ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།

སྤེལ་དུས 2022-01-20 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།
          ཟླ་1ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།
          ཚེས་18ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ཏེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས། དམ་ནན་གྱི་རྩ་བའི་དགོངས་གཞི་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་མཐའ་འཁྱོངས། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་རུལ་སུངས་དང་ཚུལ་མིན་གྱི་སྤྱོད་ཚུལ་མཐའ་དག་ཡོ་བསྲང་མཐའ་འཁྱོངས། “འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་ནས་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་མཐའ་འཁྱོངས་བཅས་བྱས་ཏེ། རླབས་ཆེན་གྱི་རང་ངོས་གསར་བརྗེར་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་གྱིས་རྒྱུན་བསྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཞི་ཅིན་ཕིང་གིས་བསྟན་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་རེད། ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་ཆེད་འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་སྟབས་ཡག་པོ་ཞིག་སྤོ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། ད་ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུ་པ་དེ་རེད། ལོ་བཅུའི་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་སུ་བཅུག་པ་དང་། སྔར་བྱུང་མ་མྱོང་བའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། ལོ་མང་རིང་བཀག་འགོག་བྱེད་མ་ཐུབ་པའི་བྱ་ངན་སྤྱོད་ངན་འགའ་ཞིག་བཀག་འགོག་བྱས་པ་དང་། ཡུན་རིང་ཐག་གཅོད་བྱེད་མ་ཐུབ་པའི་གནད་དོན་རྙིང་པ་མང་པོ་ཐག་གཅོད་ཐུབ་པ། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་གཙང་སེལ་ཐུབ་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷུག་ལྷོད་འཇམ་གསུམ་གྱི་གནས་བབས་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་ལམ་བུ་འཚོལ་ཞིབ་ཐུབ་པ་བཅས་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལོ་རྒྱུས་ཀྱི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐོན་ཡོད་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།
          ཞི་ཅིན་ཕིང་གིས་བསྟན་དོན། ལོ་བརྒྱའི་རིང་། ཏང་ཕྱི་ནས་དམངས་དམངས་གཙོ་འཕེལ་རྒྱས་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་བརྟེན་པ་དང་། ནང་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་བརྟེན་ནས་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་དང་། གྲི་དངོ་རང་གཏད་དང་རུས་བྲད་སྨན་བཅོས་བྱེད་ཕོད་པ་བྱས་ཏེ་ཏང་ཡུན་རིང་ཉམས་པ་མེད་པར་གནས་པ་དང་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་འགན་ལེན་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལག་ལེན་རླབས་པོ་ཆེ་ཞིག་ཡིན་ལ། ལོ་བརྒྱའི་ཏང་ཆེན་པོས་རང་ངོས་གསར་བརྗེ་བྱེད་པའི་གནས་ཚད་གསར་པ་བཏོད་ཡོད། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་གསར་བརྗེའི་རྩ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་སྲུང་བ་དང་། ངེས་པར་དུ་བསམ་བློ་འཛུགས་སྐྱོང་མཐའ་འཁྱོངས་བྱེད་པ་དེ་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩིས་ནས་རང་ངོས་གསར་བརྗེར་ཞུན་བརྡར་བྱེད་པའི་རྣོ་ངར་ལྡན་པའི་བསམ་བློའི་མཚོན་ཆ་བྱེད་པ། ངེས་པར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་སྤྱོད་ཚུལ་བཅོས་སྒྲིག་བྱས་ཏེ་རང་ངོས་གསར་བརྗེའི་ཐབས་ལམ་ནུས་ལྡན་དང་ཕུན་སུམ་ཚོགས་སུ་གཏོང་བ། ངེས་པར་དུ་ཟིལ་ཤུགས་རྒྱུན་འཁྱོངས་བྱས་ནས་རུལ་རྒོལ་ངན་བཅོས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་པ། ངེས་པར་དུ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་། རྩ་འཛུགས་ནུས་པ། གོང་བུར་འགྲིལ་ཤུགས་བཅས་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་འཐབ་རྩོད་བྱེད་ཕོད་ལ་མཁས་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པའི་ལས་བྱེད་པའི་དཔུང་ཁག་ཅིག་སྐྲུན་པ། ངེས་པར་དུ་རང་ངོས་སྤྱོད་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཛུགས་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རང་ངོས་གསར་བརྗེ་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དུས་ཡུན་རིང་པོར་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྱོང་དང་། དུས་ཡུན་རིང་པོར་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྱོང་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད། དེ་ནི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གིས་ཏང་ལ་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས། དམ་ནན་གྱི་རྩ་བའི་དགོངས་གཞི་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་མཐའ་དག་ཡོ་བསྲང་མཐའ་འཁྱོངས། “འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་ནས་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་མཐའ་འཁྱོངས་བཅས་བྱས་ཏེ་ཕྱོགས་ཡོངས་ལ་ཁྱབ་པ་དང་རྒྱུན་རྣམ་དང་ཕུགས་ཕན་གྱི་ལྟ་སྐུལ་མཉམ་ཤུགས་ཆགས་པ་བྱས་ཡོད།
          ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་དེ་བས་བརྟན་པོ་དང་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། སློབ་གསོ། དྲིལ་བསྒྲགས་བཅས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་དང་། ཏང་ཡོངས་ཀྱི་ལོ་རྒྱུས་གདེང་ཚོད་བརྟན་དུ་གཏོང་བར་ཁྲིད་སྟོན། ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་དངོས་འབྲེལ་ཟུག་ཐུབ་པ། ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ་བྱ་སྤྱོད་ཐོག་འཁྱོལ་བ། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་འབུལ་བ་དང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་གྲུབ་འབྲས་ཡག་པོ་ཐོབ་པར་བྱེད་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པ་ཚོས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་དངོས་འབྲེལ་རྟོགས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཏན་ཏིག་བྱེད་པ། འཐེན་སྐུམ་མི་བྱེད་པ་དང་ཕྱི་ཚུལ་གྱི་རྣམ་པ་མི་སྟོན་པ། རང་མོས་རིང་ལུགས་དང་། རང་གནས་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ཡོ་བསྲང་བྱེད་པ། ཁེ་ཕན་ཆེད་དུ་ཁོག་རྩིས་ཆུང་ཆུང་རྒྱག་པ་དང་སྤྱང་མདོག་མི་བྱེད་པ་བཅས་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱས་ནས་ཁ་ཕྱོགས་མི་འཛོལ་བ་དང་། བབ་བསྟུན་མི་བྱེད་པ། རྣམ་པ་ཙམ་མི་བྱེད་པ་བཅས་བྱེད་དགོས།
          ཞི་ཅིན་ཕིང་གིས་བསྟན་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་སྡེབ་གཅིག་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དམིགས་ཚད་ཟམ་མི་ཆད་པར་མངོན་འགྱུར་ཡོང་བ་བྱེད་དགོས། རུལ་སུངས་དང་རུལ་རྒོལ་གྱི་དམག་འཐབ་ད་དུང་ཛ་དྲག་ངང་བྱེད་བཞིན་ཡོད་པ་མ་ཟད། དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁག་གཅིག་མངོན་པ་དང་། ཁེ་ཕན་ཚོགས་པ་སྣ་ཚོགས་ཤོག་ཁག་བསྒྲིགས་ནས་ཟིང་སློང་བར་འགོག་ཟོན་དང་རུལ་བསླད“སྐོར་རྔོན”བྱེད་པར་ལས་འགན་ལྕི་ལ་ལམ་ཐག་རིང་བ་དང་། རུལ་སུངས་ལ་ཁ་གཏད་ནུས་ལྡན་གཅོག་པའི་བྱ་ཐབས་ཀྱི་མངོན་མེད་གཞན་འགྱུར་དང་གསར་བརྗེས་རིམ་སྤོར་ཐད་ད་དུང་ལས་འགན་ལྕི་ལ་ལམ་ཐག་རིང་བ། རུལ་སུངས་ཐོན་སའི་གནས་རྦད་དེ་མེད་པ་བཟོ་བ་དང་གཙང་མ་བཟོ་བར་ད་དུང་ལས་འགན་ལྕི་ལ་ལམ་ཐག་རིང་བ། བརྒྱུད་རིམ་རང་བཞིན་གྱི་རུལ་སུངས་གཙང་སེལ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་མེད་པ་བཟོ་བར་ད་དུང་ལས་འགན་ལྕི་ལ་ལམ་ཐག་རིང་བ་བཅས་ཡོད་པ་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་ངང་རྟོགས་པ་བྱེད་དགོས། ང་ཚོས་རིག་པ་དྭངས་གསལ་ཡོང་བ་རྒྱུན་འཁྱོངས་བྱས་ནས་ནམ་ཡང་གདོང་མཆོང་གི་དུང་བརྡ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པ་ནམ་ཡང་ཚར་དུས་མེད་པ་བློ་ལ་བརྟན་པོར་འཆང་དགོས། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཆ་རྐྱེན་བསྐྲུན་ས་སྔར་བཞིན་གནས་ཚེ་རུལ་སུངས་ཀྱི་སྣང་ཚུལ་རྩ་མེད་བཟོ་མི་ཐུབ་པ་དང་ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱང་མཚམས་འཇོག་བྱེད་མི་ཐུབ། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་དེ་དུས་རབས་གསར་པའི་སྤྱོད་གཙང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་དོན་འཁྱོལ་བྱེད་པ་དང་བསམ་བློའི་ཐོག་གཞི་བརྟན་སྟོབས་འཕེལ་ཡོང་བ་དང་། ཏང་གཤིས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། རུལ་འགོག་འགྱུར་ཟོན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཚོར་སྣང་སྐྱེན་པའི་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ལ་མཐོང་ཆེན་བྱས་ནས་རང་དཔེ་གཞན་སྟོན་གྱིས་བཟའ་ཟླ་དང་བུ་ཕྲུག་ལ་དོ་དམ་ཡག་པོ་བྱས་ཏེ་མི་གཞུང་དྲང་ཞིག་བྱེད་པ་དང་ལས་དོན་གཞུང་དྲང་ངང་སྒྲུབ་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་རགས་ཆེན་བརྟན་པོ་བསྐྲུན་ཏེ་སྙིང་རུས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”ཡོ་བསྲང་དང་སྲོལ་གསར་འཛུགས་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགྲ་བོ་ཡིན། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོ་ནས་དམ་འཛིན་བྱས་ཏེ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་། ཕྱི་རོལ་ཡུལ་གྱི་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོར་བརྩི་འཇོག་བྱེད་པ། བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པར་ཤུགས་སྣོན་རྒྱག་པ། དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་བ་དངོས་དང་བྱ་བཟང་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་སྤམ་རྫུ་སྟོན་པ་དང་། ཕྱི་ཚུལ་ཙམ་སྟོན་པ། རྨོངས་ཚོད་ཀྱིས་གཞི་ཁྱོན་འདིང་བ་བཅས་གཏན་འགོག་བྱེད་དགོས། ལས་བྱེད་པར་དཔྱད་ཞིབ་དང་ལས་དོན་ལ་ཞིབ་བཤེར་བྱེད་པའི་འབྲེལ་ཡོད་ལམ་ལུགས་དོན་འཁྱོལ་དང་ལས་བྱེད་པའི་སྲིད་དོན་ལས་རྗེས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གདེང་འཇོག་བྱས་ཏེ་ལས་བྱེད་པས་དེ་བས་ལེགས་པའི་སྒོ་ནས་ཐེག་པ་འཁུར་ལེན་ཐུབ་པར་སྐུལ་འདེད་གཏོང་དགོས། དམངས་ཕན་དང་། དམངས་བདེ། དམངས་ཕྱུག་བཅས་ཀྱི་ཏང་ཀྲུང་དབྱང་གི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་སྨན་བཅོས་དང་། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཁྱབ་ཁོངས་ཁྲོད་ཀྱི་མང་ཚོགས་ཀྱི་བསམ་འཆར་མང་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཐག་གཅོད་བྱས་པའི་ཞིབ་ཕྲའི་གནད་དོན་རེ་རེ་ལས་མང་ཚོགས་ཚོས་གཞུང་དྲང་དྲང་བདེན་ཡིན་པ་ཏན་ཏིག་ཚོར་ཐུབ་པར་བྱེད་དགོས།
          ཞི་ཅིན་ཕིང་གིས་བསྟན་གནང་དོན། གཞོན་ནུ་ལས་བྱེད་པའི་སློབ་གསོ་དང་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་ལས་བྱེད་པ་དེ་དག་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པའི་ལས་བྱེད་པར་འགྱུར་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ནན་ལ་ཏན་ཏིག་གི་སྒོ་ནས་སློབ་གསོ་དང་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ན་གཞོན་ལས་བྱེད་པས་ཏང་ལ་ལྷག་བསམ་རྣམ་དག་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། དབང་ཆར་ལྟ་སྟངས་ཡང་དག་འཛིན་པ། དུས་དང་རྣམ་པ་ཀུན་ཏུ་རང་བཀུར་རང་རྟོགས་བྱེད་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་སྒྲིག་ལམ་ནན་སྲུང་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་སྤྱོད་གཙང་སྲིད་སྒྲུབ་ཀྱི་གོམ་པ་དང་པོ་ཡག་པོ་སྤོ་ཐུབ་པ་བྱེད་དགོས། ན་གཞོན་ལས་བྱེད་པ་ཚོས་ངེས་པར་དུ་རིག་པ་དྭངས་གསལ་ངང་རྒྱུན་དུ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་ཞིབ་བསྡུར་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་སྲོལ་བཅས་དང་ཞིབ་བསྡུར། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་ཞིབ་བསྡུར་བཅས་བྱས་ཏེ་བྱ་བ་ཁ་ཤས་སྒྲུབ་དགོས་དང་མི་དགོས་གསལ་པོ་ཤེས་པར་བྱས་ཏེ་རུལ་འགོག་འགྱུར་ཟོན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་སྲུང་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབང་ཆའི་ལྟ་སྐུལ་ལམ་ལུགས་དང་སྒྲིག་བསྟར་ཁྲིམས་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ལྟ་སྐུལ་ཁག་དེ་བས་ཚད་ལྡན་དང་། དེ་བས་ནུས་ལྡན། དེ་བས་ཕན་འབྲས་ལྡན་པ་བཅས་ཡོང་བར་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་པོའི་འགན་འཁྲི་ཁུར་ནས“འགག་རྩའི་ཉུང་ཤས”དང་ལྷག་པར་དུ“འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་བཅས་ལ་ལྟ་སྐུལ་བྱ་རྒྱུར་མངོན་གསལ་དོད་པོས་ཤུགས་སྣོན་རྒྱག་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཆེད་འགན་འཁུར་བའི་ལས་ཁུངས་ཀྱི་ནུས་པ་བཏོན་ཏེ་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་གཞོགས་འདེགས་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་དེ་མིན་གྱི་ལྟ་སྐུལ་ཁག་ལ་སྦྲེལ་མཐུད་མཐུན་སྦྱོར་བྱེད་པར་སྐུལ་འདེད་གཏོང་བ། སྦྲེལ་མཐུད་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བའི་ཐབས་ལམ་ནུས་ལྡན་ངང་འཚོལ་ཞིབ་བཅས་བྱེད་དགོས། སྐབས་བརྗེའི་སྒྲིག་ཁྲིམས་དར་སྲོལ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགག་སྒོ་སྲུང་བའི་ནུས་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་མ་ཟད། ལྷག་པར་དུ་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ནན་པོ་སྲུང་དགོས།
          ཞི་ཅིན་ཕིང་གིས་བསྟན་གནང་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག སྒྲིག་བཤེར་ལྟ་ཞིབ་བྱ་གཞག་ལ་ལྷག་བསམ་རྣམ་དག་བཅས་བྱས་ནས་རང་ངོས་གསར་བརྗེའི་ཁྲོད་ཀྱི་ཏང་གི་འགན་འཁྲི་དང་ལས་འགན་སྟངས་འཛིན་ཡང་དག་བྱེད་པ་དང་། ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་པ་ལས་བྱུང་བའི་རྩ་ཆེའི་ཉམས་མྱོང་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ལྟ་སྐུལ་འགན་སྲུང་བྱེད་ནུས་འདོན་སྤེལ་ཡག་པོ་བཅས་བྱས་ཏེ་དེ་བས་ནུས་ལྡན་ངང་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གི་དམིགས་ཚད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་གིས་ངེས་པར་དུ་ཚད་གཞི་དེ་བས་མཐོ་བ་དང་སྒྲིག་ཁྲིམས་དེ་བས་ནན་པའི་ངང་རང་ཉིད་ལ་བླང་བྱ་འདོན་པ་དང་། ཉམས་སད་ཐེག་པའི་བསམ་བློའི་སྤྱོད་ཚུལ་དང་འཇོན་ཐང་གི་བྱང་ཚད་ལ་ཞུན་བརྡར་བྱེད་པ། ཏང་གཤིས་ལ་བརྟེན་ནས་བྱ་བ་སྒྲུབ་པ་དང་། གཞུང་དྲང་ཚུལ་ལྡན། ཁྲིམས་འཛིན་གཞུང་དྲང་། དབང་ཆ་གཟབ་ནན་ངང་སྤྱོད་པ་བཅས་བྱས་ནས་རང་ངོས་ཀྱི་འགོག་ཟོན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་རང་འགུལ་ངང་ཏང་ནང་ཁུལ་དང་སྤྱི་ཚོགས་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གི་སྲུང་དམག་ཅིག་བྱེད་དགོས།
          ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལེགས་གྲུབ་ལྡན་པའི་ལག་ལེན་ལ་ཕྱོགས་སྡོམ་གཏིང་ཟབ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་དང་དེ་ལས་བྱུང་བའི་ཕྱོགས་གང་ཅིའི་ཐད་ཀྱི་ཤུགས་རྐྱེན་གཏིང་ཟབ་ལ་རྒྱས་བཤད་གནང་བས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བར་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་ཀྱི་བརྗོད་དོན་རྒྱ་ཆེ་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ལས་ཆབ་སྲིད་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་པས། དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་བའི་གཞི་རྩའི་གཞི་འཛིན་ས་ཞིག་རེད་ལ། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ནམ་ཡང་ཚར་དུས་མེད་པའི་བསམ་བློ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་སྟེ་བརྟན་ཞིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་ཡོང་བར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་པ་རེད།
          ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་མི་དམངས་ཚོགས་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་ཚན་པ་དང་ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད། བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པར་ཡན་ལག་ཚོགས་ར་བཙུགས་པ་རེད།
          ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟླ་1ཚེས་18ཉིན་པེ་ཅིང་དུ་འཚོགས་པ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚེས་18ཉིན་གྱི་ཕྱི་དྲོར་ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས《ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱད་དེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།