ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > ཚ་ཤོས།

རྙེད་དཀའ་བའི་དལ་འབྱོར་མི་ལུས་གཅེས་པར་འཛིན་དགོས།

སྤེལ་དུས 2017-08-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ནོར་བུས་བསྒྲིགས།
          ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ།  མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།  གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོས། 

          ཉེ་བའི་ལོ་འདི་དག་གི་ནང་སི་ཁྲོན་དང་།  ཀན་སུའུ།  མཚོ་སྔོན།  བཅས་ཀྱི་བོད་ཁུལ་ནས་རང་སྲེག་བྱེད་པའི་དོན་རྐྱེན་རབ་དང་རིམ་པ་བྱུང་སྟེ་སྤྱི་ཚོགས་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ།  ཆོས་ལུགས་བྱ་འགུལ།  མིའི་རིགས་ཀྱི་བསམ་བློ་བཅས་ལ་འགལ་རྐྱེན་ཆེན་པོ་ཐེབས་ཡོད།
སྤྱིར་ཆོས་ལུགས་ཀྱི་ངོས་ནས་བཤད་ན་བྱ་སྤྱོད་འདི་ཧ་ཅང་ཁྲེགས་པོ་དང་སྐྱི་གཡའ་བ་ཞིག་རེད།  སྟོན་པ་ཐུགས་རྗེ་ཅན་གྱིས། སྡིག་པ་ཅི་ཡང་མི་བྱ་ཞིང་།  །དགེ་བ་ཕུན་སུམ་ཚོགས་པར་སྤྱད།  །རང་གི་སེམས་ནི་ཡོངས་སུ་འདུལ།  །འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གསུངས་པ་ལྟར་སྲོག་གཅོད་ལ་སོགས་པའི་སྡིག་པའི་ལས་ཕྲ་མོ་ལའང་མི་འཇུག་ཅིང་། དགེ་བ་བཅུའི་ལས་ལམ་ཚུལ་བཞིན་དུ་སྤྱོད་པ་དང་། རང་ཅག་རབ་བྱུང་བ་རྣམས་ཆོས་སྒོར་ཞུགས་པ་ནས་བཟུང་ཐ་ན་ཆུ་ཚོགས་དངོས་སུ་བསྟབས་ཏེ་སྲིན་འབུ་ཕྲ་མོ་ཡན་ཆད་ཀྱི་སྲོག་ལའང་མི་འཚེ་བ་གོ་བར་བྱེད་ན།  མི་དང་སྲོག་ཆགས་གཞན་ལ་ལྟ་ཅི་སྨོས། དེ་བས་ཐུན་མོང་གི་སྡོམ་པ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱི་ཐོག་མར་སྲོག་གཅོད་གཙོ་བོར་བྱེད་པ་ལ་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད་དོ།  བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཆོས་ཀྱི་ངོ་བོ་མི་འཚེ་བ་ཡིན་གསུངས་པ་ལྟར། སྲོག་ཆགས་ཕྲ་རགས་གང་ལའང་གནོད་འཚེ་མི་བྱེད་པར་སྲོག་གི་སྐྱབས་སྦྱིན་པ་དང་། ལྷག་པར་དུ་མི་རྣམས་ཀྱིས་རང་དང་གཞན་ཞེས་ཆ་མ་ཕྱེ་བར་ལུས་སྲོག་ལ་གཅེས་སྤྲས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།  སྟོན་པ་ཐུགས་རྗེ་ཅན་གྱིས།  རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི  བུ་གར་རུས་སྦལ་མགྲིན་ཆུད་ལྟར།  །མི་ཉིད་ཤིན་ཏུ་འཐོབ་དཀའ་བ།  ཞེས་དང་།  རྒྱལ་སྲས་ཆེ་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ།  །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ།  གྲུ་འདི་ཕྱིས་ནས་རྙེད་དཀའ་བས།  ཞེས་སོགས་མང་དུ་གསུངས་ལ།  འཇམ་མགོན་བླ་མས་ཀྱང་།  དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག  འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།  །ཞེས་བྱ་བ་ལ་སོགས་སྟོན་པ་བཅོམ་ལྡན་འདས་ནས་བཟུང་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་རྣམས་ཀྱིས་གཅིག་མཐུན་དུ་མི་ལུས་རིན་ཆེན་རྙེད་པར་དཀའ་ཚུལ་མང་དུ་གསུངས་ཡོད་པས།  རང་ཅག་རྣམས་ཀྱི་ལུས་རྟེན་ལ་གཅེས་སྤྲས་བྱས་ཏེ་མིང་དོན་དང་ལྡན་པར་བྱ་དགོས་སོ།  །

          དེང་སྐབས་བོད་ཁུལ་དུ་རང་སྲེག་བྱེད་པའི་དོན་རྐྱེན་བྱུང་བ་ལས་ལ་ལ་ནི་གཞན་གྱི་ལྐོག་གཡོ་བསླུ་བྲིད་ཀྱི་དབང་དུ་སོང་བ་དང་།  ལ་ལ་ནི་རང་རྨོངས་པའི་དབང་གིས་རང་སྲེག་བྱེད་པ་སོགས་སྣ་ཚོགས་ཤིག་སྣང་ཡང་ཕལ་ཆེར་ཆོས་མིན་སྤྱོད་པ་ཤ་སྟག་དུ་འདུག་སྟེ།  བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས།  འདོད་ཆགས་ཞེ་སྡང་གཏི་མུག་གསུམ།  །དེས་བྱས་ལས་ནི་མི་དགེ་བ།  །ཞེས་གསུངས་ཡོད་པ་དང་།  རྗེ་བདག་ཉིད་ཆེན་པོས་ཀྱང་། རང་གིས་བྱས་པའམ་གཞན་ལ་བྱེད་དུ་བཅུག་པ་གཉིས་གང་བྱས་ཀྱང་ཉེས་དམིགས་འདྲ་སྟེ།  ཞེས་གསལ་པོར་གསུངས་པས།  དེང་གི་དུས་འདིར་རང་ཅག་སངས་རྒྱས་ཀྱི་རྗེས་འཇུག་བོད་པ་རྣམས་ཀྱིས་གཞན་བསྲེག་ཏུ་འཇུག་པ་དང་རང་སྲེག་པ་སོགས་སྡིག་པའི་བྱ་སྤྱོད་སྤེལ་མཁན་ལ་བཀག་འགོག་བྱས་ཏེ་སྲིད་ཇུས་བཟང་པོ་དང་ཁོར་ཡུག་བཟང་པོའི་གོ་སྐབས་ལེགས་པར་བེད་སྤྱད་ནས་སྐབས་བབས་ཀྱི་དམ་པའི་ཆོས་ཀྱི་སྙིང་པོ་ལ་རྒྱུས་མངའ་བྱ་རྒྱུ་ཤིན་ཏུ་གལ་ཆེ་སྟེ།   སངས་རྒྱས་ཀྱིས་ཀྱང་མདོ་མྱ་ངན་ལས་འདས་པ་ཆེན་པོ་ལས། རྒྱལ་པོ་ཆེན་པོ།  རྒྱལ་པོའི་རྐྱེན་གྱིས་ཡུལ་མི་ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཏེ།  བདག་ཅག་རབ་ཏུ་བྱུང་བ་རྣམས་ཀྱང་ཡུལ་འདི་ན་གནས་པར་མོས་ཏེ་ཡང་དག་པའི་ལམ་ལ་ནན་ཏན་བགྱིད་དོ།  །ཞེས་གསུངས་ཡོད། 

          མདོར་ན་ཐེག་པ་གཉིས་པོ་གང་གི་དབང་དུ་བྱས་ཀྱང་སྲོག་མི་གཅོད་པ་དང་།  རང་ལུས་ལ་གཅེས་སྤྲས་བྱེད་དགོས་པར་བསྟན་པ་ནི།   སོ་ཐར་རིགས་བརྒྱད་ཀྱི་སྡོམ་པའི་གཙོ་བོར་སྲོག་གཅོད་བཞག་པ་དང་།  སྔགས་ཀྱི་རྩ་ལྟུང་གི་སྐབས་སུའང་རང་གི་བདག་ཉིད་ཡོངས་སུ་བཏང་སྟེ།  དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ།  །ཞེས་དང་། བདག་ཉིད་ཕུང་བོ་སྨད་མི་བྱ།  ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་ཡོད་པས་རང་ཅག་ཆོས་ལུགས་པ་དང་།  རྒྱ་ཆེའི་ཆོས་དད་མང་ཚོགས་གང་ཡིན་ཀྱང་།  ཆོས་གཞུང་ནས་གསུངས་པ་ལྟར་རང་གིས་ད་རེས་ཙམ་ཞིག་ལ་རྙེད་པའི་མིའི་ལུས་རྟནེ་འདི་ནི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་རྩ་ཆེན་པོ་ཡིན་པ་ངོ་ཤེས་པའི་སྒོ་ནས།  རང་གཞན་གྱི་ལུས་སྲོག་ལ་འཚེ་བ་གཏོང་བའི་ནག་ཉེས་ངེས་སུ་བཅུག་སྟེ་དལ་འབྱོར་ལ་བརྟེན་ནས་བྱ་བྱེད་དོན་སྙིང་ཅན་རེ་བསྒྲུབ་རྒྱུ་ཤིན་ཏུ་གལ་ཆེའོ།  

          མཇུག་མཐར།  ཕྲན་གྱིས་འདིར་ཐལ་མོ་སྙིང་ཁར་སྦྱར་ཏེ་ཞུ་རྒྱུ་ནི་ཁྱེད་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་ས་གནས་སུ་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་ཏེ་འདུ་ཚོགས་ལ་བླང་དོར་ལེགས་ཉེས་ཀྱི་དབྱེ་བ་གསལ་པོར་གསུངས་ཏེ་དམ་པའི་ཆོས་ཀྱི་ལུགས་དང་མཐུན་པའི་ལེགས་ལམ་དུ་འགོད་རྒྱུའི་རེ་བ་ཞུ་ལགས།