ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཐེངས་གཅིག་ལ་སོ23བལ་རྗེས་ཚེ་ལས་འདས།

སྤེལ་དུས 2024-10-09 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

ཐེངས་གཅིག་ལ་སོ23བལ་ནས་ཉིན་འགའི་རྗེས་སུ་ཚེ་ལས་འདས།

      ཉེ་ཆར། ཀྲེ་ཅང་ཡུན་ཁང་གྲོང་ཁྱེར་གྱི་སྡོད་མི་ཞིག་གིས་ས་གནས་དེ་གའི་ཏེ་ཝེ་ཁ་སྦུག་སྨན་ཁང་དུ་ཐེངས་གཅིག་ལ་སོ23བལ་བར་མ་ཟད། ཉིན་དེར་སོ12བཙུགས། དེའི་རྗེས་སུ་ན་ཟུག་ལངས་ཏེ་ཉིན13གྱི་རྗེས་སུ་ཚེ་ལས་འདས་པ་རེད། 

      ཟླ9པའི་ཚེས3ཉིན། ཡུན་ཁང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ལས་དོན་མི་སྣས་དོན་དེ་གཏན་འཁེལ་བྱས་པར་མ་ཟད། སོ་འབལ་དུས་དང་ཚེ་ལས་འདས་དུས་བར་ཉིན13ལས་མེད་པས། ཞིབ་ཕྲའི་རྒྱུ་རྐྱེན་ཐད་རྟོག་ཞིབ་བྱེད་མུས་རེད། 

      ཧོང་ཆེ་གེ་མོས་ཟླ8པའི་ཚེས14ཉིན་ཝེ་ཁ་སྦུག་སྨན་ཁང་དུ་སོར་བཤགས་བཅོས་བྱས་པ་རེད། འདེབས་འཛུགས་བཤགས་བཅོས་མོས་མཐུན་ཡི་གེ་ལས་མངོན་པ་ལྟར་ན། ཐེངས་དེའི་སྨན་བཅོས་ཁྲོད་སོ23བལ་པ་དང་། སོ12བཙུགས་པར་མ་ཟད། ཚང་མ་སྐབས་ཐོག་ཏུ་སླར་གསོ་བྱས་ནས་ཉིན་དེར་བལ་ཅིང་ཉིན་དེར་བཙུགས་པ་དང་། སྨན་བཅོས་འགན་འཁུར་བ་ནི་སྨན་པ་ཡོན་ཆེ་གེ་མོ་རེད། 

      སོ་འདེབས་འཛུགས་བཤགས་བཅོས་མཇུག་བསྒྲིལ་རྗེས། ཧོང་ཆེ་གེ་མོའི་སོའི་ན་ཟུག་གི་མཚམས་མ་ཆད་པར་མ་ཟད། ཟླ8པའི་ཚེས28ཉིན་གློ་བུར་སྙིང་གི་འཕར་མཚམས་བཞག་ནས་ཚེ་ལས་འདས། 

     ཟླ9པའི་ཚེས3ཉིན། གསར་འགོད་པས་ཏེ་ཝེ་ཁ་སྦུག་སྨན་ཁང་གི་ལས་དོན་མི་སྣར་འབྲེལ་གཏུགས་བྱས་པ་དང་། ལས་དོན་མི་སྣས་སྨན་ཁང་དེའི་སོ་འདེབས་འཛུགས་བཤགས་བཅོས་ཀྱི་སྨན་རིན་ནི་སོ་གཅིག་ལ་སྒོར1500ཡིན་པ་དང་། ཐེངས་གཅིག་ལ་སོ་ག་ཚོད་འབལ་ཐུབ་མིན་སྨན་པས་ངོ་བརྟག་བྱས་རྗེས་ནད་པའི་ལུས་པོའི་གནས་ཚུལ་ལྟར་ཐག་གཅོད་བཞིན་ཡོད། མདུན་སོ་ཉིན་དེར་བལ་རྗེས་ཉིན་དེར་བཙུགས་ཆོག་ལ། འགྲམ་སོ་བལ་ན་ཟླ་གསུམ་བཞི་འགོར་རྗེས་ད་གཟོད་བཙུགས་ཆོག་ཅེས་བཤད། 

      ཡིན་ནའང་། ཧོང་ཆེ་གེ་མོའི་འདེབས་འཛུགས་བཤགས་བཅོས་ཀྱི་མོས་མཐུན་ཡི་གེ་ལྟར་ན། ཁོས་དང་ལེན་བྱས་པའི་བཤགས་བཅོས་ཁྲོད། འགྲམ་སོ་ཁ་ཤས་ཤིག་བལ་པའི་ཉིན་དེར་བཙུགས་ཡོད་པས། ལས་དོན་མི་སྣས་ངོ་སྤྲོད་བྱས་པ་དང་མི་མཐུན། རྒྱུན་ལྡན་གྱི་མི་དར་མར་ཁྱོན་སོ28ནས32ལས་མེད་པ་དང་། མིག་སྔར་སོ་བལ་པའི་ཁ་གྲངས་ཐད་ཞིབ་ཕྲའི་གཏན་འབེབས་མེད་ཀྱང་། སྤྱིར་ན་ཐེངས་གཅིག་ལ་སོ་བལ་པའི་ཁ་གྲངས་མང་ཤོས་བཅུ་ལྷག་ཡིན་ལ། སོ23བལ་པའི་ཁ་གྲངས་དེ་ཅུང་མང་ཙམ་ཡིན། སྨན་ཁང་དང་སྨན་པར་ཐོན་ཁུངས་དང་ཆུ་ཚད་ངེས་ཅན་ཞིག་ཡོད་དགོས་ལ། ནད་པའི་ལུས་པོའི་ཐེག་ཚད་ལའང་བསམ་བློ་གཏང་དགོས། 

      སྨན་པ་ཤང་ཀུའོ་ལིན་གྱིས་སོ་བལ་པའི་ཁ་གྲངས་ཇི་ལྟར་མང་ཚེ་ན་ཟུག་དེ་ལས་ཆེ་བ་ཡོད་ཅིང་། བཤགས་བཅོས་རྗེས་ཀྱི་གཉན་ཚད་རྒྱས་པའི་ཉེན་ཁའང་དེ་བས་ཆེ་བ་ཡོད། སོ་བལ་པའི་བརྒྱུད་རིམ་ཞིབ་ཕྲ་བཟོ་དགོས་ལ། སོ་མ་བལ་གོང་ནད་པའི་ལུས་པོའི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་དང་། འབྲེལ་ཡོད་རྨང་གཞིའི་ནད་རིགས་ལ་ཞིབ་བཤེར་བྱས་ནས་ནད་པའི་ལུས་པོར་བཤགས་བཅོས་བྱེད་ཐུབ་པའི་འགན་ལེན་བྱ་དགོས་པའི་ཁར། སོ་བལ་རྗེས་གཉན་ཚད་སེལ་དགོས་པ་སོགས་ནི་གལ་འགངས་ཆེན་པོ་ཡིན་ཞེས་གསལ་བཤད་བྱས།