ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གྱོད་ལྟར་ཁྲིམས་གླེང་།

མ་རུངས་ཁོག་བཅངས་ཁྲིམས་འགལ་བྱ་བ་སྤེལ། བདེན་སྐྱོང་ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་མེད།

སྤེལ་དུས 2018-12-13 ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
              ནག་སེལ་གཤེད་བཅོམ་གྱི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་དང་མཐུན་སྦྱོར་གཞོགས་འདེགས་ཀྱིས་ཉེན་རྟོག་པ་ཚོགས་ཆུང་མང་པོ་བགོས་ཏེ། སི་ཁྲོན་དང་། ཁྲུང་ཆིང་། པེ་ཅིང་། ཅང་སུའུ། ཀུའེ་ཀྲོའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་གྱོད་གཞིའི་དཔང་རྟགས་འཚོལ་ཞིབ་དང་ཉེས་ཅན་འཛིན་བཟུང་གི་ལས་དོན་སྤེལ་བར་མངགས། མི་དམངས་ཉེན་རྟོག་པའི་དཀའ་སྤྱད་འབད་བརྩོན་དང་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་དམ་ཟབ་འོག ལས་གནས་སྤྱད་དེ་རྒྱུ་ནོར་བདག་བཟུང་དང་། གན་རྒྱའི་ཁ་བསླུས། ཁྲིམས་མཐུན་མིན་པའི་ཚོང་གཉེར་སོགས་ཀྱི་ནག་ཉེས་བསགས་པའི་དོགས་ཡོད་ཉེས་ཅན་ལྔ་བཟུང་བ་མ་ཟད། ཟླ་11ཚེས་21ཉིན་ལྷ་སར་ལྟ་སྐྱེལ་བྱས་པ་རེད།
              གྱོད་གཞི་དང་པོ།
              དྲ་རྒྱའི་རྒྱན་ཤོག་ལྐོག་ཏུ་བཙོངས།
              ཁྲོམ་རའི་སྒྲིག་ལམ་གཏོར་བཤིག་བཏང་།
              2018ལོའི་ཟླ་གསུམ་པར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ཏུ་སྙན་སེང་འབྱོར་བ་ལྟར་ན། ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་སུ“དགའ་སྤྲོའི་རྒྱན་ཤོག་ཀུན་འདུས”ཞེས་པའི་ལག་ཐོགས་ཁ་པར་གྱི་APPམཉེན་ཆས་ཤིག་ཐོན་ཞིང་། མཉེན་ཆས་དེས་སྐད་འཕྲིན་དང་QQསོགས་དེང་རབས་སྨྱན་སྦྱོར་བརྒྱུད་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ལས་ཚབ་དང་རྩེད་མོ་བ་མང་དུ་གཏོང་གི་ཡོད་པ་རེད། རྒྱན་ཤོག་དེ་རིགས་ནི་འབྲེལ་ཡོད་སྡེ་ཚན་གྱི་ཞིབ་མཆན་མེད་པ་དང་ཁྲིམས་དང་མ་མཐུན་པར་རང་དགར་གཉེར་བའི་དྲ་རྒྱའི་རྒྱན་ཤོག་ཅིག་ཡིན་པ་རེད། ད་བར་སྐད་འཕྲིན་དང་QQསོགས་ནས་རྒྱན་ཤོག་ཉོ་མཁན་མང་པོ་བྱུང་བས་རྒྱུན་གཏན་གྱི་རྒྱན་ཤོག་ཕྱིར་ཚོང་དང་འགྲེམས་སྤེལ་ལ་ཤུགས་རྐྱེན་ཆེན་པོ་བཟོས་པ་མ་ཟད། རྒྱན་ཤོག་ཁྲོམ་རའི་་སྒྲིག་ལམ་ལ་གཏོར་བཤིག་བཏང་བས་སྤྱི་བདེ་ལས་ཁུངས་ལ་ཞིབ་བཤེར་ཐག་གཅོད་ཀྱི་རེ་བ་བཏོན་པ་རེད། གྱོད་གཞི་དེ་ནི་ལྗོངས་ཡོངས་ཀྱི“དྲ་རྒྱའི་རྒྱན་ཤོག་ལྐོག་ཚོང་གི་གྱོད་གཞི་ཐོག་མ”ཡིན་པ་དང་། གནས་ཚུལ་སྙན་སེང་འབྱོར་མ་ཐག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག་དང་མཉམ་དུ་འཕྲལ་་མར་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ནས་མཉམ་འབྲེལ་ཐོག་གྱོད་གཞི་སྒྲུབ་གཉེར་བྱས་པ་རེད། དུས་འགོའི་བརྟག་དཔྱད་ལས་ཤེས་རྟོགས་བྱུང་བའི་ཁུངས་སྣེ་གཞིར་བཟུང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་གནས་ས་དང་དེ་བཞིན། “དགའ་སྤྲོའི་རྒྱན་ཤོག་ཀུན་འདུས”ཁྱབ་གདལ་དང་འཕེལ་རྒྱས་གཏོང་ས་སི་ཁྲོན་དང་། ཧྲེན་ཀྲེན། ཅང་སུའུ། ཀུའེ་ཀྲོའུ་བཅས་སུ་བརྟག་དཔྱད་དཔང་ལེན་ལ་བསྐྱོད་པ་རེད། དུས་ཡུན་ཟླ་བ་གཉིས་རིང་མྱུལ་ཞིབ་དང་བརྟག་དཔྱད་ཞིབ་ཚགས་བྱས་པ་དང་། ནང་སའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག ཉེ་ཆར། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ཀུའེ་ཀྲོའུ་ཞིང་ཆེན་ནས་གྱོད་གཞིའི་བྱེད་གཏེ་ཉེས་གསོག་དོགས་ཅན་ཀྲོའུ་ཆེ་གེ་མོ་དང་ཝང་ཆེ་གེ་མོ་བཟུང་ནས་ཁྲིམས་ལ་སྦྱར་ཞིང་། གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་1000ལྷག་ཙམ་ཟིན་ཡོད་པ་རེད། འདྲི་རྩད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་གྱིས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་ལ་ངོས་ལེན་གཙང་མ་ཞུས་པ་རེད། མིག་སྔར་གྱོད་གཞི་དེར་མུ་མཐུད་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
              གྱོད་གཞི་གཉིས་པ།
              གཞན་གྱི་རྒྱུ་ནོར་བཟས།
              ཁྲིམས་ཀྱི་རྒྱ་རུ་ཚུད།
              2018ལོའི་ཟླ་5ཚེས་3ཉིན། ཀུང་སི་ཞིག་གིས་ཀྲང་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ཏུ་གྱོད་དོན་སྙན་སེང་ཞུ་བར་མངགས་ཏེ། ཀུང་སིའི་ལས་མི་སུའུ་ཆེ་གེ་མོ་དང་ལས་རོགས་ཝུན་ཆེ་གེ་མོས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་ཀུང་སིའི་སྒོར་ཁྲི་700ལྷག་ཙམ་བདག་བཟུང་བྱས་འདུག་ཅེས་བཤད། གྱོད་དོན་སྙན་སེང་འབྱོར་རྗེས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། 2015ལོར་སུའུ་ཆེ་གེ་མོ་ཀུང་སི་དེར་སླེབས་པ་དང་། དེའི་རིང་ཀུང་སིའི་ནོར་དོན་མི་སྣ་ཝུན་ཆེ་གེ་མོ་དང་མཉམ་དུ་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་ཀུང་སིའི་བུ་ལོན་སྒོར་ཁྲི་380ལྷག་བདག་ཏུ་བཟུང་བ་མ་ཟད། ཀུང་སིའི་རྩིས་ཁྲ་ནས་སྒོར་ཁྲི་400ལྷག་ཙམ་གཞན་དུ་སྤྱད་པ་རེད། ཉེས་གསོག་དོགས་ཅན་གཉིས་བཅའ་ཁྲིམས་ཀྱི་འགན་འཁྲི་ལས་གཡོལ་ཆེད་སྔ་ས་ནས་བྲོས་ཟིན་པ་རེད། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ལས་དོན་འབོར་ཆེན་བསྒྲུབས་རྗེས་ཉེས་གསོག་དོགས་ཅན་ཝུན་ཆེ་གེ་མོའི་གབ་ས་རྙེད་པ་དང་། ཧྥུའུ་ཅན་ཉེན་རྟོག་པའི་རམ་འདེགས་ཤུགས་ཆེན་འོག ཟླ་9ཚེས་2ཉིན་ཉེན་རྟོག་ཕྱོགས་ཀྱིས་ཝུན་ཆེ་གེ་མོ་བཟུང་བ་རེད། བརྟག་དཔྱད་མཐིལ་རྟོག་གི་ལས་དོན་སྤེལ་བ་བརྒྱུད། མྱུལ་ཞིབ་མི་སྣས་སྔ་རྗེས་སུ་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཧྥོ་ཧྲན། ཧྲང་ཧའེ། པེ་ཅིང་། སི་ཁྲོན་སོགས་སུ་དཔང་རྟགས་འཚོལ་ཞིབ་ལ་བསྐྱོད་ཅིང་། ཟླ་11ཚེས་14ཉིན་ཅང་མོན་གྲོང་ཁྱེར་ནས་སུའུ་ཆེ་གེ་མོ་བཟུང་སྟེ་ཁྲིམས་ལ་སྦྱར་བ་རེད། ཁྲིམས་ལ་སྦྱར་རྗེས་ཉེས་གསོག་དོགས་ཅན་གཉིས་པོས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་ལ་ངོས་ལེན་གཙང་མ་ཞུས་པ་རེད། མིག་སྔར་གྱོད་གཞི་དེར་མུ་མཐུད་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
              གྱོད་གཞི་གསུམ་པ།
              ལྐུགས་པའི་སྤྱང་ཇུས་ཚ་དྲགས་ན།
              རང་ཉིད་བརླགས་པའི་སྔ་ལྟས་རེད།
              2018ལོའི་ཟླ་10ཚེས་10ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ཏུ་རིན་ཆེ་གེ་མོ་སོགས་མི་12ཀྱིས་གནས་ཚུལ་སྙན་སེང་ཞུས་པ་ལྟར་ན། ཁོ་ཚོས་རླངས་འཁོར་བྲིན་ཚོང་ཞབས་ཞུ་ཚད་ཡོད་ཀུང་སི་ཞིག་དང《རླངས་འཁོར་ཉོ་བའི་གཏའ་བུན་གན་རྒྱ》བཞག་པ་དང་ཀུང་སིར་འགྱུར་རྟེན་སྒོར་ཁྲི་30ལྷག་ཙམ་སྤྲད་པ་རེད། འོན་ཀྱང་། དེའི་རྗེས་སུ་ཀུང་སིའི་འགན་འཁུར་བ་གར་སོང་ཆ་མེད་དུ་གྱུར་པ་རེད། གྱོད་དོན་སྙན་སེང་འབྱོར་རྗེས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་མྱུལ་ཞིབ་ལས་དོན་སྤེལ་བ་དང་། བརྟག་དཔྱད་་་བྱས་པ་བརྒྱུད་འདི་ལོའི་ཟླ་བརྒྱད་པ་ནས་དགུ་པའི་བར། ཉེས་གསོག་དོགས་ཅན“སྤྱི་ཁྱབ་ལི་ལགས”དང“སྤྱི་ཁྱབ་ཅིང་ལགས”གཉིས་པོས་ལྷ་ས་གྲོང་ཁྱེར་དུ“རིན་པ་སྔོན་ལ་སྤྲོད་མི་དགོས་པར་རླངས་འཁོར་ཉོ་རྒྱུ་ཡོད་པ”གོ་སྐབས་སུ་བྱས་ནས་གན་རྒྱའི་ཁ་བསླུས་རྒྱག་གི་ཡོད་པ་ཤེས་རྟོགས་བྱུང་བ་རེད། གྲལ་བཤེར་ཐེངས་མང་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་གྱི་རུས་མིང་ངོ་མར“སྤྱི་ཁྱབ་ལི་ལགས”དང“སྤྱི་ཁྱབ་ཅིང་ལགས”ཟེར་གྱི་མེད་པ་ཤེས་རྟོགས་བྱུང་བ་མ་ཟད། ཁོ་གཉིས་པོ་ལྷ་སར་སྡོད་རིང་གི་ཐོབ་ཐང་ལག་ཁྱེར་དང་ཁ་པར་ཨང་གྲངས་ཚང་མ་མི་གཞན་གྱི་ཆ་འཕྲིན་སྤྱད་དེ་བཟོས་པ་དང་། ནག་ཉེས་གསོག་སྐབས་སྤྱད་པའི་ཀུང་སིའི་མིང་དང་ཐམ་ག་ཚང་མ་ཚན་པ་གཞན་གྱི་ཆ་འཕྲིན་བརྐུས་ཏེ་བཟོས་པ་ཤ་སྟག་ཡིན་པ་རེད། འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་འོག མྱུལ་ཞིབ་མི་སྣས་ཉེས་གསོག་དོགས་ཅན་གཉིས་ཀྱི་ཐོབ་ཐང་གཏན་འཁེལ་བྱས་ཤིང་།“སྤྱི་ཁྱབ་ལི་ལགས”ཀྱི་མིང་ངོ་མར་རའོ་ཆེ་གེ་མོ་དང“སྤྱི་ཁྱབ་ཅིང་ལགས”ཀྱི་མིང་ངོ་མར་ཧོང་ཆེ་གེ་མོ་ཟེར་བ་དང་མྱུལ་ཞིབ་མི་སྣས་ད་དུང་ཉེས་གསོག་དོགས་ཅན་གཉིས་པོ་སི་ཁྲོན་དུ་བྲོས་པ་ཤེས་རྟོགས་བྱུང་མ་ཐག ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་སི་ཁྲོན་དུ་འཛིན་བཟུང་ལ་བསྐྱོད་པ་དང་སི་ཁྲོན་གྱི་ཉེན་རྟོག་ཕྱོགས་དང་ཁྲེང་ཏུའུ་རུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལས་དོན་ས་ཚིགས་ཀྱི་གཞོགས་འདེགས་འོག མྱུལ་ཞིབ་མི་སྣས་ཟླ་11ཚེས་8ཉིན་དང་ཟླ་11ཚེས་12ཉིན་རའོ་ཆེ་གེ་མོ་དང་ཧོང་ཆེ་གེ་མོ་བཟུང་བ་དང་ཟླ་11ཚེས་12ཉིན་ལྷ་སར་ལྟ་སྐྱེལ་བྱས་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་གཉིས་པོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞིར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།