞིང་། ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་བརྒྱད་པའི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་གནང་བ་དང་། ཀྲུང་གོའི་ཏང་དང་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་ཉམས་ཉེན་ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་འགོག་རྒོལ་བྱས་པ་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་དབུལ་པོ་རྦད་དེ་སེལ་བའི་འཐབ་རྩོད་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་པར་ཚད་མཐོའི་གདེང་འཇོག་གནང་བ་རེད།
ཅིན་ཀྲེང་ཨེན་གྱིས་ཁྲའོ་ཀྲུང་གི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་གཏོང་བ་ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་འབྲེལ་བར་བརྩིས་ཏེ། མཛའ་གྲོགས་དང་མཐུན་སྒྲིལ་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མདུན་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དེ་ནི་ང་དང་དེ་བཞིན་ཁྲའོ་ཞན་ཏང་དང་མི་དམངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཤིག་ཡིན། ཁྲའོ་ཀྲུང་གི་མཛའ་གྲོགས་འབྲེལ་བ་དེ་དུས་རབས་ཀྱི་བླང་བྱ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཕུགས་འདུན་དང་། རེ་འདོད། རྩ་བའི་ཁེ་ཕན་བཅས་ལ་གཞིགས་ནས་འཕེལ་རྒྱས་འགྲོ་ངེས་ཡིན་པ་ཁྲའོ་ཞན་ཕྱོགས་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།
སུང་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་ལ་བཏང་གནང་བའི་ངག་འཕྲིན་བརྒྱུད་ཞུས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་བརྒྱད་པ་འཚོགས་པར་སླར་ཡང་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ནི་ཏང་གཉིས་དང་། རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་པོའི་མི་དམངས་བཅས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་རེད། དུས་བབ་གསར་པའི་ཐོག་ང་ཚོས་ཁྲའོ་ཞན་གྱི་བློ་མཐུན་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཀྲུང་ཁྲའོ་ཡི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་འཁེལ་བས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ཕྱེད་གླིང་གི་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཆེད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།