ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

བཅོམ་ལྡན་རིག་རལ་གྱི་རྣམ་ཐར་བཞུགས་སོ།།

རྣམ་ཐར།

སྤེལ་དུས 2014-09-26 ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། བཙུན་པ་བསམ་གཏན་བཟང་པོ།

                              བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
                             
ཕས་རྒོལ་མེ་ཏོག་མདའ་ཡི་དཔུང་འཇོམས་ཤིང་། །
                             
འཆད་རྩོད་རྩོམ་པའི་དཔལ་དང་ལྡན་གྱུར་པས། །
                             
སྣ་ཚོགས་གྲུབ་མཐའི་འཐིབས་པོ་གཅོད་མཛད་པའི། །
                             
བཅོམ་ལྡན་མཁས་པའི་ཞབས་ལ་སྤྱི་བོས་འདུད། །
                             
སྐྱེ་དང་སྐྱེ་བར་སྦྱངས་པའི་སྟོབས་སད་པས། །
                             
མཁས་དང་མཁས་པའི་སྐྱེས་བུ་མང་བསྟེན་ནས། །
                             
ལུང་དང་རིགས་པའི་གཞུང་དང་མན་ངག་ལ། །
                             
བསླབ་དང་ལེགས་པར་བསླབ་ཚུལ་ཤས་ཙམ་བརྗོད། །
         
བདག་ཅག་རྣམས་ཀྱི་འདྲེན་པ་བསླབ་གསུམ་གྱི་དྲི་ངད་ཀྱིས་ཉེས་སྤྱོད་ཀྱི་རྙོག་དུག་སེལ་ཞིང་། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས། སྐྱེས་བུ་མཁས་པ་རྣམས་ཀྱི་གཙུག་རྒྱན་དུ་གྱུར་པ། ཐུགས་དམ་གྱི་ལྷས་བྱིན་གྱིས་བརླབས་པས། འགྲན་ཟླ་ཐམས་ཅད་དང་བྲལ་བ། བཅོམ་ལྡན་རིགས་པའི་རལ་གྲི་ཞེས་ཕྱོགས་ཐམས་ཅད་དུ་གྲགས་པ་དེ་ཉིད། འཛམ་བུའི་གླིང་བྱང་གི་ཆ་ལ་ཉེ་བ། ཁ་བ་ཅན་གྱི་ཡུལ་གྱིས་དབུས། རྒྱལ་པོ་བྱང་ཆུབ་སེམས་དཔའ་རྣམས་དང་། བྱང་ཆུབ་སེམས་དཔའི་སྤྲུལ་པ་སྤྲེའུ་དང་བྲག་སྲིན་ལས་བོད་ཀྱི་སྐྱེ་བོ་ཐམས་ཅད་དང་པོར་བྱུང་ཞིང་། དམ་པའི་ཆོས་ཀྱི་དབུ་བརྙེས་པའི་གནས། འབྲུ་བཅུད་ཕུན་སུམ་ཚོགས་ཤིང་། ཡན་ལག་བརྒྱད་ལྡན་གྱི་ཆུ་དང་། རྩི་ཤིང་ནགས་ཚལ་རྒྱས་པས་མཐོང་བ་ཙམ་གྱིས་ཡིད་འཛིན་པ། སྐྱེ་བོ་ཐམས་ཅད་ཡ་རབས་ཀྱི་ཚུལ་ལ་གནས་ཤིང་། བདེ་བར་གཤེགས་པའི་སྐུ་དཔག་ཏུ་མེད་པ་རང་བྱོན་དུ་བྱོན་ནས་རྣམ་པར་རྒྱལ་བའི་ཚང་བཟང་པས་ལྷག་པའི་གནས་སུ་བཞུགས་ནས་འགྲོ་བ་མང་པོའི་དོན་མཛད་པའི་གནས་ཡར་ལུང་། དེའི་བྱེ་བྲག་ཕུ་ཐང་བྱང་པ་སར། ཡབ་ཡོན་བདག་འཁོར་ལོ་འབུམ་དང་། ཡུམ་རྣལ་འབྱོར་རྒྱན་ཅེས་པ། ཡབ་དེ་ཡུལ་གྱི་གཙོ་བོར་གྱུར་ཅིང་། འབྱོར་པ་དང་ལྡན་པར་ཡོད་པ་ལས། ཕ་སྤུན་ཡོན་བདག་མཁའ་འགྲོས་སྤྱན་རས་གཟིགས་ཞལ་གཅིག་པའི་སྐུ་གཅིག་བཞེངས་པས། རབ་གནས་ལ་ཡིད་གཉིས་སུ་གྱུར་ནས། པཎ་ཆེན་ཤཱཀྱ་ཤྲཱི་སྤྱན་དྲངས་པས་དེའི་ཁང་པར་མ་བྱོན་ཞིང་ཡོན་བདག་འཁོར་ལོ་འབུམ་གྱི་ཁང་པར་བྱོན་ཏེ་ཞག་གཉིས་སུ་བཞུགས་ནས། དུས་ཕྱིས་ཁྱེད་ལ་བུ་བཟང་པོ་བསྟན་པ་ལ་ཕན་པ་ཞིག་འབྱུང་བར་འདུག་ཅེས་ལུང་བསྟན་ཅིང་། དེའི་རྗེས་ནས་བུ་ཆེ་བ་རྣལ་འབྱོར་འབུམ་ཞེས་པ་དང་། གཟུང་དར། བསོད་ནམས་དར། བཅོམ་ལྡན་པ་དང་། དགེ་བཤེས་ཤེར་སྨོན་དང་ལྔ་བཅས་པ་ལས། བཅོམ་ལྡན་པ་ཉིད་དང་པོ་ནས་མི་དགེ་བ་ལ་ངང་གིས་འཛེམ་ཞིང་། འཆད་ཉན་ལ་སོགས་པའི་ཚུལ་ལ་འཇུག་པ། ཆོས་དང་གང་ཟག་དམ་པའི་གཏམ་འབའ་ཞིག་གླེང་བ་ཞིག་བྱུང་བས་ཡོན་བཙུན་འབུམ་དཀོན་ཞེས་པ་ལ་ཀློག་ལེགས་པར་མཐར་ཕྱིན་པར་བསླབས་ཤིང་ཕྱིས་ཀྱང་རིང་དུ་བསྟེན་ནས། རྣམ་འཇོམས་སློབ་དཔོན་སངས་རྒྱས་གསང་བའི་འགྲེལ་པ། སྒྲུབ་ཐབས་རིག་སྔགས་འཆང་གི་སློབ་དཔོན་གཞོན་ནུ་སྡེ་ཡིས་བྱས་པའི་ཁྲུས་ཆོག སྨྲི་ཏིའི་ལུགས་ཀྱི་འགྲེལ་པ་དང་། སྒྲུབ་ཐབས་ཆ་ཚང་བ། ཁ་ཆེ་པཎ་ཆེན་ནས་ཀྱིས་ཡི་གེ་དྲུག་པའི་སྒྲུབ་ཐབས་འཕོ་བའི་མན་ངག་དང་བཅས་པ། རྒྱ་ཀན་བ་ནས་བརྒྱུད་པའི་གདམས་ངག་བལ་པོ་ཀཱ་ཡ་ཤྲཱིའི་ཆོས་གསུམ། དམར་པོ་ཞབས་ཀྱི་རླུང་གི་མན་ངག་ཆེ་ཆུང་། ཕྱག་རྡོར་འགྲོ་བཟང་མའི་སྒྲུབ་ཐབས། རྡོ་རྗེ་ས་འོག་གི་རྒྱུད་རྡོ་རྗེ་ས་གསུམ་དུ་རྒྱུ་བའི་རྟོག་པ། ལྷ་བཅུ་བདུན་གྱི་སྒྲུབ་ཐབས་དང་། ཁ་རག་སྐོར་གསུམ་ལ་སོགས་པ་མང་དུ་གསན་ཞིང་དགུང་ལོ་བཅུ་གཅིག་ལོན་དུས་སུ་ཀྱི་སྟོན་ནམ་མཁའ་ཁྱུང་ལ། ཕུར་པ་ལ་སོགས་པའི་སྒྲུབ་སྐོར་ཞུས་ནས་དེའི་སྒྲུབ་ཐབས་དང་། འཕྲིན་ཆོག་དང་། ཆབ་གཏོར་འཇམ་དཔལ་མ་ལ་སོགས་པ་ཞུས་སོ། །དེ་ནས་དགུང་ལོ་བཅུ་གཉིས་ལོན་པ་ལ་གྲ་བྱི་གནས་གསར་དུ་སྒྲོ་རྒྱལ་མཚན་ཐར་ཞེས་པ། གཙང་པ་དྲུག་པོ་ལ་ཕར་ཕྱིན་ལ་སོགས་པའི་ཆོས་མང་དུ་ཚར་བ། གཞན་ཡང་ཡོན་ཏན་དུ་མས་ཐུགས་རྒྱུད་གཏམས་པ་ཞིག་གིས་མཁན་པོ་མཛད་ཅིང་། ཕར་ཕྱིན་གཉལ་ཏིག་ཀྱང་གསན། རྒྱ་ཀན་པའི་གདུང་བརྒྱུད་ཤཱཀྱ་སེང་གེ་ཞེས་པ། དཔྱལ་ལོ་ཙྭ་བ་དང་། ཇོ་བཙུན་རྟགས་པ་ལ་སོགས་པ་ལ་སློབ་གཉེར་མཛད་ཅིང་གཙང་དུ་ཡུན་རིང་དུ་བཞུགས་པས་སློབ་དཔོན་གཙང་པ་ཞེས་གྲགས་པ་དེས་སློབ་དཔོན་མཛད་ཅིང་རབ་ཏུ་བྱུང་ནས་མཚན་ཡང་དར་མ་རྒྱལ་མཚན་དུ་བཏགས་སོ། །དེ་ནས་ཀྱོག་སྟོན་དར་མ་གྲགས་ཞེས་པ་གཉལ་པ་ཞིག་པོའི་སློབ་མ་གཅིག་ལ་ཡི་གེ་ལེགས་པར་བསླབས་ཤིང་། གཉལ་ཞིག་གི་ཚད་མ་བསྡུས་པའང་གསན་ནོ། །དེ་ནས་གྲ་བྱའི་ལྕགས་རིར་བཞུགས་ནས་འདུལ་འཛིན་དཔལ་བཟང་ཞེས་པ་ལ་ཤ་མིའི་ལུགས་ཀྱི་འདུལ་བ་མདོ་རྩ་བ་དང་། སུམ་བརྒྱ་པ་དང་། སོ་སོར་ཐར་པ་དང་། ཀཱ་རི་ཀཱ་ལྔ་བཅུ་པ་དང་། བཀའ་གདམས་ནག་ཚོའི་བསྟན་རིམ་དང་། བྱང་ཆུབ་ལམ་སྒྲོན་དང་། ཇོ་བོའི་བདེན་གཉིས་དང་དབུ་མའི་མན་ངག་དང་། སྤྱོད་པ་བསྡུས་པའི་སྒྲོན་མ་དང་། ཡན་ལག་བདུན་པ་དང་། སངས་རྒྱས་རྗེས་དྲན་གྱི་མན་ངག་དང་། ཆབ་གཏོར་དྲི་མེད་དང་། ཇོ་བོས་མཛད་པའི་ཆབ་གཏོར་གཞན་གཅིག་དང་། ལམ་སྒྲོན་གྱི་ཇོ་བོའི་རང་འགྲེལ་དང་། དབུ་མའི་སེང་གེས་མཛད་པའི་བདེན་གཉིས་ཀྱི་འགྲེལ་པ་དང་། ཇོ་བོའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་དང་། མདོ་ཀུན་ལས་བཏུས་པ་ཆེན་མོ་དང་། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པའི་ཆོ་ག་དང་། ཡི་གེ་དྲུག་པའི་སྒྲུབ་ཐབས་དང་། སྒྲོལ་མའི་སྒྲུབ་ཐབས་དང་། མི་གཡོ་བའི་སྒྲུབ་ཐབས་རྣམས་ཇོ་བོས་མཛད་པ་དང་། དམ་ཚིག་གསུམ་བཀོད་རྣམས་དང་། གཙུག་ཏོར་དྲི་མེད་ཀྱི་རྟོག་པ་དང་། དེའི་འགྲེལ་པ་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་དང་། འདི་ཡོན་བཙུན་འབུམ་དཀོན་ལ་གསན་ཀྱང་གསུང་ངོ་། །ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས། བདེ་མཆོག་ལོ་ཨི་པའི་སྒྲུབ་ཐབས་དང་། དེའི་བཤད་པ་ལོ་ཙ་བ་རིན་ཆེན་བཟང་པོས་ཇོ་བོའི་གསུང་ལ་ཟིན་བྲིས་མཛད་པ་དང་། སྤྱོད་འཇུག་སྟོད་ལུང་རྒྱ་དམར་བའི་ལུགས་དང་། སྡོམ་པ་ཉི་ཤུ་པའི་འགྲེལ་པ་གསར་རྙིང་། ཤེར་སྙིང་གི་སྒྲུབ་ཐབས་ནགས་ཚོའི་ལུགས། རྟེན་འབྲེལ་གྱི་མདོ། །ཕ་རོལ་དུ་ཕྱིན་པའི་རབ་གནས། བྱམས་པ་ལྷ་ཡུལ་མའི་སྒྲུབ་ཐབས་ལ་སོགས་པ་མང་དུ་གསན་ནོ། །ཞང་མཚལ་པའི་དངོས་སློབ་ངམ་ཤོད་ཀྱི་སློབ་དཔོན་སྒོམ་འཇམ་ཞེས་པའི་སྒོམ་ཆེན་གཅིག་ལ། ཏེ་ལོ་པའི་དྭ་ཧ་དང་། བ་སུ་ཀིའི་ཀླུ་གཏོར་དང་། བླ་མ་བྷེ་རོའི་ཆོས་ཅི་རིགས་པ་དང་། མགོན་པོ་ལ་སོགས་པ་མཚལ་པའི་ཆོས་མང་དུ་ཞུས་ཤིང་། དཔོན་སུམ་པ་ལ། དཔལ་ལྷ་ལས་བབས་པའི་མཆོད་རྟེན་གྱི་ཆག་ཚད་བསླབས་ཤིང་ཡབ་དང་གཉིས་ཀ་ལ་རྣམ་པར་སྣང་མཛད་ཀྱི་ཚེ་སྒྲུབ་ཞུས་སོ། །བླ་མ་དཱ་ན་ཤཱི་ལ་ལ་བདེ་མཆོག་ལ་སོགས་པའི་དབང་བཀའ་མང་དུ་ཞུས་ཤིང་། འཇམ་དཔལ་དཀར་པོ་དང་། མི་གཡོ་བ་དཀར་པོ་དང་། སྔོན་པོ་པུས་བཙུགས་དང་། རི་ཁྲོད་ལོ་མ་ཅན་དང་། ཨེ་ཀ་ཛཱ་ཏི་དཀར་ནག་གི་སྒྲུབ་ཐབས་དང་། སྤྱན་རས་གཟིགས་དང་། རྒྱལ་པོ་ཨིནྡྲ་བོ་དྷིའི་ལུགས་ཀྱི་གསང་འདུས་ལྷ་བཅུ་གསུམ་མའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ཕག་མོའི་མངོན་རྟོགས་སྙེ་མ། སྒོམ་པ་དྲུག་གི་གཞུང་། དྷ་རི་ཀ་པའི་ཞལ་གཉིས་མའི་འགྲེལ་པ། གཤིན་རྗེ་གཤེད་ཀྱི་ཆ་ལག་ལ་སོགས་པ་སྔགས་ཀྱི་སྒྲུབ་ཐབས་དང་། དཔའ་བོ་གྲུབ་པའི་རྒྱུད་དང་། གླེགས་བམ་བཀླག་པའི་ཐབས། ཨ་བྷྱའི་ལུགས་ཀྱི་ཀླུ་གཏོར། གཞན་ཡང་སྒྲའི་འགོད་ཚུལ་དང་། དབྲི་བསྣན། ཡི་གེའི་བརྗོད་ཚུལ་ལ་སོགས་པ་དང་། ཚད་མའི་གཞུང་ཅི་རིགས་པ་དང་། སྒེག་པ་རྡོ་རྗེའི་འཛམ་ནག འབྲེལ་གཏམ་དྲིར་འཇུག་ལ་སོགས་པ་མང་པོའི་སྒོ་ནས་གཏན་ལ་ཕབ་བོ། །སློབ་དཔོན་ཕུ་ཐང་སྟོན་ཤག་ལ་གཞུང་རྣམ་ངེས་ཆོས་མཆོག་ཆེ་ཆུང་རིགས་ཐིགས། རྒྱུད་གཞན་གྲུབ་པ། འབྲེལ་བ་བརྟག་པ། གཏན་ཚིགས་ཐིགས་པ། རྩོད་པའི་རིགས་པ། ཚད་མ་བསྡུས་པ། ཐམས་ཅད་མཁྱེན་པ་སྒྲུབ་པ། ཕྱི་རོལ་དོན་གྲུབ། ཚད་མ་ཀུན་ལས་བཏུས། ཚད་མ་བརྟག་པ་ཆེ་ཆུང་། གཞན་སེལ། སྨྲ་སྒོ་མཚོན་ཆ་རིག་པ་བཀླག་པ། ཡི་གེའི་མདོ། །དབང་ཕྱུག་རྟག་པ། ཀླུ་མེས་ཀྱི་བསྡུས་ཆུང་། ནོར་རྒྱུན་དཀར་དམར་སེར་གསུམ་གྱི་སྒྲུབ་ཐབས། བདེ་མཆོག་ལོ་ཨི་པ་དང་། ལ་བ་པའི་འགྲེལ་པ་དང་། བདེ་མཆོག་གི་རྒྱུད་འགྲེལ་ཅི་རིགས་པ་དང་། གསང་འདུས་ཀུན་སྙིང་གི་འགྲེལ་པ་ཆུང་བ་དང་། ཨིནྡྲ་བོ་དྷིའི་གཅིག་གསུམ་པའི་ཆ་ལག་ཅི་རིགས་པ་དང་། ཡེ་ཤེས་ཞབས་ལུགས་ཀྱི་ཆ་ལག་ཅི་རིགས་པ་དང་། གཤིན་རྗེ་གཤེད་དམར་པོའི་ལྷ་བཅུ་གསུམ་མ་དང་། བིརྺ་པའི་ལྷ་ལྔ་མའི་སྒྲུབ་ཐབས་དང་། དཔའ་བོ་གཅིག་པའི་སྒྲུབ་ཐབས་དང་། གཏོར་ཆོག འཁྲུལ་འཁོར་གྱི་ཆོ་ག་ལ་སོགས་པ་མང་དུ་གསན་ཞིང་སྒྲ་དང་ཚད་མའི་སྲོལ་དང་གྲུབ་མཐའ་རྣམ་པར་དག་པ་རྣམས་དེ་ལས་བྱུང་ངོ་། །སློབ་དཔོན་ཤཱི་ལ་ཤྲཱི་ཞེས་པ་སཱ་དྷུ་ཀཱིརྟིའི་པན་ཆུང་གཡེ་ན་བཞུགས་པ་གཅིག་ལ། ཀ་ལཱ་པའི་མཚམས་སྦྱོར་གྱི་རབ་ཏུ་བྱེད་པ་ལེའུ་དྲུག་དང་། རྒྱ་ཀློག་དང་། རྒྱ་ཡིག་དང་། སྒྲའི་འགོད་ཚུལ་ལ་སོགས་པ་ཅི་རིགས་པ་བསླབས་སོ། །པཎྜི་ཏ་ཤུ་བྷ་ཀ་ར་སེ་ལ་ཡང་སྒྲའི་སྦྱོར་བ་དང་། ཡི་གེའི་བྱེ་བྲག་དང་། མན་ངག་ཅི་རིགས་པ་ཞུས་སོ། །བླ་མ་ཆག་ལོ་ཙྭ་བ་ཆོས་རྗེ་དཔལ་ལ་དཔལ་གསང་བ་འདུས་པ་སློབ་དཔོན་ཀླུ་སྒྲུབ་དང་། ཀླུའི་བྱང་ཆུབ་གཉིས་ཆར་གྱི་དཀྱིལ་འཁོར་ཆོ་ག་ཉི་ཤུ་པའི་སྒོར་དབང་བསྐུར་བ་ཞུས་ནས། གསང་བ་འདུས་པའི་རྒྱུད། རྒྱུད་ཕྱི་མ་འགྲེལ་པ་སྒྲོན་གསལ། སྒྲུབ་ཐབས་མདོར་བྱས། མདོ་བསྲེ། དཀྱིལ་འཁོར་ཆོ་ག་ཉི་ཤུ་པ། ཀླུའི་བྱང་ཆུབ་ཀྱིས་མཛད་པའི་དཀྱིལ་འཁོར་ཆོ་ག རིམ་ལྔ་སྤྱོད་པ་བསྡུས་པའི་སྒྲོན་མེ། མངོན་པར་བྱང་ཆུབ་པ། བདག་བྱིན་གྱིས་བརླབ་པ། ལས་ཀྱི་མཐའ་རྣམ་འབྱེད། རྒྱན་བདུན་དགྲོལ་བ། དུས་ཀྱི་འཁོར་ལོའི་རྒྱུད། དུས་འཁོར་གྱི་བསྟན་རྩིས། བདེ་མཆོག་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས། རྒྱུད་སྡོམ་པ་འབྱུང་བ། དེའི་འགྲེལ་པ་རཏྣ་རཀྵི་ཏས་མཛད་པ། སྒྲུབ་ཐབས་དཀྱིལ་ཆོག དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཕལ་ཆེར་རྫོགས་པར་ཞུས་ནས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་སྒྲུབ་ཐབས་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ། སྦྱིན་སྲེག་འོད་ཀྱི་སྙེ་མ། ངན་སོང་སྦྱོང་བ་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་ཞུས་ནས། ངན་སོང་སྦྱོང་རྒྱུད། རྡོ་རྗེ་འབྱུང་བ། ཨ་བྷྱའི་ལུགས་ཀྱི་སེམས་བསྐྱེད་ཞུས་ནས། བྱང་ཆུབ་གཞུང་ལམ་དང་། སྡོམ་པ་བཟུང་བའི་ཆོ་ག བསླབ་བྱ། སློབ་དཔོན་ཀླུ་སྒྲུབ་དང་། ཞི་བའི་ལྷ་ལ་སོགས་པའི་སེམས་བསྐྱེད་ཞུས་ཤིང་དེའི་ཆོ་ག་དང་བསླབ་བྱ་ལ་སོགས་པའི་གཞུང་མང་པོ། ཏིང་ངེ་འཛིན་རྒྱལ་པོའི་མདོ། །འགྲེལ་པ་གྲགས་པའི་ཕྲེང་བ། འདུལ་བ་མེ་ཏོག་གི་ཕྲེང་རྒྱུད། དགེ་ཚུལ་གྱི་བསླབ་པའི་གཞི་མདོ། །ཀཱ་རི་ཀཱའི་འགྲེལ་པ་དོན་བརྒྱད་མ། བི་བུ་ཏའི་སྡོམ་གསུམ་འོད་ཀྱི་ཕྲེང་བ། བུདྡྷ་ཤྲཱིའི་རྒྱལ་བ་ལམ་འཇུག སྤྱོད་འཇུག བུདྡྷ་ཤྲཱིའི་ལམ་རིམ། ཤཱཀྱ་ཤྲཱིའི་ལམ་རིམ། ཤཱཀྱ་ཤྲཱིའི་ཡན་ལག་བདུན་པ། ཐེག་ཆེན་གྱི་སྨོན་ལམ། ཨ་བྷྱའི་འཛམ་ནག དེས་མཛད་པའི་སྡོམ་བཟུང་བའི་ཆོ་ག མཚན་བརྗོད་ཀྱི་འགྲེལ་པ་བདུད་རྩི་ཐིགས་པ། གུར་གུམ་གཞོན་ནུའི་སྒྲུབ་ཐབས། བསྟོད་པ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་མི་ཕམ་བཤེས་གཉེན་གྱིས་མཛད་པ། ཤ་ཤ་དྷ་རའི་བསྟོད་པ། སྒྲོལ་མའི་མེ་ཏོག་ཕྲེང་འཛིན། བཟང་པོ་དྲུག་གི་རབ་གནས། ཤཱཀྱ་ཤྲཱིའི་ཐེག་ཆེན་གྱི་མན་ངག་ཚིགས་བཅད་མ། བི་བུ་ཏའི་ཡི་གེ་བརྒྱ་པའི་སྒྲུབ་ཐབས། ས་བདག་ལྟོ་འཕྱེའི་རྟག་པ། ཀུན་རིག་ལ་བརྟེན་ནས་སྡིག་པ་སྦྱོང་ཐབས་བཅུ་གཅིག བདེ་མཆོག་ལུས་དཀྱིལ་ལ་བསྒོམ། དྲིལ་བུ་སྐོར་གསུམ། དྲིལ་བུ་པས་མཛད་པའི་བདེ་མཆོག་ལྷན་སྐྱེས། ལྟུང་བའི་སྙེ་མ་དམ་ཚིག་གསོ་བ་དང་བཅས་པ། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། རྣམ་པར་སྣང་མཛད་སྲུང་བས་མཛད་པ། བིརྺ་པས་མཛད་པའི་གཤེད་དམར་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། ལྷན་སྐྱེས་ཀྱི་སྒྲུབ་པ། ཕྱོགས་སྐྱོང་གི་གཏོར་མའི་ཆོ་ག མཎྜལ་གྱི་ཆོ་ག གཏོར་མའི་ཆོ་ག འཁྲུལ་འཁོར་གྱི་ཆོ་ག བལ་པོ་རེ་བེནྟྲེས་མཛད་པའི་གཤེད་དམར་གྱི་ལུགས་ཆ་ལག་ཚང་བ། སློབ་དཔོན་དཔལ་འཛིན་གྱིས་མཛད་པའི་ལྷ་བཅུ་གསུམ་གྱི་ཆོ་ག སློབ་དཔོན་གྱིས་མཛད་པའི་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས། གཏོར་མའི་ཆོ་ག་རྒྱས་པ་སློབ་དཔོན་བློ་གྲོས་བཟང་པོས་མཛད་པའི་ལྷ་ལྔའི་སྒྲུབ་ཐབས། རང་བྱིན་གྱིས་བརླབས་པ་བྱང་ཆུབ་སྙིང་པོས་མཛད་པའི་འཁྲུལ་འཁོར་གྱི་དེ་ཁོ་ན་ཉིད། འཆི་བདག་གི་དབྱུག་པ་འཛིན་པའི་རྣམ་རྒྱལ་དང་། དེའི་ཆ་ལག་ལེགས་པར་ཚང་བ་དང་། ངན་འགྲོ་ཡོངས་སུ་སྦྱོང་བའི་རྣམ་རྒྱལ་ལ་སོགས་པ་གསན་ནོ། །ཆོས་རྗེ་ས་སྐྱ་པཎྜི་ཏ་ལ། ཚད་མ་རིགས་གཏེར། ངན་སོང་སྦྱོང་རྒྱུད། ཚོགས་ཆོས། སེམས་བསྐྱེད། སྣང་བ་མཐའ་ཡས་ཀྱི་སྒོམ་དོན་རྣམས་ཐོབ། དབྱར་ཉི་མ་ལ་མཁན་པོ་དང་། མཁན་ཆེན་མཆིམས་ཁ་ལས་ཆོག་དང་། ཀྱི་སྟོན་གྱིས་གསང་སྟོན་བྱས་ནས་དགའ་བ་སྟོང་དུ་བསྙེན་པར་རྫོགས་ཤིང་། དབྱར་ཉི་མ་བརྩོན་འགྲུས་ལས་ཕ་རོལ་དུ་ཕྱིན་པ་མངོན་རྟོགས་རྒྱན་རྩ་འགྲེལ། ཉི་ཁྲི་ལེ་བརྒྱད་མ། ཉི་ཁྲི་སྣང་བ་བརྒྱད་སྟོང་པ་རྩ་འགྲེལ། སྡུད་པ་རྩ་འགྲེལ། ཤེར་སྙིང་རྩ་འགྲེལ། ཡི་གེ་གཅིག་མའི་མདོ་མན་ངག་དང་བཅས་པ། རྐྱང་ཐུར་མཚུར་གྱི་ཚད་མ་བསྡུས་པ། ཕྱག་རྒྱ་ཆེན་པོ་བརྡའ་རྒྱབ་རྟེན་དང་བཅས་པ། གཅོད་ཀྱི་མན་ངག རྒྱ་བུག་གི་ལམ་རིམ། ནཱ་རོའི་ཆོས་དྲུག འཇམ་དཔལ་དཀར་པོ་ལ་སོགས་པ་ཞུས་སོ། །སྣར་ཐང་གི་སངས་རྒྱས་བསྒོམ་པ་ལ་ཕར་ཕྱིར་གཏོང་བཙན་མ་དང་། གཙང་ནག་པའི་ཆོས་ཆུང་བརྒྱ་རྩ་དང་། བྱང་ཆུབ་ལམ་སྒྲོན་དང་། སྐྱེས་བུ་གསུམ། སྐྱེར་སྒང་མ། བློ་སྦྱོང་ལ་སོགས་པ་ཞུས་སོ། །མཁན་ཆེན་མཆིམས་པ་ལ། འདུལ་བ་མདོ་རྩ། རྒྱ་ཆེ་འགྲེལ་པ། འདུལ་བ་འོད་ལྡན། སོ་སོར་ཐར་པ། སུམ་བརྒྱ་པ། ཀཱ་རི་ཀཱ བཀའ་གདམས་ལམ་རིམ་ལམ་སྒྲོན། བསླབ་བཏུས། སྤྱོད་འཇུག་མདོ་ཀུན་ལས་བཏུས། སྐྱེས་རབས། ཆེད་དུ་བརྗོད་པའི་ཚོམས། མངོན་པ་མཛོད། མཛོད་ཀྱི་འགྲེལ་པ། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། ཐེག་བསྡུས་བསྐོར་གསུམ། རྣམ་སྣང་མངོན་བྱང་གི་རྒྱུད་ཆོ་ག་དང་བཅས་པ། ཀྲི་ཡ་དཔུང་བཟང་། གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པའི་རྒྱུད། བསམ་གཏན་ཕྱི་མ་ཇོ་བོའི་ལུགས་ཀྱི་བདེ་མཆོག་དང་། རྗེ་བཙུན་མའི་ཆོ་ག་ཞུས་ནས། ལུ་ཨི་པའི་སྒྲུབ་ཐབས། ལྷ་བཅུ་གསུམ་མ། ལྷ་ལྔ་མ། དཔའ་བོ་གཅིག་པ། ཇོ་བོས་མཛད་པའི་དྲུག་ཅུ་རྩ་གཉིས་མའི་སྒྲུབ་ཐབས། ལུ་ཨི་པའི་འགྲེལ་པ། ལྟ་བ་དང་སྤྱོད་པའི་གླུའི་འགྲེལ་པ། ལྟ་སྒོམ་སྤྱོད་གསུམ། རྗེ་བཙུན་མ་རིན་ཆེན་རྒྱན་གྱི་སྒྲུབ་ཐབས་ཆ་ལག་དང་བཅས་པ། བ་རང་མ་དང་། རྩྭའི་སྤྱིལ་པོ་མ་དང་། ནཱ་རོ་པས་མཛད་པའི་ཞལ་གཅིག་མ་རྡོ་རྗེ་བསྣམས་པའི་སྒྲུབ་ཐབས་དང་། ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ཡན་ལག་དང་བཅས་པ་དང་། འཇམ་དཔལ་སྨྲ་སེང་། དབྱངས་ཅན་མ་དམར་མོ། །ཀླུ་དབང་རྒྱལ་པོ། རྟ་མགྲིན། སྨན་བླའི་ཆོས་སྐོར་ཐམས་ཅད་ཚང་བ། ཟན་མགོ་གཅོད་ཐབས། ཡན་ལག་བདུན་པ། ཆོས་སྤྱོད་སིལ་བུ་ཅི་རིགས་པ། སྒྲོལ་མའི་གསོལ་འདེབས་སྒྲུབ་ཡིག་དང་བཅས་པ། ཤེར་སྙིང་གི་སྒྲུབ་པ། མདོ་སྡེའི་རྒྱན་རྩ་འགྲེལ། རྒྱུད་བླ་མ་མངོན་རྟོགས་རྒྱན། དབུས་མཐའ། ཆོས་ཉིད་རྣམ་འབྱེད། རྟེན་འབྲེལ་ཆེན་པོའི་ཊཱི་ཀ ལས་གྲུབ་པའི་རབ་ཏུ་བྱེད་པ། རྣམ་བཤད་རིག་པ། དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ཀྱི་དེ་བཞིན་གཤེགས་པའི་ལེའུ་དང་། དེའི་སྒྲུབ་ཐབས་དང་། ཕྱག་ན་རྡོ་རྗེ་མཚན་བརྒྱད་པའི་མན་ངག་ལ་སོགས་པ་ཞུས་སོ། །སློབ་དཔོན་ཆུ་མིག་པ་ལ། སློབ་དཔོན་ཀླུའི་བྱང་ཆུབ་ལ་གསོལ་བ་འདེབས་པའི་ཐབས། ཇོ་བོས་མཛད་པའི་སྒྲུབ་ཐབས་འགའ་ཞིག་ཞུས་སོ། །སློབ་དཔོན་སྐྱེལ་གྲགས་པ་སེང་གེ་ལ། ཚད་མ་རྣམ་པར་ངེས་པ། ཚད་མ་བསྡུས་པ། རྣམ་འགྲེལ་གྱི་འགྲེལ་པ་སྟོང་ཕྲག་ཕྱེད་དང་བཞི་པ་དང་སྡེ་ཕྲན་ཅི་རིགས་པ་གསན་ནོ། །སློབ་དཔོན་ཀྱི་སྟོན་གྲགས་འབུམ་ལ་ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཚད་མ་རྣམ་པར་ངེས་པ་དང་། ཚད་མ་བསྡུས་པ་ལ་སོགས་པ་གསན་ནོ། །སློབ་དཔོན་འུ་ཡུག་པ་བསོད་ནམས་སེང་གེ་ལ། ཚད་མ་རྣམ་འགྲེལ་དང་། ཚད་མ་མདོ་དང་། རིགས་ཐིགས་དང་། རྒྱུད་གཞན་གྲུབ་པ་དང་། འབྲེལ་བ་བརྟག་པ་དང་། གཏན་ཚིགས་ཐིགས་པ་དང་། རྩོད་རིགས་དང་། རྒྱུད་བརྟག་པ་གཉིས་དང་། རྡོ་རྗེ་གུར་དང་། བདེ་མཆོག་རྩ་རྒྱུད་དང་། སྒྲུབ་ཐབས་མཚོ་སྐྱེས་དང་། ཡན་ལག་དྲུག་པ་དང་། དཀྱིལ་འཁོར་ཆོ་ག་བཟང་པོ་ཡོངས་བཟུང་དང་། རིན་ཆེན་འབར་བ་དང་། བདེ་མཆོག་ལུ་ཨི་པའི་སྐོར་དང་། ནག་པོའི་ཆོས་དྲུག་དང་། དྲིལ་བུ་སྐོར་གསུམ་དང་། གདམས་ངག་ལམ་འབྲས་ལམ་སྐོར་དང་བཅས་པ་དང་། བིར་ཝ་པའི་བསྲུང་འཁོར་དང་། རྩ་དབུ་མའི་ཁྲིད་དང་། བ་རི་བའི་སྒྲུབ་ཐབས་བརྒྱ་རྩ་དང་། དགོན་པར་གནས་པའི་ཆོས་དྲུག་དང་། བླ་མའི་རྣལ་འབྱོར་དང་། འཇམ་དཔལ་ཨ་ར་པ་ཙ་ནའི་སྒྲུབ་ཐབས་དང་། མཁའ་འགྲོ་སྤྱི་གཏོར་དང་། དབྱུག་གུ་དྲུག་ཅུ་རྩ་བཞིའི་གཏོར་མ་དང་། ཚད་མ་རིགས་གཏེར་དང་། རིགས་པ་གྲུབ་པ་དང་། གཙུག་ཏོར་གདུགས་དཀར་གྱི་གཟུངས་ཤུ་རང་ག་ཝརྨའི་འགྲེལ་པར་བཅས་པ་དང་། རྡོ་རྗེ་གདན་པའི་ཉེ་བར་བཤད་པ་དང་། གྷི་ར་ཝརྟི་དང་། ཙནྡྲ་གོ་མིས་མཛད་པའི་སྒྲུབ་ཐབས་དང་། བ་རི་བའི་གཏོར་ཆེན་དང་། རྣམ་རྒྱལ་དང་། འབྲོག་མིས་བསྒྱུར་བའི་ངག་དགྲོལ་ལ་སོགས་པ་གསན་ནོ། །སློབ་དཔོན་དོ་པ་དཀར་ཤཱཀྱ་གྲགས་ལ་གཙུག་ཏོར་རྣམ་རྒྱལ། སྒྲོལ་མ་ལུས་དཀྱིལ་དང་། མི་གཡོ་བ་ལ་སོགས་པའི་ཆོས་སྐོར་འགའ་ཞུས་སོ། །སློབ་དཔོན་གད་པ་གྲགས་ཚུལ་ལ། རྡ་ར་ཏྲ་སེ་ནའི་རུ་གྲགས་པའི་འབུམ་ཊཱིཀ འབུམ་ཊཱིཀ་ཆེན་པོའི་ཕྱེད་ཙམ། དབུ་མ་རྩ་བའི་ཤེས་རབ། རྩོད་པ་བཟློག་པ། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་པར་འཐག་པ། རིན་ཆེན་ཕྲེང་བ། རྩ་བའི་འགྲེལ་པ་ཚིག་གསལ་འཇུག་པ་རྩ་འགྲེལ། རིགས་པ་དྲུག་ཅུ་པའི་འགྲེལ་པ། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། རྩོད་ཟློག་གི་འགྲེལ་པ། ཞིབ་མོ་རྣམ་འཐག་གི་འགྲེལ་པ། སློབ་དཔོན་ཟླ་བ་གྲགས་པའི་དབུ་མའི་ཕུང་པོ་ལྔ་པ། སློབ་དཔོན་འཕགས་པའི་དབུ་མ་ཡི་གེ་བརྒྱ་པ་རྩ་འགྲེལ། དབུ་མ་སྣང་བ། བདེན་གཉིས་རྩ་འགྲེལ། དབུ་མ་རྒྱན་རྩ་འགྲེལ། སྒོམ་རིམ་རྣམ་པ་གསུམ། ཀ་མ་ལ་ཤཱི་ལའི་སྒོམ་རིམ། མདོར་བསྡུས་ཏེ་སྒོམ་པའི་མན་ངག ཤནྟི་པའི་དབུ་མ་རྒྱན་རྩ་འགྲེལ། ཆོས་ཀྱི་དབྱིངས་སུ་བསྟོད་པ། དོན་དམ་པར་བསྟོད་པ། དཔེ་མེད་པར་བསྟོད་པ། མཐའ་ལས་འདས་པར་བསྟོད་པ། རྣམ་པར་མི་རྟོག་པར་བསྟོད་པ། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ། ཡོན་ཏན་མཐའ་ཡས་པར་བསྟོད་པ་རྩ་འགྲེལ། གནས་ཆེན་པོ་བརྒྱད་ལ་བསྟོད་པ། སེམས་མགུ་བར་བྱ་བར་བསྟོད་པ། དམྱལ་བ་ནས་འདོན་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ། ཇོ་བོའི་བདེན་ཆུང་རྩ་འགྲེལ་ལ་སོགས་པ་དབུ་མའི་གཞུང་རབ་ཏུ་མང་པོ་གསན་ནོ། །བླ་མ་གྲུ་རྡོ་རྗེ་སེང་གེ་ལ་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་རྒྱུད་ཕྱི་མ། ཐ་ཀ་ནའི་འགྲེལ་པ། འཇམ་དཔལ་ཞལ་ལུང་། སྒྲུབ་ཐབས་ཀུན་བཟང་། དཀྱིལ་འཁོར་ཆོ་ག་བཞི་བརྒྱ་ལྔ་བཅུ་པ། གྲོལ་བའི་ཐིག་ལེ། བདག་སྒྲུབ་པར་འབྱུང་བ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག དུས་ཀྱི་འཁོར་ལོའི་རྒྱུད། འགྲེལ་པ་དྲི་མ་མེད་པའི་འོད། ས་དུ་སུ་དྲའི་དཀྱིལ་ཆོག་སྒྲུབ་ཐབས། འགྲེལ་ཆུང་། དུས་ཞབས་ཀྱི་སྒྲུབ་ཐབས་དང་། དཀྱིལ་ཆོག ཡི་གེའི་རྒྱུད་དེ་ཉིད་འདུས་པ། ཀུན་སྙིང་གི་འགྲེལ་པ་དེ་ཉིད་སྣང་བ། ཤཱཀྱ་བཤེས་གཉེན་གྱི་ཀོ་ས་ལའི་རྒྱན། སངས་རྒྱས་གསང་བའི་ཨ་བ་ཏ་ར། རྡོ་རྗེ་རྩེ་མོའི་རྒྱུད། ངན་སོང་སྦྱོང་རྒྱུད། དཔལ་མཆོག་དང་པོའི་རྩ་འགྲེལ། རྡོ་རྗེ་འབྱུང་བ་གཙུག་ཏོར་དགུ་པ་དབང་བཀའ་དང་བཅས་པ། རྣལ་འབྱོར་བསྐྱངས་ཀྱི་སྦྱིན་སྲེག་དང་ས་ཚྭ། དཔལ་མཆོག་རིགས་བསྡུས་དང་། རྩེ་མོ་རིགས་བསྡུས་ཀྱི་དབང་ཀ བདེ་མཆོག་ལེ་ཆུང་ལུགས་ཀྱི་རྩ་རྒྱུད། ཀུན་སྤྱོད་ལུ་ཨི་པ། རྟག་པ་རྡོ་རྗེའི་ཆོས་བཞི། ཕྱག་ན་རྡོ་རྗེའི་རྒྱུད་རྡོ་རྗེ་ས་འོག གནོད་སྦྱིན་ཤིང་རྟ། གར་མཁན་མཆོག རྣམ་སྲས་བདེ་བྱེད་དང་། དྲག་པོ་བྱེད། སེམས་ཉིད་ངལ་གསོ། བསྟན་པའི་གྲུ། སྦས་པའི་བུམ་འཁྱིལ། ཤེས་རབ་འཁོར་ལོ། །འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་དྲག་པོ་གསུམ་འདུལ་གྱི་རྒྱུད། རྒྱུད་ཕྱི་མ། སྒྲུབ་ཐབས་འཁོར་ལོ་ཆེན་པོ། བདུད་རྩི་ཐིགས་པ། སྒྲུབ་ཐབས་མདོར་བསྡུས། དྲག་པོ་གསུམ་འདུལ་གྱི་འགྲེལ་པ། བདུད་རྩི་མྱུ་གུ། དཀྱིལ་འཁོར་ཆོ་ག རིམ་པ་དྲུག་པ། རྟགས་གསལ་བ། ཀླུ་རིགས་བཞི་སྒྲུབ་པའི་ཐབས། གནོད་སྦྱིན་གྱི་སྒྲུབ་པའི་ཐབས། བདུད་རྩི་བཟློག་པ། སྦྱིན་སྲེག་ཆོ་ག་རྒྱས་པ། བསྡུས་པ། ཁྲོ་བོ་བསད་པའི་ཕྲིན་ལས། མཛེ་ནད་ཀྱི་མཚན་ཉིད། ཀླུ་རིགས་བཞི་བསད་པ་མནན་པ། གསོ་བའི་ཆོ་ག ཕྱག་རྡོར་མཆོད་པའི་ཆོ་ག གཏོར་མའི་ཆོ་ག འཇམ་དཔལ་གྱི་མཚན་བརྗོད། དེའི་འགྲེལ་པ། སྒྲུབ་ཐབས་དཀྱིལ་ཆོག རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས། འགྲེལ་པ་རིན་པོ་ཆེའི་ཕྲེང་བ། དཀྱིལ་ཆོག་རིན་ཆེན་སྣང་བ། སྒྲུབ་ཐབས་ལ་སོགས་པའི་ཡན་ལག་ཚང་བ། སྒྲོལ་མ་ལས་སྣ་ཚོགས། སྤྱན་རས་གཟིགས་པད་མ་ཅོད་པན། མི་གཡོ་བ་དངོས་གྲུབ་འབྱུང་བའི་རྒྱུད། ཕྱག་རྒྱ་ཆེན་པོ་གྲུབ་སྙིང་། རྙོག་པ་མེད་པའི་རྒྱུད། མཚན་བརྗོད་ཕྱག་རྒྱ་ཆེན་པོའི་བཤད་ལུགས། མགོན་པོ་གདོང་བཞི་པའི་སྒྲུབ་ཐབས། ལས་ཚོགས་ལ་སོགས་པ་ཚང་བ། ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་དབང་དང་། རྗེས་གནང་དང་། དམིགས་པ་རྣམས་ཚང་བར་ཞུས་ནས་གཟུངས་ཀྱི་རྒྱུད་ཆུང་དང་། སྒྲུབ་ཐབས་ལ་དགུ་ལ་ཊཱི་ཀ་ཆེན་མོ་བཏབ་པ། མངོན་རྟོགས་ཆེན་མོ། །ཆུང་ངུ་། ལྷ་ལྔ་མ། དཔའ་བོ་གཅིག་པ། གཟུངས་ཀྱི་འགྲེལ་པ། གཏོར་མ། སྦྱིན་སྲེག རྟ་གཏོར། ཉེ་བར་བསྙེན་པ། དངོས་གྲུབ་ཉེ་བར་བྱེད་པ། ཇོ་བོས་མཛད་པའི་ཀླུ་མཆོད། ཞུས་ལན་གསུམ། ལམ་བརྟག་པ། ཚོད་འཛིན་དང་བཅས་པའི་མན་ངག ཚང་བ། སི་ཏིའི་སྦྲུལ་འབྱིན། ཀླུ་གཏོར་ཆེན་མོ། །རྣལ་འབྱོར་བརྒྱད་པ་སྒྱུ་འཕྲུལ་དང་། སེམས་ཕྱོགས་ཅི་རིགས་པ། མཱ་ཧཱ་མ་ཡའི་རྒྱུད། ཀུ་ཀུ་རི་པས་མཛད་པའི་སྒྲུབ་ཐབས་ཆེ་ཆུང་དཀྱིལ་ཆོག དེ་ཁོ་ན་ཉིད་ཀྱི་རྩ་འགྲེལ་ལ་སོགས་པའི་ཕྲན་བུ་རྣམས་འགྲེལ་པ་དང་། ཆ་ལག་གཞན་ཅི་རིགས་པ་ལ་སོགས་པ་ཞུས་སོ། །བླ་མ་དཔྱལ་ཨ་མོ་གྷ་ལ་དགྱེས་རྡོར། ནཱ་རོ་འགྲེལ་ཆེན། དེའི་མན་ངག་རིན་པོ་ཆེ་སྒྲོམ་གྱི་ལྡེ་མིག དགྱེས་རྡོར་གྱི་དཀྱིལ་ཆོག་ངག་འདོན་མ། དགྱེས་རྡོར་ལྷན་སྐྱེས། བདེ་མཆོག་ལྷན་སྐྱེས། ཕག་མོ་གཞུང་དྲུག་མན་ངག་དང་བཅས་པ། སྦྱིན་སྲེག ཀུར་མ་སྭ་ཏ། མཁའ་སྤྱོད་མ། དེའི་མན་ངག་ཡིད་ཕམ་པ་དང་སེམས་ངལ་གསོ་བ་དང་། སེང་གེ་སྒྲ། རིམ་ལྔའི་ཁྲིད། སྦྱོར་དྲུག་གི་མན་ངག བུ་བྷུ་ཏ་ལས་བརྒྱུད་པ། ཕག་མོ་ལྷན་ཅིག་སྐྱེས་པ། བདེ་མཆོག་དཀར་པོ་ལ་སོགས་པ་ཞུས་སོ། །