ཁྱི་ལ་རྡོ་རྩེད་མ་བྱེད་བྱིས་པ་ཚོ། ཁྱི་ཡིས་ཁྱོད་ལ་རྨུག་ན་སུ་ལ་བརྗོད།
སྤེལ་དུས 2017-08-30
ཡོང་ཁུངས། བོད་ཀྱི་དྲ་བ།
རྩོམ་པ་པོ། ནོར་བུས་བསྒྲིགས།
བཀྲ་ལོས་རུ་སྤོར་ནས་སྟོན་སར་འགྲོ་སྐབས་སུ། ཁོའི་རྗེས་སུ་ཁྲིད་པའི་ཁྱི་ལ་ཁྱིམ་མཚེས་ཀྱི་ལོ་བརྒྱད་ཅན་གྱི་བྱིས་པ་དོན་ཁོས་རྡོ་འགའ་འཕངས་པས་ཁྱིས་ན་ཟུག་མ་བཟོད་པར་ཁོ་བོར་སོ་ཁ་ཤས་བཏབ། རྫོང་སྨན་ཁང་དུ་ཁྲིད་དེ་སྨན་ཁང་གིས་བརྟག་དཔྱད་བྱས་མཐར།ཉིན་གཅིག་ལྷག་འགོར་སོང་བས་རྨ་ཁ་རྣག་པ་དང་། ལུས་ནས་ཁྲག་ཐོན་པ་མང་པས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་བྱུང་སྟེ། ཉིན་༡༧རིང་སྨན་གསོ་བྱས་ཤིང་སྨན་ཡོན་སྒོར་༣༢༦༠བཀོལ། ཉིན་འདི་འགའི་རིང་ལ་བཀྲ་ལོ་ཚང་སྟོན་སར་སོང་ནས་བྱིས་པ་ལ་ཐེངས་གཅིག་ཀྱང་ལྟ་རུ་མ་ཡོང་བས་དོན་ཁོའི་ཕ་རྒན་གྱིས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་བྱིས་པའི་སྨན་ཡོན་དང་། འཚོ་བའི་གྲོན་དངུལ་སོགས་བཀྲ་ལོས་འཇལ་དགོས་པའི་རེ་བ་བཏོན། ཁྲིམས་ཁང་གིས་སྨན་རིན་དང་འཚོ་བའི་གྲོན་དངུལ་ཕྱོགས་གཉིས་ལ་ཕྱེད་ཀ་བྱས་ཏེ་སྨན་རིན་ལ་སྒོར་༡༦༣༠དང་འཚོ་བའི་ཁ་སྣོན་སྒོར་༤༠༠སྤྲོད་དགོས་པའི་ཁྲིམས་ཐག་བཅད།
བཀྲ་ལོས་ཅི་ཞིག་ལ་འགྲོ་གྲོན་འདི་དག་ཁུར་དགོས་སམ་ཞེ་ན། འདི་ནི་རང་རྒྱལ་བཅའ་ཁྲིམས་ནང་སྲོག་ཆགས་ཀྱིས་གཞན་ལ་གནོད་འཚེ་བཏང་བ་ནི་ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁྲི་དམིགས་བསལ་ཞིག་ཡིན་ལ། སྲོག་ཆགས་གསོ་མཁན་ལ་ནོར་འཕྱུག་ཡོད་དམ་མེད་ཀྱང་རུང་སྲོག་ཆགས་ཀྱིས་གཞན་ལ་གནོད་འཚེ་བཏང་ཚེ། དམངས་དོན་སྐྱིན་ཚབ་ཀྱིས་འགན་འཁྲི་ཁུར་དགོས་ཞེས་གཏན་ཁེལ་བྱས་ཡོད། གྱོད་གཞི་འདིའི་གནས་ཚུལ་དངོས་ལ་བལྟས་ན་དོན་ཁོ་ལ་ཁྱིས་རྨུག་པ་དེ། ཁོ་རང་གི་སྤྱོད་པ་མ་བསླངས་པ་ཡིན་པས། དམངས་དོན་འགན་འཁྲི་ལས་རྒྱུ་འབྲས་ཀྱི་འགན་འཁྲིའི་རྩ་དོན་གཞིར་བཟུང་ནས། བཀྲ་ལོས་འགན་ཁུར་ཇེ་ཡང་དུ་བཏང་ཆོག དེ་བས་ཁྲིམས་ཁང་གིས་བཀྲ་ལོས་འགྲོ་གྲོན་ཡོངས་ཀྱི་ཕྱེད་ཀ་ཁུར་དགོས་པའི་ཁྲིམས་ཐག་བཅད་པ་རེད།