གཏམ་བཟང་། མེ་འཁོར་ལ་སྡོད་པར་སྟབས་བདེ་བསྐྲུན་ཡོད།
སྤེལ་དུས 2018-11-28
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
ཉེ་ལམ། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ཏང་ཙུའི་ཧྲུའུ་ཅིའམ་སྤྱི་གཉེར་པ་ཁྲེང་ཏུའུ་ཕུའུ་ཡིས“རིག་ནུས་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་དང་། པེ་ཅིང་དང་ཐེན་ཅིན་བར་གྱི་མེ་འཁོར་ཤར་གཏོང་བྱས་ནས་ལོ་འཁོར་བཅུ་ལོན་པའི་གླེང་སྟེགས”སྟེང་སང་ལོར་མེ་འཁོར་གྱི་གློག་རྡུལ་པ་སེ་རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱ་རྒྱུ་ཁྱབ་བསྒྲགས་བྱས།
ཟླ11པའི་ཚེས22ཉིན། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་སྲིད་གཞུང་དྲ་ཚིགས་སུ། ཟླ11པའི་ཚེས22ཉིན་ནས་ལྕགས་ལམ་སྡེ་ཚན་གྱིས་ཧའེ་ནན་གླིང་སྐོར་གྱི་མྱུར་བགྲོད་ལྕགས་ལམ་ལ་གློག་རྡུལ་པ་སེའི་ཚོད་ལྟ་ལག་བསྟར་བྱེད་པ་བསྒྲགས།
གློག་རྡུལ་པ་སེ་ཇི་ལྟར་བཀོལ་སྤྱོད་བྱེད་པ་ཡིན་ཞེ་ན།
འབྲེལ་ཡོད་བཅའ་ཁྲིམས་ཀྱི་དོན་ཚན་གཏན་འབེབས་ལྟར། གློག་རྡུལ་རྒྱུ་ཆ་ནི་ལྕགས་ལམ་འགྲུལ་སྐྱེལ་གྱི་གན་རྒྱའི་དངོས་དཔང་དང་། འགྲུལ་འཁོར་འཛིན་ཡིག་ཤོག་མེད་དང་སྣ་མང་ཅན། རྩིས་ཞུའི་དཔང་ཡིག་རིམ་བཞིན་གློག་རྡུལ་ཅན་དུ་བརྒལ་བར་སྐུལ་འདེད་བྱེད་པར་དམིགས་ནས་གློག་རྡུལ་པ་སེ་ལག་བསྟར་བྱས་ཏེ། འགྲུལ་པས་པ་སེ་ཉོ་བ་དང་པ་སེ་བཤེར་བ། རླངས་འཁོར་སོགས་ལ་སྡོད་དུས་སྔར་བས་སྟབས་བདེར་གྱུར་ཡོད།
འགྲུལ་པས་དྲ་ཐོག་ནས་མེ་འཁོར་པ་སེ་ཉོས་རྗེས་མྱུར་བགྲོད་ལྕགས་ལམ་ས་ཚིགས་སུ་ཤོག་བུའི་པ་སེ་ལེན་མི་དགོས་པར་ལག་འཁྱེར་ཐོབ་ཐང་བཟུང་ནས་མེ་འཁོར་རུ་བུད་ཆོག་པས་རྗེས་ཕྱོགས་ལག་འཁྱེར་ཐོབ་ཐང་དང་ལག་འཁྱེར་ཁ་པར་གྱིས་རྒྱལ་ཡོངས་ཀྱི་ཕྱོགས་ཀུན་ལ་བགྲོད་ཐུབ།
གལ་སྲིད་ཁྱེད་ཀྱིས་མེ་འཁོར་ས་ཚིགས་ནས་པ་སེ་ཉོས་ན་ཤོག་བྱང་ཆུང་ཆུང་རེ་སྟེར་སྲིད་ལ། དེའི་སྟེང་མེ་འཁོར་གཏོང་རིམ་དང་རྐུབ་སྟེགས་སོགས་ཀྱི་ཆ་འཕྲིན་ཡོད་མོད། དེ་མེ་འཁོར་དུ་འདུག་པའི་དཔང་ཡིག་གི་གོ་མི་ཆོད།
ཁྱེད་ཀྱིས་ད་དུང་ལག་འཁྱེར་ཐོབ་ཐང་མ་བཟུང་རུང་ངོ་རིས་ཞིབ་བཤེར་ལ་བརྟེན་ནས་མེ་འཁོར་རུ་བསྡད་ཆོག་སྟེ། མིག་སྔར་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲིན་ཀྲེན། ཧང་ཀྲོའུ། ཝུའུ་ཧན་བཅས་སོགས་གྲོང་ཁྱེར་ཆེན་མོ་རུ་ངོ་རིས་ཞིབ་བཤེར་གྱི་ཞབས་ཞུ་ལག་བསྟར་བྱས་པ་རེད།