ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལོ་རྒྱུས།

བཙན་པོ་ཁྲི་ལྡེ་གཙུག་བརྩན་སྐབས་ཀྱི་ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་གི་ཡི་གེར་དཔྱད་པ།

སྤེལ་དུས 2019-05-22 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། ལྷ་མཆོག་རྒྱལ།
          མ་སྒྲིག་པའི་སྦྲགས་མཆན། དེ་སྔ་བོད་ཀྱི་ས་ཁུལ་ནས་རྙེད་པའི་དྲིལ་བུའི་ཡི་གེ་ལ་བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་དང་། ཁྲ་འབྲུག་དགོན་པའི་དྲིལ་བུའི་ཁ་བྱང་། བྲག་ཡེར་པའི་དྲིལ་བུའི་ཁ་བྱང་བཅས་གསུམ་ཙམ་ཡོད་པ་དེ་དག་ནི། བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་(སྤྱི་ལོ་༧༩༨ -༨༡༥) སྐབས་སུ་བཞེངས་པ་དང་དབུས་གཙང་ཁུལ་དུ་ཡོད་པ་ཤ་སྟག་ཡིན། ད་ཐེངས་རྩོམ་པ་པོ་ལྷ་མཆོག་རྒྱལ་མཆོག་ནས་འདོན་སྤྲོད་གནང་བའི་ཇག་རོང་དགའ་ལྡན་གཙུག་ལག་ཁང་གི་དྲིལ་བུའི་ཡི་གེ་འདི་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་མེས་པོར་གྱུར་བའི་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བརྩན་(སྤྱི་ལོ་༧༠༤ - ༧༥༤) སྐབས་སུ་བཞེངས་པ་དང་ཉེ་ཆར་ཀན་སུའུ་དཔའ་རིས་ཁུལ་ནས་གསར་རྙེད་བྱུང་བ་ཞིག་ཡིན་འདུག དེས་ན་བོད་རིག་པའི་ཕྱག་ལས་གནང་མཁན་ཞིག་ཡིན་ཕྱིན་དེ་ནི་ཧང་བསངས་དགོས་པ་དང་དགའ་བ་དཔག་མེད་སྐྱེད་འོས་པའི་དོན་ཆེན་ཞིག་ལོས་ཡིན་ཏེ། དྲིལ་ཆེན་འདི་ནི་དེ་སྔ་ཤེས་རྟོགས་ཟིན་པའི་བོད་ཀྱི་རྡོ་རིང་དང་དྲིལ་བུ་ཡོད་དོ་ཅོག་གི་ཆེས་སྔ་ཤོས་ཡིན་པ་དང་། བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་དང་། སྐད་ཡིག ཆོས་ལུགས་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གསར་པ་ཞིག་དང་ཤིན་ཏུ་རྩ་ཆེ་བའི་བོད་ཀྱི་རིག་དངོས་ཤིག་ཀྱང་ཡིན་པས་སོ། ད་ལམ་འདི་ག་རྩོམ་སྒྲིག་ཁང་ལ་ལྷ་མཆོག་རྒྱལ་མཆོག་གི་དྲིལ་ཆེན་འདི་ཉིད་སྐོར་གྱི་དཔྱད་རྩོམ་ལག་སོན་བྱུང་བས་སྐབས་འཕྲལ་རྩོམ་སྒྲིག་བགྱིས་ཏེ་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་བཤམས་ཡོད་པར་དགོངས་འཇགས་འཚལ་ཞེས་ཞུ་རྒྱུ་དང་སྦྲགས། རྩོམ་པ་པོ་མཆོག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། 
          [ནང་དོན་གནད་བསྡུས།] དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་དྲིལ་བུ་འདི་ནི་བོད་ཀྱི་གནའ་བོའི་རྡོ་རིང་དང་དྲིལ་བུ་ཡོད་དོ་ཅོག་གི་ཆེས་སྔ་ཤོས་དེ་ཡིན་ཞིང་། དྲིལ་ཆེན་འདིའི་ཁ་བྱང་གི་ཡི་གེར་བོད་ཀྱི་ཆེས་ཐོག་མའི་དགོན་སྡེར་གྲགས་པའི་བསམ་ཡས་ཀྱི་སྔོན་ནས་ཐུབ་བསྟན་གྱི་དགོན་པ་ཡོད་པ་དང་། བཙུན་པའི་ཐོག་མ་སད་མི་མི་བདུན་གྱི་ཡར་སྔོན་ནས་རབ་བྱུང་བ་ཡོད་པ་སོགས་འཁོད་ཡོད་པས། དྲིལ་བུ་འདི་དང་འདིའི་ཁ་བྱང་ལ་སྔར་གྱི་ཆོས་འབྱུང་དང་ལོ་རྒྱུས་ཀྱི་བཞེད་ཚུལ་ལ་བསྐྱར་ཞིབ་བྱེད་པའི་དོན་སྙིང་ཡོད་ཚུལ་གླེང་བརྗོད་བྱས་ཡིད། 
          [བརྡ་ཆད་གཙོ་བོ།]ཁྲི་ལྡེ་གཙུག་བརྩན། སྐུ་ཡོན། དྲིལ་ཆེན། 
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K874
          [ཡིག་ཚང་མཚོན་བྱང་།]A
          [རྩོམ་གྱི་གོ་རིམ་ཨང་སྒྲིག]1002 -946x(2011)01 -001 - 09
          ཉེ་ཆར་ཀན་སུའུ་དཔའ་རིས་ཕྱོགས་ནས་གནའ་བོའི་དགོན་རྙིང་གི་དྲིལ་བུ་ཞིག་རྙེད་པ་ནི་ཤིན་ཏུ་རྩ་ཆེ་བའི་བོད་ཀྱི་རིག་དངོས་ཤིག་ཡིན་ཏེ། འདི་ཉིད་རྩ་ཆེ་ཚུལ་ནི་གཤམ་གྱི་དོན་ཚན་བཞི་ལ་དྲིལ་ནས་བཤད་ཆོག དང་པོ་ནི་བོད་ལ་ད་ལྟ་བར་ཁྱབ་བསྒྲགས་བྱས་ཟིན་པའི་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་དང་དྲིལ་བུ་ཉི་ཤུ་ལྷག①ཡོད་པའི་ནང་ཚུད་མེད་པར་མ་ཟད། དཔའ་རིས་ཀྱི་དྲིལ་བུ་འདི་ནི་བཞེངས་པ་ཆེས་སྔ་ཤོས་དེ་ཡིན་པ། གཉིས་པ་ནི་ད་ལྟ་བར་བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུ་སོགས་གནའ་དྲིལ་གསུམ་ཡོད་པའི་ཁར་དཔའ་རིས་ཀྱི་དྲིལ་བུ་འདི་བསྣན་ན་ཞིབ་འཇུག་བྱེད་ཡུལ་གསར་དུ་བསྐྱེད་པ། གསུམ་པ་ནི་དྲིལ་བུའི་ཁ་བྱང་གི་ཡི་གེ་ལས་བཙན་པོ་ཁྲི་ལྡེ་གཙུག་བརྩན་གཅེན་གཅུང་གཉིས་ཀྱི་གནས་ཚུལ་དང་། བཙན་མོ་འབྲོ་བཟའ་ཁྲི་མ་ལོད། ལྷ་སྲས་ལྗང་ཚ་ལྷ་དབོན། རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་སོགས་ཀྱི་གནས་ཚུལ་ལའང་ངེས་ཤེས་གསར་པ་འདྲོངས་ཐུབ། བཞི་པ་ནི་དྲིལ་བུ་འདི་བོད་ཀྱི་དགོན་སྡེའི་ཐོག་མར་གྲགས་པའི་བསམ་ཡས་མ་བཞེངས་གོང་དང་སད་མི་མི་བདུན་རབ་ཏུ་མ་བྱུང་གོང་བཞེངས་པ་ཡིན་པས་བོད་ལ་ཐོག་མར་ཐུབ་བསྟན་ཇི་ལྟར་དར་ཚུལ་ལའང་དཔྱད་པ་གཏོང་ཐུབ།
          དང་པོ། དྲིལ་བུའི་གནས་ཚུལ་མདོར་བསྡུས།
          དྲིལ་བུ་འདིའི་རྒྱུ་ནི་ཁྲོ་ཟངས་འདྲེས་མས་གྲུབ་ཅིང་། ལྗིད་ཚད་ལ་སྤྱི་རྒྱ་168དང་། མཐོ་ཚད་ལ་ཀུང་ཧྥིན་54 དྲིལ་ཁའི་འཕྲེད་ཞེང་ལ་ཀུང་ཧྥིན་52 དྲིལ་ཞབས་ཀྱི་འཕྲེད་ཞེང་ལ་ཀུན་ཧྥིན་40ཡོད། དྲིལ་བུ་ནི་པད་འདབ་དྲུག་ཅན་དུ་བཞེངས་ཡོད་ལ། པད་ལྕེ་རེ་རེའི་ཐོག་སྟག་མགོའི་རི་མོ་རེ་རེ་དང་དྲིལ་བུའི་ཁ་བྱང་གི་གོང་དུ་སྤྲིན་རིས་དྲུག་བཀོད་ཡོད། ཁ་བྱང་ནི་བཙན་པོའི་དུས་སྐབས་ཀྱི་འབྲི་ཚུགས་དབུ་ཅན་གྱིས་ཚེག་གིས་བར་ཆོད་མེད་པར་གཡོན་ནས་གཡས་སུ་རྒྱུན་མར་བྲིས་ཡོད་ལ། ཁ་བྱང་འབྲི་མཁན་གྱི་མིང་གི་ཡིག་འབྲུ་གཉིས་མི་གསལ་བ་མ་གཏོགས་ཐམས་ཅད་གསལ་པོར་ངོས་འཛིན་ཐུབ་པ་གཤམ་གསལ་ལྟར་ཏེ།
          ༄༅། །བོདཀྱྀལྷབཙནཔོཁྲིལྡེགཙུགབརྩནམཅེདཀྱིསྐུཡྣོདུབསྔོསྟེཿཞངཿལྷསྒྲརྒྱལསླེབསསྤདཀྱིསཇགརོངདགཱལྡནབྱིནཅེནགཙུགལགཁངགྀརྐྱེནདུདྲིལཆེནཅིགཔུལབའྀཡྣོཀྱིསསྣོབདགདངསེམསཅཐཾསཅདབླནམྱེདདེབྱངཅུབཀྱྀརྒྱུབཔརསྨོནཏོ། དྲིལའདིལྕགསཀོང x xགིསཡིགེབྲྀསྟེདགེསློངཆོསཔྲྀནགྱྀསབླུགསོ
          གཉིས་པ། དྲིལ་བུའི་ཁ་བྱང་ཡི་གེའི་ནང་དོན་ལ་དཔྱད་པ།
          བོདཀྱྀལྷབཙནཔོཁྲིལྡེགཙུགབརྩན བཙན་པོ་འདི་ནི་ཡབ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་དང་ཡུམ་མཆིམས་བཟའ་བཙན་མོ་རྟོག་གེའི་སྲས་སུ་འཁྲུངས་ཤིང་། དགུང་ལོ་དྲུག་ཅུ་རྩ་གསུམ་བཞེས་སྐབས་ཡར་འབྲོག་སྦྲ་ཚལ་དུ་ཆིབས་སྒྲོན་པས་གྲོངས། ཆོས་འབྱུང་དེབ་ཐེར་མང་ཆེ་བར་བཙན་པོ་འདི་ཉིད་སྐུ་ཆུང་དུས་ནས་སྨྲ་ར་ཡོད་པ་དང་བགྲེས་ཉམས་ཆེ་བས་མཚན་ལ་མེས་ཨག་ཚོམ་བཏགས་པ་དང་། བཙན་པོ་འདིའི་སྲས་ལྗང་ཚ་ལྷ་དབོན་ལ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བསུས་ཀྱང་རྒྱལ་བུས་འཕང་ཐང་དགེ་རར་མཚན་མོ་རྟ་བརྒྱུགས་ནས་ཐང་ལ་འཕངས་ཏེ་འདས་པས། བུའི་མནའ་མ་བཙན་པོ་རང་གིས་བཞེས་པར་བཤད། འོན་ཀྱང་ཏུན་ཧོང་གཏེར་ཡིག་དང་ཞོལ་རྡོ་རིང་ཕྱི་མ་ལྟར་ན་འབྲུག་གི་ལོ་སྟེ་སྤྱི་ལོ704ལོར་བཙན་པོ་འདི་ཡབ་ཁྲི་འདུས་སྲོང་འཇང་ཡུལ་ནས་འདས་པའི་ལོ་དེར་འཁྲུངས་པ་དང་། སྤྱི་ལོ754རྟ་ལོ་ཡས་མས་ལ་བློན་ཆེན་འབལ་ལྡོང་ཙབ་དང་ལང་མྱེས་ཟིགས་གཉིས་གློ་བ་རིངས་ནས་བཀྲོངས་པས་དགུང་ལོ་ལྔ་བཅུ་ཡས་མས་ལས་བཞུགས་མ་ཐུབ། ཆོས་འབྱུང་དེབ་ཐེར་དང་ཡིག་རྙིང་ལས་གང་ཞིག་གི་བཤད་ཚུལ་འགྲིག་པའི་ཐད་ལ་བློ་དམན་བདག་ལ་ཁ་ཚོན་གཅོད་པའི་སྤོབས་པ་མེད་མོད། རྒྱལ་ཁབ་ཕྱི་ནང་གི་མཁས་པ་དག་གི་གནད་དོན་ཐད་ཀྱི་དཔྱད་འབྲས་དང་། རྒྱའི་ཡིག་ཚང་དག་གི་ལོ་ཚིགས་ལའང་ཟུར་བལྟ་བྱས་ན་ཡིག་རྙིང་གི་བཤད་ཚུལ་ལ་བདེན་ངེས་ཆེ་བར་སྙམ།
          མཅེདཀྱིསྐུཡྣོདུབསྔོསྟེཿ འདིའི་དོན་ནི་བཙན་པོ་གཅེན་ལྷ་བལ་པོ་དང་གཅུང་མེས་ཨག་ཚོམ་སྐུ་མཆེད་གཉིས་ཀྱི་ཆབ་སྲིད་བརྟན་ཅིང་སྐུ་ཚེ་རིང་བའི་དོན་དུ་བསྔོ་ཞེས་པའི་དོན་ཡིན། ཏུན་ཧོང་གཏེར་ཡིག་ཏུ་མཐོང་བའི་བསྔོ་ཡིག་ནི་ཕལ་ཆེར་བཙན་པོ་རལ་པ་ཅན་ཁྲི་གཙུག་ལྡེ་བཙན་གྱི་སྐབས་སུ་བྱུང་བ་འབའ་ཞིག་ཡིན་ཏེ། དཔེར་ན་མཚུར་ཕུའི་རྡོ་རིང་དུ་“ བཙན་པོ་ལྷ་སྲས། ཁྲྀ་གཙུག་ལྡེ་བརྩན་འཕྲུལ་གྱི་བཀའ་དྲྀན། ཞང་ཉ་སྟོ་ལ་ཆེད་སྩལད་པས་བཀའ་དྲྀན་ཆེན་པོ་གསབ་པའྀ་ཕྱིར། ། བཙན་པོ་སྐུ་ཡོན་དུ་བསྔོས་ཏེ་”②ཞེས་པ་དང་། ཡང་གཏེར་ཡིག P. T999དུ་“ ལྷ་སྲས་ཁྲི་གཙུག་ལྡེ་བཙན་གྱི་སྐུ་ཡོན་དུ། །ཤ་ཅུར་རྒྱ་བོད་གྱྀ་དར་མ་ཚེ་དཔག་མྱེད་པ་བཞེངས་” ཞེས་པ། “ བཙན་པོ་ལྷ་སྲས་འུའི་དུན་བརྟན་ཀྱྀ་སྐུ་ཡོན་དུ་བསྔོ་བའི་སྨོན་ལཾ་གསོལ་པཱ། །” ③ ཞེས་པ་སོགས་ལྟར་བསྔོ་ཡིག་དེ་དག་གི་ཚིག་འགྲོས་དང་ནང་དོན་ཕལ་ཆེར་གཅིག་འདྲ་ཡིན། སྔོན་ཆད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་དུ་བཙན་པོ་མེས་ཨག་ཚོམ་ལ་གཅེན་ལྷ་བལ་པོའམ་ལྷ་བལ་ཕོ་ཞེས་པ་ཞིག་ཡོད་ཚུལ་ཀུན་ནས་གླེང་མ་མྱོང་མོད། འོན་ཀྱང་། མི་ལོ་ཆིག་སྟོང་སུམ་བརྒྱར་ཉེ་བའི་ཡར་སྔོན་གྱི་དྲིལ་བུའི་ཁ་བྱང་གི་དན་རྟགས་འདི་དང་ལོ་རྒྱུས་རྒན་པོས་སྨྱུག་རྩེས་མ་རེག་པའི་ཏུན་ཧོང་གཏེར་ཡིག་གི་ལོ་ཚིགས་ཀྱི་བདེན་དཔང་ལས་བཙན་པོ་གཅེན་གཅུང་དེ་གཉིས་ཀྱི་ལོ་རྒྱུས་ཀྱི་མི་གསལ་སེང་རས་ཀུན་ནས་ཕྱེ་བ་ཡིན། དེ་ཡང་ཐོག་མར་བཙན་པོ་གཅེན་ལྷ་བལ་པོའི་འཁྲུངས་འདས་དང་མཛད་རྗེས་སོགས་ཀྱི་ཐད་ནས་དབྱེ་ཞིབ་ཅུང་ཟད་བྱེད་དགོས་ཏེ། བཙན་པོ་འདིའི་འཁྲུངས་འདས་ཀྱི་དཔྱད་གཞིར་འཕེར་བའི་ཡིག་ཆ་མང་པོ་མེད་མོད། ཏུན་ཧོང་གཏེར་ཡིག་གི་བཙན་པོ་རིམ་བྱུང་གི་ལོ་ཚིགས་གནད་བསྡུས་ན། སྦྲུལ་གྱྀ་ལོ་ལ་བབ་སྟེ། །(སྤྱི་ལོ705) བཙན་པོ་སྲས: རྒྱལ: གཙུག་རུ་དང་། པྱྀ་ཁྲྀ་མ་ལོད: དྲོན་ན་བཞུགས། ལྡེག་རེན་པའ: མནོན: སྣང་གྲགས: དང་། ཁེ་རྒད་མདོ་སྣང་ལས: སྩོགས:  པ: ལོག་སྟེ: བོན་མོ: ན་ལ་ཙེར: ལྡེག་རེན་པ་ལོག་པ་རྣམས: བཀུམ། པོང་ལག་རང་དུ:བཙན་པོ་གཅེན་ལྷ་བལ་པོ་རྒྱལ་ས་ནས་: ཕབ། བཙན་པོ་ཡབ: ཁྲི་འདུས་སྲོང་གྱྀ: དཔུར། མེར་ཀའི་རྀང: ཁང་ན་བཞུགས། དགུན་བཙན་པོ་རྒྱལ: གཙུག་རུ་དང་། པྱྀ་ཁྲྀ་མ་ལོད་ཞུར་ན་བཞུགས། ཁུ་ང་( ཁུ)མང་པོ་རྗེ་ལྷ་ཟུང་། བློན་ཆེན་པོར་བཀའ་སྩལད། དེའི་རྗེས་ལ: གླིང་རིངས་ཙལདུ་: ཁུ་མང་པོ་རྗེ་ལྷ་ཟུང་། ལ: བཀྱོན་ཕབ། དབའས: ཁྲི་གཟིགས:ཞང་ཉེན: བློན་ཆེན་ཕོར་:བཀའ་སྩལདེ། སེརྀབ་ལོག་པར་ལོ་གཆྀག” ④ ཅེས་པ་ལྟར་བཙན་པོ་ཡབ་ཁྲི་འདུས་སྲོང་སྤྱི་ལོ་704ལོར་འཇང་ཡུལ་ནས་སྐུ་གཤེགས་རྗེས་ལྷ་སྲས་ཆེ་བ་བལ་བོ་རྒྱལ་སར་བཀོད་ཡོད་ཀྱང་ལོ་གཅིག་ཙམ་གྱི་རྗེས་ནས་ཁོང་རྒྱལ་ས་ནས་ཕབ་ཚུལ་གསལ་བ་མ་གཏོགས། སྐུ་འཁྲུངས་འདས་ཀྱི་དཔྱད་གཞི་ཞིག་མེད་པ་རེད། ཡིན་ན་ཡང་བཙན་པོ་སྐུ་གོང་མ་དག་གིས་རྒྱལ་སྲིད་བཞེས་སྐབས་དགུང་ལོ་བཅུ་གཉིས་ཡས་མས་( སྲོང་བཙན་དང་མང་སྲོང་གཉིས་ཀྱིས་བཅུ་གསུམ་ཐོག་ཏུ་རྒྱལ་སྲིད་བཞེས་པ་དང་འདུས་སྲོང་གིས་བཅུའི་ཐོག་རྒྱལ་སྲིད་བཞེས་)ཡིན་པ་དེ་དག་ལ་བསྟུན་ན། བཙན་པོ་གཅེན་ལྷ་བལ་པོ་འདི་སྤྱི་ལོ་614ཡས་མས་ལ་འཁྲུངས་ངེས་པ་དང་། འདས་ལོ་ནི་བྱི་བ་ལོ་སྟེ་སྤྱི་ལོ712ལོར་“ བཙན་པོ་མཚན་རྒྱལ་: གཙུག་རུ་ལས། ཁྲྀ་ལྡེ་གཙུག་རྩན་དུ་གསོལད་” ཞེས་བཙན་པོ་མེས་ཨག་ཚོམ་སྐུ་ཆུང་དུས་ཀྱི་མཚན་རྒྱལ་གཙུག་རུ་དེ་ཁྲི་ལྡེ་གཙུག་བཙན་དུ་གསོལ་བའི་རྗེས་ཀྱི་མི་རིང་བའི་ལོ་ག་གེ་མོ་ཞིག་ལ་རེད་ཟེར་བ་ལས་འདི་ཡིན་ཁ་ཚོན་གཅོད་དཀའ་བ་རེད།
          ཞངལྷསྒྲརྒྱལསླེབསསྤད དྲིལ་བུ་འདིའི་འགྲོ་སོང་འབུལ་མཁན་གྱི་ཡོན་བདག་ཞང་བློན་ལྷ་སྒྲ་རྒྱལ་སླེབས་ཕ་བུ་སྟེ། བཙན་པོ་ཁྲི་ལྡེ་གཙུག་བཙན་སྐུ་འཚོ་རིང་གི་སྤྱི་ལོ་704ནས་སྤྱི་ལོ་755བར་གྱི་ཏུན་ཧོང་གཏེར་ཡིག་གི་ལོ་ཚིགས་གནད་བསྡུས་ན་ཞང་གི་ཐབས་ཅན་གྱི་བློན་པོ་དྲུག་གི་མིང་ཡོད་པའི་ནང་དང་། ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་《བཙན་པོ་ལྡེ་བྲུ་བོ་གནམ་གཞུང་ནས་བཟུང་བའི་བློན་པོ་བྱས་པའི་རབས་》གང་ན་ཡང་ཞང་ལྷ་སྒྲ་རྒྱལ་སླེབས་ཟེར་བའི་བློན་པོ་ཞིག་མེད་པས། འདི་ཉིད་སྐབས་དེའི་གོ་གནས་ཆེས་མཐོ་བའི་བློན་པོའི་གྲས་མིན་ཡང་། བོད་མཐའ་ཁུལ་གྱི་བློན་པོ་དབང་ཅན་ཞིག་ཡིན་པ་གླེང་མེད་ཡིན་ལ། ཁྱད་པར་ཏུ་ཁོང་ཕ་བུ་གཉིས་ཀྱིས་རྒྱ་དང་ལི་ཡུལ་སོགས་མི་རིགས་གཞན་ནས་ཐུབ་བསྟན་གྱི་ཆོས་ལུགས་ནང་འདྲེན་བྱེད་པའི་བྱ་གཞག་ལ་མཛད་རྗེས་ཆེན་པོ་བཞག་གནང་ཡོད་ཚོད་རེད།
          ཇགརོངདགཱལྡནབྱིནཅེནགཙུགལགཁང ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་སྟེ། ཇག་རོང་ཞེས་པ་ས་མིང་སྟེ་གནའ་དུས་དཔའ་རིས་གཞུང་དྲུག་དུ་གྲགས་པའི་ནང་གསེས་ཀྱི་ལུང་གཞུང་ཞིག་ཡིན། དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་ཞེས་པའི་དགོན་སྡེ་འདི་བཞེངས་པའི་ལོ་རྒྱུས་རིང་ཞིང་དུས་འཁྲུག་སོགས་ཀྱི་གླིང་ལོག་དུ་མ་བྱུང་རྐྱེན་མཆོད་གཞིས་ལ་འཕོ་འགྱུར་མང་བ་དང་དགོན་མིང་ཡང་འགྱུར་ཡོད་པ་སོགས་ད་ལྟ་གང་ལ་ངོས་འཛིན་དགོས་མིན་གསལ་པོ་ཞིག་མི་ཤེས་མོད། ཇག་རོང་གཞུང་འདི་ན་ཡར་ལུང་དགོན་ཞེས་པ་ཞིག་ཡོད་པ་ནི་འདི་ཕྱོགས་ཀྱི་དགོན་སྡེ་གཞན་ལས་ལོ་རྒྱུས་རིང་བས་བཙན་པོའི་དུས་སྐབས་སུ་བཞེངས་པའི་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་དེ་ཡར་ལུང་དགོན་འདིའི་རྨང་གཞི་ཡིན་ཤས་ཆེ་སྟེ། དགོན་འདི་ལ་ལོ་རྒྱུས་ཐོག་དགོན་རྙིང་དང་དགོན་གསར་གཉིས་ཀྱི་དུས་རིམ་བྱུང་ཡོད་ཅིང་། དགོན་རྙིང་ནི་དུས་འཁྲུག་དབང་གིས་མེ་ལ་ཐིམ་ནས་ཤུལ་མེད་དུ་གྱུར་ཟིན་པ་དང་། དགོན་གསར་ནི་ད་ལྟ་དཔའ་རིས་རང་སྐྱོང་རྫོང་གི་ཆ། ཇག་རོང་སྲིབ་ཀྱི་ཁོངས་སུ་གཏོགས་པ། རྫོང་མཁར་ནས་ནུབ་བྱང་གི་ཕྱོགས་སུ་སྤྱི་ལེ་བཅོ་ལྔའི་མཚམས་ན་མཆིས། དགོན་འདིའི་ཆགས་ཡུལ་ནི་ཇག་རོང་དང་ཡར་ལུང་གཞུང་ཆུ་གཉིས་འདྲེས་མཚམས་སུ་གནས་པས་ཡོངས་གྲགས་སུ་ཡར་ལུང་དགོན་ཞེས་པའི་མིང་འདི་བྱུང་། 《མདོ་སྨད་ཆོས་འབྱུང་》དུ་དགོན་འདིའི་མིང་ལ་ཇག་རོང་ཡར་ལུང་ཐུར་ཆེན་དགོན་དགའ་ལྡན་བྱམས་པ་གླིང་ཞུ་ཞིང་། 《སུམ་པའི་ཆོས་འབྱུང་》དུ་དགའ་ལྡན་ཆོས་སྡིང་ཞེས་འབྱུང་། དགོན་འདི་ནི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་བཞི་པ་པཎ་ཆེན་ཡེ་ཤེས་རྩེ་མོའི་སྐྱེ་བ་རྟ་ནག་པ་ཀུན་དགའ་རྣམ་སྲས་ཀྱི་ཡང་སྲིད་དགོན་ལུང་གི་མཁན་པོ་ཉེར་གསུམ་པ་རྟ་ནག་སྤྲུལ་སྐུ་ཀུ་ཤྲི་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མས་བཏབ་པར་བཤད་ཡོད་ལ། དཔའ་རིས་བློ་བཟང་རྒྱ་མཚོས་མཛད་པའི་《ཆོས་སྡེ་ཆེན་པོ་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གི་ལོ་རྒྱུས་དཀར་ཆག་རབ་གསལ་མེ་ལོང་》ཞེས་པར། (རྟ་ནག་སྤྲུལ་སྐུ་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་) “ ལྕགས་སྦྲུལ་(སྤྱི་ལོ་1701) ལོར་དགོན་ལུང་གི་མཁན་ཁྲིར་བཞུགས་རྗེས་ཕྱོགས་འདིར་ཆར་འབེབས་ལན་གཉིས་མཛད་པ་ཙམ་ལས་ཆོས་སྡེའི་འཆད་ཉན་མཛད་ལོང་ཆེར་མ་བྱུང་འདུག”⑤ཅེས་པར་བརྟགས་ན། ཁོང་གིས་དགོན་པ་བཏབ་དུས་ཆེས་སྔ་ན་ཡང་སྤྱི་ལོ་1650ཡས་མས་ཀྱི་སྔོན་ལ་འདེད་མི་ཐུབ་པ་རེད། དེ་ལྟར་ན་དགོན་འདི་བཙན་པོའི་དུས་སྐབས་ནས་བཏབ་ཡོད་པ་ཞིག་ལ་ཡར་འདེད་མི་ཐུབ་སྙམ་མོད། དགོན་འདིའི་རྟེན་གྱི་ཁྲོད་ན་ད་ལྟ་བར་ཡོད་པའི་ཏ་མིང་ཡུང་ལོ་རྒྱལ་པོའི་ཁྲི་ལོ་བཅུ་བདུན་( སྤྱི་ལོ་1412)ལོར་བརྐོས་པ་མཆན་དང་བཅས་པའི་རྗེ་བཙུན་འོད་ཟེར་ཅན་མའི་རྡོ་སྐུ་དང་། གོང་གི་དཔའ་རིས་བློ་བཟང་གི་ཕྱག་རྩོམ་དུ་“ཏ་མེང་ཡུང་ལོ་རྒྱལ་པོའི་ཁྲི་ལོ་བཅོ་ལྔ་བར། ཡར་ལུང་དགོན་པའི་བྲག་སྒོའི་སྐེད་ན་རྗེ་བཙུན་བྱམས་པའི་རྡོ་སྐུ་ཆེན་མོ་རང་བྱུང་དུ་གྲགས་པར་ཇེ་གསལ་དུ་བརྐོས། མ་ནི་རང་བྱོན་འབུར་དུ་དོད་” ཅེས་བྱུང་བ་སོགས་ལ་གཞིགས་ན། ཀུ་ཤྲི་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་འཚོ་གཞེས་དུས་སྐབས་ཀྱི་སྔོན་ནས་དགོན་པ་འདི་ཡོད་པ་བདེན་དཔང་བྱེད་ཐུབ། དེ་ལྟར་ན་《མདོ་སྨད་ཆོས་འབྱུང་》སོགས་སུ་རྟ་ནག་སྤྲུལ་སྐུས་དགོན་པ་བཏབ་ཅེས་བྱུང་བ་དེ་ནི། དོན་དམ་དུ་སྔར་གྱི་དགོན་རྙིང་ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་རྒྱ་བསྐྱེད་བྱས་པའམ་ཡང་ན་དམག་འཁྲུག་སོགས་ཀྱི་དབང་གིས་དགོན་པར་གཏོར་བཤིག་ཐེབས་པར་ཉམས་གསོ་བྱས་པའི་དོན་ཡིན་ཤས་ཆེ། ལོ་རྒྱུས་ཐོག་དགོན་པ་འདིར་གཏོར་བཤིག་ཐེངས་མང་ཐེབས་ཡོད་ཚོད་དུ་སྣང་མོད། སྔོན་ཆད་ཀྱི་གནས་ཚུལ་བཀོད་པའི་དཔྱད་གཞི་མེད་པས་གསལ་པོར་རྟོགས་ཐབས་བྲལ། ལོ་རྒྱུས་ཐོག་དངོས་སུ་བཀོད་ཡོད་པ་ནི་དགོན་རྙིང་འདི་སྤྱི་ལོ་1723ལོ་སྟེ། གོང་མ་ཡུང་ཊིང་ཁྲི་ལོ་དང་པོ་ཆུ་ཡོས་ལོར་མཚོ་སྔོན་པོའི་ཉེ་འདབས་སུ་གནས་པའི་སོག་པོ་ཨོ་རོད་ཚོ་བཞིའི་ནང་གསེས་ཧོ་ཤོད་ཚོ་པའི་ཆིན་ཝང་བློ་བཟང་བསྟན་འཛིན་གྱིས་མཚོ་སྔོན་བོད་སོག་གི་སྣེ་དྲངས་ནས་ཆིན་གོང་མར་ངོ་ལོག་བྱེད་སྐབས་ཉན་ཀན་ཡོའི་དམག་དཔུང་གིས་མེར་བསྲེགས། དཔའ་རིས་བློ་བཟང་རྒྱ་མཚོའི་གསུང་རྩོམ་དུ་དགོན་པ་བསྐྱར་བཞེངས་མཛད་མཁན་ནི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཡིན་པར་བཤད་ཅིང་། “ རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཞེས་བགྱིས་ན་མཚན་མངོན་ཆེས་ཤིང་། དུས་དེར་དགག་བྱ་ཆེ་བས་གསང་བར་མཛད་པའི་མཚན་ལ་དྭགས་པོ་བླ་མའམ་ཨ་ལགས་ཤ་རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་སོགས་སུ་འབོད། དཔའ་རིས་ཇག་རོང་པས་འདིའི་སྐུ་ཕྲེང་རིམ་བྱོན་ལ་ཨ་ལགས་ཤ་རྒྱལ་སྲས་ཚང་དུ་འབོད”⑥ཅེས་བཀོད་ཡོད། རྒྱལ་སྲས་ཚང་གིས་དངུལ་སྲང་བརྒྱ་ཕྲག་འགའ་བཏང་གནང་ནས་དགོན་བསྐྱར་འདེབས་ཀྱི་ས་ཉོས་པ་དང་། ཤིང་འབྲུག་(སྤྱི་ལོ1724)ལོར་ལྟོ་འཕྱེའི་ཐིག་དང་ས་བརྟག་བསླང་སོགས་རྒྱུད་སྡེ་ནས་བཤད་པ་ལྟར་གནང་ནས་དབུ་བརྩམ་པར་མཛད་ཀྱང་། དེ་དུས་ད་དུང་དམག་འཁྲུག་མཇུག་སྒྲིལ་མེད་པས། མེ་ལུག་ལོ་(སྤྱི་ལོ་1727) བར་འགོར་འགྱང་བྱུང་ནས་ད་གཟོད་དགོན་པ་བཞེངས་འགོ་རྩོམ་ཐུབ་པ་དང་། ཡུང་ཊིང་ཁྲི་ལོ་བརྒྱད་པ་སྟེ་སྤྱི་ལོ་1730ལ་ཡོངས་སུ་འགྲུབ། བསྐྱར་བཞེངས་བྱས་པའི་དགོན་མིང་ལ་ཐོས་བསམ་དར་རྒྱས་གླིང་དུ་བཏགས་ཤིང་། གོང་མས་དགའ་ལྡན་ལེགས་ཚོགས་གླིང་དུ་བསྔགས། དགོན་གནས་དེ་རྒྱ་བོད་འདྲེས་མའི་ས་ཁུལ་དུ་ཡིན་པས་རྒྱ་སྐད་དུ་ཧྲི་མན་ཟི(石门寺)དང་དྭགས་པོ་བླ་མའི་མཚན་གྱིས་དྭགས་པོ་དགོན་(大宝寺) ཡང་ཟེར། དེ་ལྟར་ལྷ་བཟང་ཁང་གིས་ཁྲི་ལས་ཕབ་པའི་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་སྟེ་མི་མངོན་པའི་མཚན་ལ་དྭགས་པོ་བླ་མའམ་ཨ་ལགས་ཤ་རྒྱལ་སྲས་ཀུན་གྲོལ་ནོ་མོན་ཧན་ཞུ་བས་དགོན་པ་བསྐྱར་བཞེངས་གནང་རྗེས། ལོ་ངོ་ཉི་ཤུ་རྩ་ལྔའི་རིང་དགོན་བདག་དང་ཁྲི་པ་གཅིག་ལྕོགས་སུ་མཛད་ཅིང་། རབ་བྱུང་བཅུ་གཉིས་པའི་མེ་སྟག་སྟེ་སྤྱི་ལོ་1746ལོའི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་སྐུ་མྱ་ངན་ལས་འདས། བླ་མ་དེའི་རྗེས་ནས་སྤྱི་ལོ་1959བར་སྐུ་ཕྲེང་དྲུག་བྱོན་ཞིང་ཁོང་རྣམ་པས་དགོན་པ་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་ཆེན་པོ་བཞག དགོན་པ་བསྐྱར་བཞེངས་བྱས་ནས་ལོ་བརྒྱ་དང་སོ་དྲུག་སོང་བའི་ཐོང་ཀྲི་ཁྲི་ལོ་ལྔ་པ་སྟེ་སྤྱི་ལོ་1866ལ་ཀཱ་ཅིའི་མཱ་ཀྲན་ཨོ་(马占鳌) ཞེས་པའི་དམག་དཔུང་གིས་དཔའ་རིས་ཀྱི་ཡུལ་མི་ཁྲི་ཚོ་དགུ་དམར་གསོད་བྱས་ཤིང་དགོན་པ་མེ་བསྲེག་བཏང་བས་ཡང་ཐེངས་གཅིག་འཇིག་པར་བྱས།
          དགོན་འདིའི་ལོ་རྒྱུས་ལས་སྔ་ཕྱིར་དགོན་མིང་ཐེངས་དུ་མར་འགྱུར་བ་ནི་ལོ་རྒྱུས་ཀྱི་འཕོ་འགྱུར་མང་པོ་བྱུང་བ་དང་འབྲེལ་བ་ངེས་ཅན་ཡོད་ངེས་ཡིན་ཏེ། དགོན་པ་གནས་ཡུལ་གྱི་ཇག་རོང་གཞུང་འདིར་ཐོག་མར་སྡོད་མཁན་འ་ཞ་ཡིན་པ་ལས་སྤྱི་ལོ་638ལོ་ནས་བཟུང་བོད་ཀྱི་སྟོབས་ཤུགས་ཕྱོགས་འདིར་ཐོན་འགོ་ཚུགས་ཤིང་། ཕྱིས་སྤྱི་ལོ་659ནས་667བར་སློན་ཆེན་སྟོང་བཙན་སྔ་རྗེས་ལོ་བདུན་ཙམ་འ་ཞའི་ཡུལ་ལ་བཞུགས་ཏེ། འ་ཞ་དེ་བོད་ཀྱི་འབངས་རྣལ་མར་བཀུག དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་ཞེས་པའི་དགོན་སྡེ་འདི་ནི་ཧ་ལམ་སྤྱི་ལོ་659ལོ་ནས་བོད་ཀྱིས་འ་ཞ་ཡོངས་སུ་དབང་འོག་ཏུ་བསྡུས་རྗེས་བཞེངས་པ་ཡིན་པར་ངེས་ལ། དགོན་འདི་དང་ཐག་ཉེ་སའི་སྤེན་མདོ་ལུང་པ་ན་སྟོན་པ་གཙོ་འཁོར་གསུམ་གྱི་བྲག་བརྐོས་སྐུ་གཟུགས་ཡོད་པའི་ཁ་བྱང་ལ་“བཙན་པོའི་སྐུ་ཡོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་པ་ཀོར་ཡེ་ཤེས་དབྱངས་ཀྱིས་བགྱིས་”ཞེས་བཀོད་ཡོད་པ་ལས་ཀྱང་བཙན་པོའི་དུས་སྐབས་སུ་དཔའ་རིས་ཕྱོགས་དེ་ནི་བོད་ཀྱི་ཆོས་ལུགས་པ་འགྲོ་འོང་བྱེད་ས་ཞིག་ཡིན་པ་ཤེས་ཐུབ། བོད་སིལ་བུར་འཐོར་རྗེས་དཔའ་རིས་ཕྱོགས་འདི་ས་གནས་སྟོབས་ཤུགས་ཀྱིས་བཅད་བཟུང་བྱེད་པའི་ས་ཁུལ་ཏུ་གྱུར་པས། མཆོད་གཞིས་མི་སེར་དང་དགོན་པའི་གྲྭ་རྒྱུན་སོགས་ལ་འཕོ་འགྱུར་དུ་མ་བྱུང་ཡོད་པ་ནི་གླེང་མི་དགོས། ས་འདིའི་འཕོ་འགྱུར་ཆེན་པོ་ཐེངས་དང་པོ་ནི་བཙན་པོ་འུ་དུམ་བཙན་ལྷ་ལུང་དཔལ་རྡོར་གྱིས་སྐུ་བཀྲོངས་རྗེས་མཐའ་མཚམས་ཀྱི་བློན་པོ་རྣམས་ཀྱིས་ཕན་ཚུན་དབང་འོག་ཏུ་བསྡུ་བའི་དམག་འཁྲུག་ཆེན་པོ་བསླངས་པའི་སྐབས་ཡིན་སྲིད་ལ། རྒྱའི་ཐང་ཡིག་ཏུ་བཀོད་པ་ལྟར་ན། རྒྱ་དང་ས་མཚམས་འབྲེལ་སར་སྡོད་པའི་བྷོད་ཀྱི་དམག་དཔོན་ཞང་པེ་པེ་དང་ལོ་མིན་ཁྲོན་(今甘肃武山洛门一带) གྱི་ཐའོ་ཅི་ཧྲི་ཞང་ཁོ་བཞེར་བྱ་བ་སོགས་ཀྱིས་སྤྱི་ལོ842ནས866བར་ཏེ་ལོ་ཉེར་བཞིའི་རིང་བསྟུད་མར་དམག་འཁྲུག་བྱས་པས་སོ་སོའི་སྟོབས་ཤུགས་རྨང་མེད་དུ་གྱུར་བར་མ་ཟད། མཐའ་མར་ཝུན་མོ(温末) ཞེས་པའི་བྲན་གཡོག་གི་ཟིང་འཁྲུག་ལངས་ཏེ་བོད་ཁམས་ཡོངས་རྫོགས་དམག་འཁྲུག་གི་གཡོ་འགུལ་གྱི་ནང་དུ་ཚུད། དེའི་རྗེས་སུ་སྤྱི་ལོ་1001ལོར་དཔའ་རིས་གཞུང་དྲུག་གི་རྗེ་བོ་འཕན་བློ་གྲོས་བྱ་བ་དེས་མི་ཉག་རྒྱ་རྒོད་ཀྱི་རྗེ་བོ་ལི་ཅི་ཆན་( 李继迁) བློ་ཐབས་ཀྱིས་བསད་པར་རྐྱེན་བྱས་ནས་དེའི་བུ་ལི་ཏེ་མིན་(李德明)གྱིས་ཕའི་དགྲ་ཤ་ལེན་ཆེད། སྤྱི་ལོ་1004ལོར་འཕན་བློ་གྲོས་ཀྱི་མངའ་འོག་ལ་ལྐོག་རྔན་སྤྲད་ནས་འཕན་བློ་གྲོས་བསད་ཅིང་ཇག་རོང་ཚོ་པ་བཅུ་གསུམ་དང་བཅས་པའི་དཔའ་རིས་གཞུང་དྲུག་ཐམས་ཅད་མི་ཉག་གི་དབང་འོག་ཏུ་བསྡུས། དེའི་རྗེས་སུ་ཙོང་ཁའི་ཇོ་སྲས་སྲིད་དབང་གིས་ཀྱང་ཕྱོགས་འདིར་ཤུགས་རྐྱེན་ཐེབས་ཡོད་མོད། ས་འདིར་དབང་བསྒྱུར་སྲ་བརྟན་ཞིག་ཆགས་ཐུབ་མེད། སྤྱི་ལོ་1204ནས་1227ལོ་བར་ཇིང་གིར་ཧན་( 成吉思汗) དམག་དཔུང་དང་མི་ཉག་( 西夏) དབར་དམག་འཁྲུག་ཆེན་པོ་ཐེངས་གསུམ་བརྒྱབ་རྗེས་ཇག་རོང་(者龙 ) ས་ཁུལ་གྱི་བདག་དབང་ཡོན་རྒྱལ་རབས་ཀྱིས་བཟུང་བ་དང་སྦྲགས་ཇག་རོང་སྨད་ལ་ས་མིང་庄浪(འབྲོག་ལུང )ཞེས་པར་བཏགས། དེ་ནས་ཡང་ཆིན་རྒྱལ་རབས་སྐབས་སུ་ཉན་ཀན་ཡོས་ས་ཁུལ་འདིའི་ངོ་ལོག་ཞི་འཇགས་བཏང་རྗེས་ཕིན་ཧྥན་རྫོང( 平番县)དུ་བཏགས་པ་དང་། མིན་གོ་ཁྲི་ལོ་12པ་སྤྱི་ལོ་1927ལོར་གོ་མིན་ཏང་སྲིད་གཞུང་གིས་རྫོང་མིང་དེར་གྲངས་ཉུང་མི་རིགས་ལ་དམའ་འབེབས་བྱེད་པའི་ནང་དོན་ཡོད་པར་བསམས་ནས་ཡུང་ཏིན་( 永登) རྫོང་ཞེས་པར་བཅོས་པ་དང་། བཅིངས་འགྲོལ་བྱས་རྗེས་སྔར་གྱི་དཔའ་རིས་ཇག་རོང་གཞུང་འདི་ཡུང་ཏིན་དང་ཐེན་ཀྲུའུ་རྫོང་(天祝县)གཉིས་ལ་འདུ་བར་བྱས། གོང་སྨྲས་དེ་དག་ནི་ལོ་ངོ་སྟོང་ལྷག་གི་རིང་ལ་དགོན་སྡེ་འདིའི་གནས་ཡུལ་ལ་བྱུང་བའི་འཕོ་འགྱུར་གྱི་གནས་ཚུལ་རགས་བསྡུས་ཙམ་ཡིན། གཞན་དུ་ན་ཡར་ལུང་དགོན་འདི་བསྐྱར་བཞེངས་བྱས་རྗེས་ཀྱང་དགོན་མིང་ཁྲོད་ནས་“དགའ་ལྡན་” ཞེས་པ་དོར་མེད་པ་ནི་སྔར་གྱི་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་དགོན་མིང་གཞིར་བཟུང་བར་ངེས།
          སེམསཅཐཾསཅདབླནམྱེདདེབྱངཅུབཀྱྀརྒྱུབཔརསྨོནཏོ ཚིག་འདིའི་བསྐུང་ཡིག་བཀྲོལ་ན་“སེམས་ཅན་ཐམས་ཅད་བླ་ན་མེད་དེ་བྱང་ཆུབ་ཀྱི་རྒྱུ་ཐོབ་པར་སྨོན་ཏོ་” ཟེར་དགོས་ཏེ། འདི་ལ་བོད་ཀྱིས་ཐུབ་བསྟན་དང་ལེན་བྱས་རྗེས་ཀྱི་སྨོན་ཚིག་སྤྱིའི་ཁྱད་ཆོས་ཡོད་པ་ནི། དཔེར་ན། བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་སྨོན་ཚིག་ལ། “ ལྷ་བཙན་པོ་ཁྲྀ་སྲོང་ལྡེ་བརྩན་ཡབ་སྲས་སྟངས་དབྱལ་གསུང་དབྱངས་དྲུག་ཅུ་སྒྲ་དབྱངས་དང་ལྡན་ཏེ་བླ་ན་མེད་པའྀ་བྱང་ཆུབ་དུ་གྲུབ་པར་སྨོནད་ཏོ། །” ཞེས་པ་དང་། བཙན་པོ་ལྷ་སྲས་འུའི་དུན་བརྟན་གྱྀ་སྐུ་ཡོན་དུ་བསྔོ་བའི་སྨོན་ལམ་ལས། “ བཙན་པོ་ལྷ་སྲས་འུའི་དུན་བརྟན་གྱི་ཞ་སྔ་ནས་ཀྱང་འགྲོ་བ་མང་པོའྀ་དགེ་བའྀ་བཤེས་གཉེན་བྱང་ཆུབ་གྱྀ་སྤྱོད་པ་རྒྱུན་མྱྀ་ཆད་པར་མཛད་པར་སྨོན་ནོ།”ཞེས་པ། བཙན་པོ་ཁྲི་གཙུག་ལྡེ་བརྩན་འཁོར་དང་བཅས་པའི་སྨོན་ལམ་དུ་གསོལ་བའི་ཡི་གེར། “ བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་ཞ་སྔ་ནས། དཔག་ཏུ་མེད་པར་སྐུ་ཚེ་རིང་ལ། ། མངའ་ཐང་ཆེ། ཐུགས་ལ་དགོངས་སོ་འཙལ་འབྱོརད་གྲུབ་སྟེ་འཁོར་ལོ་སྐོར་བའི་རྒྱལ་པོ་དང་འདྲ་བར་གླིང་བཞི་རྒྱལ་ཁམས་གཞན་ལ་ཡང་མངའ་མཛད་ཅིང་མཐར་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པར་སྨོན་ཏོ་”⑦ ཞེས་པ་སོགས་ཚང་མར་སངས་རྒྱས་ཀྱི་རྒྱུ་ཐོབ་པའི་སྨོན་ལམ་བཏབ་ཡོད་པ་ལྟ་བུ་རེད།
          ལྕགསཀོང x x གིསཡིགེབྲྀསྟེ འདི་ནི་དྲིལ་བུའི་ཁ་བྱང་གི་ཡི་གེ་འབྲི་མཁན་གྱི་མིང་ཡིན་ལ། མིང་གི་ཡི་གེ་གཉིས་ངོས་འཛིན་མ་ཐུབ་པ་ཕངས་པར་བྱུང་།
          དགེ་སློངཆོསཔྲྀནགྱྀསབླུགསོ འདི་ནི་དྲིལ་བུ་ལྡུག་མཁན་གྱི་བཟོ་བོ་ཡིན་ཏེ། ཆོས་དྲིན་ཞེས་པ་ཆོས་ཕྲིན་ནམ་ཆོས་ཀྱི་ཕྲིན་ལས་ཞེས་པ་ཚིག་བསྡུ་བྱས་པར་ངེས། འདི་ལས་སྐབས་དེར་བོད་ལ་ལྕགས་རིགས་ལས་སྣོན་བྱེད་ཐུབ་པའི་ལག་རྩལ་དར་ཡོད་པ་གསལ་པོར་མཚོན་ཞིང་། དགེ་སློང་ཆོས་སྲིན་ནི་མིག་སྔར་ཡིག་ཐོག་ཏུ་བཀོད་པ་ཆེས་སྔ་བའི་བཙུན་པ་ཡིན་པས། བོད་ལ་སད་མི་མི་བདུན་གྱི་སྔོན་ནས་རབ་ཏུ་བྱུང་བའི་བཙུན་པ་ཡོད་པ་བདེན་དཔང་བྱས།
          གཉིས་པ། དྲིལ་བུའི་ཁ་བྱང་གི་ཚིག་གོ་བདེར་བཀྲལ་བ།
          ༄༅། །བོད་ཀྱི་ལྷ་བཙན་པོ་ཁྲི་ལྡེ་གཙུག་བརྩན་སྤུན་མཆེད་གཉིས་ཀྱི་སྐུ་ཡོན་དུ་བསྔོ་བའི་ཕྱིར། ཞང་བློན་ལྷ་སྒྲ་རྒྱལ་སླེབས་ཕ་སྤད་ཀྱིས་ཇག་རོང་དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་མཆོད་པའི་རྐྱེན་དུ་དྲིལ་བུ་ཆེན་པོ་ཞིག་ཕུལ་བའི་དགེ་བའི་ཕན་ཡོན་གྱིས་ཡོན་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཐོབ་པར་སྨོན་ནོ། །དྲིལ་བུ་འདི་ལྕགས་ཀོང་x x གིས་ཡི་གེ་བྲིས་ཤིང་དགེ་སློང་ཆོས་ཕྲིན་གྱིས་བླུགས་སོ། །
          གསུམ་པ། དྲིལ་བུའི་ཁ་བྱང་གི་ནང་དོན་དང་ཚིག་གི་ཁྱད་ཆོས་ལ་དཔྱད་པ།
          དྲིལ་བུའི་ཁ་བྱང་གི་ནང་དོན་གྱི་ཆ་ནས་བསྔོ་སྨོན་ཞུ་ཡུལ་དང་། ཡོན་བདག བསྔོ་བ་འབུལ་གནས། བསྔོ་སྨོན། ཡིག་མཁན། བསྔོ་བའི་ཡོ་བྱད་བཟོ་མཁན་བཅས་ཁག་དྲུག་གིས་གྲུབ་ཡོད་པ་རེད། །
          བསྔོ་སྨོན་ཞུ་ཡུལ། དྲིལ་འདིའི་ཁ་བྱང་གི་ཡི་གེའི་ཐོག་མར། “ ༄། །བོདཀྱྀལྷབཙནཔོཁྲིལྡེགཙུགབརྩནམཅེདཀྱིསྐུཡྣོདུབསྔོསྟེཿ” ཞེས་འབྱུང་བ་ལས། ཡོན་བདག་གིས་གང་ཟག་སུ་ཞིག་གི་དོན་དུ་དགེ་རྩ་སྒྲུབ་པ་ཞལ་གསལ་བ་ཡིན། བོད་གྱི་གནའ་དྲིལ་གཞན་གསུམ་དང་གཏེར་ཡིག་ཏུ་བྱུང་བའི་བསྔོ་ཡིག་དག་དང་བསྡུར་ནས་དཔྱད་ན་ཚིག་གི་གོ་རིམ་སྒྲིག་ཚུལ་གྱི་སྔ་གཞུག་མི་འདྲ་བ་ཙམ་མ་གཏོགས་ནང་དོན་ཕལ་ཆེར་འདྲ་སྟེ། དཔེར་ན། 《བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་སྨོན་ཚིག》ལས། “ ༄༅། །ཇོ་མོ་རྒྱལ་མོ་བརྩན་ཡུམ་སྲས་ཀྱྀས་ཕྱོགས་བཅུའྀ་དཀོན་མཆོག་གསུམ་ལ་མཆོད་པའྀ་སླད་དུ་ཅོང་འདི་བགྱིས་” ཞེས་པ་དང་། 《ཁྲ་འབྲུག་དགོན་པའི་དྲིལ་བུའི་ཁ་བྱང་སྨོན་ཚིག》ཏུ། “བཙན་པོ་ཁྲི་ལྡེ་སྲོང་བརྩན་སྐུ་ཡོན་ངྔ་། སེམས་ཅན་ཐམས་ཅད་དགེ་བ་ལ་བསྐུལ་བའྀ་ཕྱིར། ཡོན་བདག་ཇོ་མོ་བྱང་ཆུབ་ཀྱིས་བགྱྀས་”ཞེས་པ་ལྟ་བུ་དང་། དེ་བཞིན་དུ་《མཚུར་ཕུའི་རྡོ་རིང་གི་ཡི་གེ་》རུ། “ བཙན་པོ་ལྷ་སྲས། ཁྲྀ་གཙུག་ལྡེ་བཙན་འཕྲུལ་གྱི་བཀའ་དྲྀན། ཞང་ཉ་སྟོ་ལ་ཆེད་སྩལད་པས་བཀའ་དྲྀན་ཆེན་པོ་གསབ་པའི་ཕྱིར། །བཙན་པོ་སྐུ་ཡོན་དུ་བསྔོས་ཏེ་” ཞེས་པ་དང་། 《ཏུན་ཧོང་གཏེར་ཡིག་ཏུ་བྱུང་བའི་བསྔོ་ཡིག》ཏུ། “ ལྷ་སྲས་ཁྲི་གཙུག་ལྡེ་བརྩན་གྱི་སྐུ་ཡོན་དུ། །ཤ་ཅུར་རྒྱ་བོད་གྱྀ་དར་མ་ཚེ་དཔག་ཏུ་མྱེད་པ་བཞེངས་” ཞེས་པ། “ ༄། །བཙན་པོ་ལྷ་སྲས་འུའྀ་དུན་བརྟན་ཀྱྀ་སྐུ་ཡོན་དུ་བསྔོ་བའི་སྨོནལཾ་སྨོན་དུ་གསོལ་པཱ། །” ཞེས་པ་སོགས་འདི་དག་ཐམས་ཅད་ལ་སྐབས་དེའི་ཆབ་སྲིད་ཀྱི་དབང་ཆ་ཆེས་མཐོ་བའི་བཙན་པོའི་ཆེད་དུ་དགེ་རྩ་བསྔོ་བའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པས། དེའི་ཐོག་ནས་བཙན་པོའི་དུས་སྐབས་སུ་དྲིལ་བུ་དང་རྡོ་རིང་སོགས་བཞེངས་ནས་དགེ་རྩ་བསྔོ་བའི་དོན་དེ་འབངས་མི་ཕལ་པ་ཕར་ཞོག་བློན་ཆེན་རྣམས་ལའང་དེ་འདྲའི་བརྩི་མཐོང་ཐོབ་དཀའ་བ་ཤེས་ཐུབ།
          ཡོན་བདག དྲིལ་བུ་འདིའི་ཡོན་བདག་ནི་“ཞངལྷསྒྲརྒྱལ་སླེབསསྤྱད” ཡིན། དེས་ན་བསམ་ཡས་དྲིལ་བུ་དང་ཁྲ་འབྲུག་དྲིལ་བུ་གཉིས་ཀའི་ཡོན་བདག་ནི་“ཇོ་མོ་རྒྱལ་མོ་བརྩན་” ཡིན་ཀྱང་། བསམ་ཡས་དྲིལ་བུར་“ཡུམ་སྲས་”ཞེས་ཡོད་པ་དང་། ཁྲ་འབྲུག་དྲིལ་བུར་“ ཡོན་བདག་ཇོ་མོ་བྱང་ཆུབ་” ཅེས་རབ་བྱུང་གི་མིང་ཁོ་ན་ལས་བཀོད་མེད་པར་བལྟས་ན། བསམ་ཡས་དྲིལ་བུ་དེ་ཡོན་བདག་བཙུན་མོ་འདི་རབ་ཏུ་མ་བྱུང་གོང་བླུགས་པ་དང་། ཁྲ་འབྲུག་དྲིལ་བུ་ནི་རབ་ཏུ་བྱུང་རྗེས་བླུགས་པ་ཨེ་ཡིན་སྙམ།
          བསྔོ་བ་འབུལ་གནས། དྲིལ་བུ་འདི་བགྱིས་ཏེ་བསྔོ་བ་འབུལ་གནས་ནི་“ཇགརོངདགཱལྡནབྱིནཅེནགཙུགལགཁང” ཞེས་ས་ཁུལ་གང་ཞིག་གི་དགོན་སྡེ་གང་ཞིག་ཡིན་པ་གསལ་ན་ཡང་། བསམ་ཡས་དང་བྲག་ཡེར་པ། ཁྲ་འབྲུག་གི་དྲིལ་བུ་གསུམ་པོར་ནང་དོན་འདི་བཀོད་མེད། ཚིག་འདི་ནི་དྲིལ་བུ་གང་ནས་བྱུང་བའི་གནས་ཚུལ་རྟོགས་བྱེད་ལ་ཕན་པ་ཞིག་ཡིན་པས། དྲིལ་བུ་འདི་ཤིན་ཏུ་རྩ་ཆེ་ཚུལ་གྱི་གནད་དུ་གྱུར་ཡོད།
          བསྔོ་སྨོན། ཚིག་འདིས་ཡོན་བདག་གིས་དགེ་རྩ་གང་ཞིག་སྒྲུབ་པར་འབྲས་བུ་ཅི་ཞིག་འབྱུང་བར་རེ་བའི་འདུན་པ་མཚོན་ཡོད་དེ། དྲིལ་ཆེན་བཞེངས་པའི་ཕན་ཡོན་གྱིས་“ཡྣོབདགདངསེམསཅཐཾསཅདབླནམེདདེབྱངཅུབཀྱྀརྒྱུབཔརསྨོནཏོ” ཞེས་པ་དང་། བསམ་ཡས་དྲིལ་བུའི་ཁ་བྱང་དུ་“ཅོང་འདི་བགྱིས་ཏེ་དེའི་བསོད་ནམས་ཀྱྀ་སྟོབས་ཀྱྀས་ལྷ་བཙན་པོ་ཁྲྀ་སྲོང་ལྡེ་བརྩན་ཡབ་སྲས་སྟངས་དཔྱལ་གསུང་དབྱངས་དྲུག་ཅུ་སྒྲ་དབྱངས་དང་ལྡན་ཏེ་བླ་ན་མེད་པའྀ་བྱང་ཆུབ་དུ་གྲུབ་པར་སྨོནད་ཏོ” ཞེས་དྲིལ་བུ་འདི་གཉིས་ལ་བསྔོ་སྨོན་གྱི་ནང་དོན་ཐོན་ཡོད་ཀྱང་། བྲག་ཡེར་པ་དང་ཁྲ་འབྲུག་དྲིལ་བུར་ནང་དོན་འདི་གསལ་པོ་ཐོན་མེད། །
          ཡིག་མཁན། ཁ་བྱང་གི་ཡི་གེ་འབྲི་མཁན་གྱི་མིང་བཀོད་ཡོད་པ་ནི་དྲིལ་བུ་འདི་ཁོ་ནའི་ཁྱད་ཆོས་ཤིག་ཡིན་ཏེ། བསམ་ཡས་དང་ཁྲ་འབྲུག བྲག་ཡེར་པའི་དྲིལ་བུ་གསུམ་པོར་ནང་དོན་འདི་བཀོད་མེད་པ་རེད། །
          བསྔོ་བའི་ཡོ་བྱད་བཟོ་མཁན། ཁྲ་འབྲུག་གི་དྲིལ་བུའི་ཁ་བྱང་དུ།“ ཡོན་བདག་ཇོ་མོ་བྱང་ཆུབ་ཀྱིས་བགྱྀས་ནྶམཁྱེན་ཕོ་རྒྱའྀ་དགེ་སློང་རིན་ཅེན་གྱྀས་བླུགས་སོ་” ཞེས་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་རབ་ཏུ་བྱུང་རྗེས་ཆོས་མིང་དུ་བྱང་ཆུབ་རྗེ་ཞེས་པས་སྦྱིན་བདག་བྱས་ཤིང་རྒྱའི་དགེ་སློང་རིན་ཆེན་གྱིས་ལུགས་སུ་བླུགས་པ་ཞིག་ཡིན། དགེ་སློང་རིན་ཆེན་ནི་རྒྱ་ཡུལ་དུ་སྔོན་ནས་དར་ཡོད་པའི་ལྕགས་རིགས་བཙོ་སྦྱང་གི་ལག་རྩལ་ལ་བྱང་ཆ་ལྡན་ཞིང་དྲིལ་བུ་ལྡུག་མཁས་པ་ཞིག་ཡིན་པ་གོར་མ་ཆག་སྟེ། ཁོང་གི་མིང་གི་སྔོན་དུ་“ མཁྱེན་ཕོ་” ཞེས་ཡི་གེ་བཀོད་པ་ལས་ཀྱང་སྐབས་དེའི་བོད་མིས་ཁོང་ལ་གདེང་འཇོག་མཐོ་པོ་བྱེད་ཚུལ་ཤེས་ཐུབ། ཡིན་ནའང་ཇག་རོང་གི་དྲིལ་བུ་འདིའི་ཁ་བྱང་དུ། “ དགེ་སློངཆོསཔྲྀནགྱྀསབླུགསོ” ཞེས་དགེ་སློང་དེ་རྒྱའམ་མི་རིགས་གཞན་ཞིག་ཡིན་ཚུལ་བཀོད་མེད་པ་ལས། སྐབས་དེའི་རྒྱུ་དང་ལི་ཡུལ་སོགས་དང་འབྲེལ་བའི་མཐའ་ཁུལ་དག་ན་དྲིལ་བུ་སོགས་བཟོ་ཤེས་པའི་བོད་མི་ཡང་ཡོད་པ་ཤེས་ཐུབ།
          བཞི་པ། དྲིལ་བུའི་ཁ་བྱང་ལས་མཚོན་པའི་ལོ་རྒྱུས་དོན་རྐྱེན་ལ་དཔྱད་པ།
          གཅིག ཇག་རོང་དྲིལ་བུ་ནམ་བཞེངས་ཀྱི་དུས་ཚོད་ལ་དཔྱད་པ།
          དྲིལ་བུ་འདི་ནི་བཙན་པོ་མེས་ཨག་ཚོམ་ཁྲི་ལྡེ་གཙུག་བརྩན་སྐུ་ཆུང་དུས་མཚན་རྒྱལ་གཙུག་རུར་བཏགས་ཡོད་པ་ལས། སྤྱི་ལོ་712ལོར་ཁྲི་ལྡེ་གཙུག་བརྩན་དུ་གསོལ་ཏེ་རྒྱལ་སྲིད་དངོས་སུ་བསྐྱངས་རྗེས་ཀྱི་དུས་མི་རིང་བར་བཞེངས་པར་ངེས་ཏེ། མི་རིང་བར་བཞེངས་ཟེར་དོན་ནི་དྲིལ་བུའི་ཁ་བྱང་དུ་“བཙནཔོཁྲིལྡེགཙུགབརྩནམཅེདཀྱིསྐུཡྣོདུབསྔོསྟེཿ” ཞེས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་སྐུ་མཆེད་བཙན་པོ་གཅེན་ལྷ་བལ་པོ་ནི་ཕུ་ནུ་དབར་གྱི་འགལ་བའི་དབང་གིས་དེ་སྔོན་སྤྱི་ལོ705ལོར་རྒྱལ་ས་ནས་ཕབ་ཟིན་ཀྱང་། དྲིལ་བུའི་ཁ་བྱང་གི་ཡི་གེར་ཆབ་སྲིད་ཀྱི་འགལ་རྐྱེན་དེ་འདྲ་ཞིག་བྱུང་བའི་གནས་ཚུལ་མི་མཚོན་པར་བཙན་པོ་གཅེན་གཅུང་གཉིས་ལ་ཁྱད་མེད་དུ་བསྔོ་སྨོན་ཞུས་ཡོད་པས་ཡིན། སྤྱིར་བཙན་པོ་གཅེན་གཅུང་གཉིས་ནི་རྒྱལ་སྲིད་ཀྱི་རྩོད་ཟླར་གྱུར་ཡོད་མོད། རྒྱལ་ཁ་ཐོབ་པའི་གཅུང་ཁྲི་ལྡེ་གཙུག་བཙན་གྱིས་སྔོན་ནས་དཔེ་ལྟ་ས་ཡོད་པ་ནང་བཞིན་ཆབ་སྲིད་ཀྱི་དབང་ཆའི་ཆེད་དུ་གཉེན་ཉེའི་དབར་ཡང་ཁྱོད་ཤི་ང་གསོན་བྱེད་པའི་ལས་དེ་འདྲའི་རྗེས་སུ་མ་སོང་པ་ནི། ཨ་ཕྱི་ཁྲི་མ་ལོད་ཀྱི་ནུས་པ་གལ་ཆེན་ཐོན་མེད་པ་མི་སྲིད། དོན་དུ་གཅེན་བལ་པོ་རྒྱལ་ས་ནས་ཕབ་པ་ནི་བཙན་མོ་ཨ་ཕྱི་ཁྲི་མ་ལོད་ཀྱི་བྱེད་ལས་ལ་རག་ལས་ཏེ། གཅེན་བལ་པོ་བཙན་པོར་ཁྲི་འདོན་བྱེད་པར་རྒྱབ་སྐྱོར་བྱེད་པའི་བློན་པོ་ལྡེག་རེན་པའ་མནོན་སྣང་གྲགས་དང་། ཁེ་རྒད་མདོ་སྣང་ལ་སོགས་པར་བཀའ་བཀྱོན་ནན་པོས་སྲོག་ཁྲིམས་བཅད་ཀྱང་། ཨ་ཕྱིས་ལྷ་སྲས་བལ་པོར་དེ་ལྟར་མཛད་མེད། དེ་ནི་གཅིག་དུ་ན་བཙན་པོ་གཅེན་གཅུང་གཉིས་ཀ་ཁྱད་མེད་དུ་ཁོང་གི་ཤ་ལས་ཆད་པའི་རུས་རྒྱུད་ཡིན་པས། གདུང་རྒྱུད་གཅིག་གི་ནང་ཁུལ་དུ་དེ་འདྲ་ཡ་ང་བའི་ལག་ཐབས་སྤྱོད་མི་འདོད་པ་དང་། གཉིས་སུ་བཙན་པོ་གཅེན་གཅུང་དེ་གཉིས་སྐབས་དེར་ཆབ་སྲིད་ཀྱི་མཐོང་རྒྱ་ཅི་ཡང་མེད་པའི་བྱིས་པ་བསམ་མེད་ཡིན་པས་འགལ་བ་ཐམས་ཅད་མི་ཆེན་རྣམས་ཀྱི་དབང་དུ་སོང་བར་བསམ་བློ་བཏང་བ་ཡང་ཡིན་ཤས་ཆེ། ཡིན་ནའང་སྤྱི་ལོ712ལོར་བཙན་པོ་ཁྲི་ལྡེ་གཙུག་བཙན་རྒྱལ་སར་བཀོད་པའི་ལོ་དེར་ཨ་ཕྱི་བཙན་མོ་ཁྲི་མ་ལོད་སྐུ་གཤེགས་པས། དེ་ནས་བཟུང་ཁྲི་ལྡེ་གཙུག་བརྩན་ཁོང་གིས་ཆབ་སྲིད་དབང་ཆ་ཐམས་ཅད་གཞན་ལ་རག་མ་ལས་པར་གཅིག་གཅོད་བྱེད་ཐུབ་པ་དང་སྦྲགས། བཙན་པོའི་གདུང་རྒྱུད་གཅིག་ལས་ཆད་ཀྱང་རྒྱལ་སྲིད་ཀྱི་རྩོད་ཟླར་གྱུར་པའི་གཅེན་བལ་པོ་དེ་ཡུན་རིང་བག་ཡངས་སུ་ལུས་པས་གོ་སྐབས་ཤིན་ཏུ་ཕྲ་བར་བསམས་ཏེ། བཙན་པོ་གཅེན་གཅུང་གཉིས་ལ་མཉམ་དུ་བསྔོ་སྨོན་ཞུ་པའི་དྲིལ་བུ་འདི་སྤྱི་ལོ712ལོའི་རྗེས་ཀྱི་མི་རིང་བར་བཞེངས་པ་ཡིན་པའི་ལྟ་ཚུལ་བྱུང་།
          གཉིས། བཙན་པོ་གཅེན་གཅུང་གཉིས་མ་འཆམ་པའི་རྒྱུ་རྐྱེན་ལ་དཔྱད་པ།
          བཙན་པོ་འདི་གཉིས་ཀྱི་གནས་ཚུལ་སྐོར་ལ་ཇག་རོང་གི་དྲིལ་བུ་འདིའི་ཁ་བྱང་ལས། “བོདཀྱྀལྷབཙནཔོཁྲིལྡེགཙུགབརྩནམཅེད” ཅེས་པ་དང་། ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་རྒྱལ་རབས་ལོ་ཚིགས་གནད་བསྡུས་སུ།  “སྦྲུལ་གྱི་ལོ་ལ་བབ་སྟེ། ( སྤྱི་ལོ705) ....པོང་ལག་རང་དུ་བཙན་པོ་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ་” ཅེས་པའི་དཔྱད་གཞི་གཉིས་ལས་གཞན་ལག་སོན་མ་བྱུང་མོད། འོན་ཀྱང་། རྒྱའི་ཐང་ཡིག་ལས་དེའི་སྐོར་ཕྲན་བུ་མཐོང་བ་ནི་“ ལོ་དེའི་རྗེས་མར། བྷོད་ནས་རྟ་དང་གསེར་ཕུལ་ཏེ་གཉེན་བསླངས་” ཞེས་བཀོད་ཡོད་པ་དེ་ཡིན། “ ལོ་དེའི་རྗེས་མ་” ཞེས་པ་ནི་ཚིག་གི་སྔ་རྗེས་ལྟར་ན་སྤྱི་ལོ་698ཁྱི་ལོའི་དགུན་ཁར་བཙན་པོ་ཁྲི་འདུས་སྲོང་གིས་བློན་ཆེན་མགར་ཁྲི་འབྲིང་བཙན་བྲོད་ལ་བཀྱོན་ཕབ་པའི་ཕྱི་ལོ་སྟེ། སྤྱི་ལོ་699ཕག་ལོ་ལ་འཁེལ་འདུག དེ་ལྟར་ན་རྒྱ་ནས་གཉེན་སློང་ཡུལ་ནི་ཁྲི་འདུས་སྲོང་གི་སྲས་ཆེ་བ་ལྷ་བལ་པོ་ཡིན་པ་ཤེས་ཤིང་། བོད་བཙན་པོའི་ཆབ་སྲིད་ཀྱི་འགྱུར་ཕྱོགས་ལ་འབྲེལ་བ་ཡོད་པའི་དོན་རྐྱེན་ཞིག་བྱུང་མ་ཐག་པའི་སྐབས་དེ་ཤེད་ལ་གཟས་ནས་རྒྱ་ཡུལ་ཐང་གུར་ནས་གཉེན་སློང་བའི་སྟ་གོན་བྱེད་པར་དཔྱད་ན། རྗེ་བློན་འགལ་བའི་འཐབ་རྩོད་ཀྱི་རླབས་རྒྱུན་ཞིག་ཀྱང་ལངས་བཞིན་པའི་ངེས་པ་རྙེད་ལ། ལྷ་སྲས་བལ་པོར་གཉེན་སློང་བ་ནི་དོན་དམ་དུ་འཇིག་རྟེན་མཐུན་ལམ་ཁོ་ན་སྐྱོང་བ་མིན་པར་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་བསྒྲུབ་ཆེད་ཡིན། གཅིག་ནས་གཉེན་བསླངས་པས་ལྷ་སྲས་བལ་པོ་དེ་བཙན་པོ་ཡབ་ཀྱི་རྗེས་སྐྱོང་བར་གཏན་འཁེལ་བྱས་པར་མཚོན་ཞིང་། གཉིས་ནས་དུས་རབས་ཕྱེད་ཙམ་གྱི་རིང་ལ་ཆེན་པོ་ཐང་ལ་ཁ་གཏད་འཇལ་བའི་བློན་པོ་མགར་ཚང་གི་སྟོབས་ཤུགས་ཚར་གཅོད་བྱས་པ་དེས་བོད་ཀྱི་བྱང་ཤར་བདེ་འཇགས་ལ་ཉེན་ཁ་འབྱུང་ཉེན་ཡོད་པས། ལྷ་སྲས་བཙན་པོ་ནར་མ་སོན་པ་དང་བཙུན་མོ་བསུ་རན་མེད་པ་སོགས་ཀྱི་དོན་དངོས་ལའང་མ་བལྟས་པར་གཉེན་སློང་བའི་ཐབས་ལམ་དེ་འདྲ་ཞིག་ལ་བརྟེན་ནས་ཐང་ལ་ཞི་བདེའི་འབྲེལ་བ་འཛུགས་འདོད་དུ་གཟས་པ་ཡིན་ཀྱང་སྲིད། གསུམ་ནས་ལྷ་སྲས་བལ་པོའི་བཙན་པོའི་གོ་གནས་ཙམ་གཏན་འཁེལ་བྱས་མོད། ད་དུང་དོན་དེར་ཡབ་འབངས་རུས་དགུ་དང་ཡུམ་འབངས་ཚན་གསུམ་སོགས་རྗེ་འབངས་ཐམས་ཅད་ནས་བསམ་འཆར་གཅིག་མཐུན་ཞིག་བྱུང་མེད་པར་མ་ཟད། བློན་པོ་མགར་ཚང་གི་ཤུལ་ལྷག་སྟོབས་ཤུགས་ཀྱིས་ཀྱང་ཤུགས་རྐྱེན་ཐེབས་མི་སྲིད་པ་མེད། དེ་འདྲ་ཡིན་པའི་གནས་ཚུལ་ནི་རིང་པོར་མ་ལོན་པར་བཙན་པོ་བལ་པོ་རྒྱལ་ས་ནས་ཕབ་པའི་དོན་རྐྱེན་དེ་ལས་གསལ་བཤད་བྱེད་ཐུབ།
          གཞན་ཡང་རྒྱའི་ཐང་ཡིག་ཏུ། “སྐབས་དེར་བྷོད་ལ་གཏོགས་པའི་ལྷོ་ཕྱོགས་པ་རྣམས་ངོ་ལོག་པས། བཙན་པོས་དམག་དྲངས་ཏེ་མཐར་བཙན་པོ་ཡང་དམག་ཐོག་ཏུ་བཀྲོངས། སྲས་རྣམས་ཀྱིས་རྒྱལ་ས་བཅད་ཀྱང་། འབངས་མིས་ཁྲི་ལྡེ་གཙུག་བཙན་བཙན་པོར་བསྐོས། བཙན་པོ་ལོ་བདུན་སོན་མ་ཐག ཕོ་ཉ་བ་མངགས་ཏེ་བཙན་པོ་ཡབ་འདས་པའི་གནས་ཚུལ་ཞུས་ལ། གཙིགས་བཅའ་བའི་འདུན་པའང་ཞུས། ཡང་བློན་ཆེན་སྟོན་བཞེར་བྱ་བ་གཉེན་སློང་དུ་མངགས་ཀྱང་ལན་མ་བྱིན་”⑧ཞེས་བཀོད་ཡོད་པ་དེ་ལས། ཐང་གི་ཕྱོགས་ནས་བོད་ཀྱི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་མེད་མོད། དོན་རྐྱེན་གཙོ་བོ་རྣམས་ཕལ་ཆེར་ཤེས་ཡོད་པ་རྟོགས་ཐུབ། གོང་གསལ་ལྷོ་ཕྱོགས་པ་ངོ་ལོག་ནས་བཙན་པོས་དམག་ཁྲིད་དེ་དྲག་གནོན་བྱས་པའི་གནས་ཚུལ་སྐོར་ལ་ཏུན་ཧོང་གཏེར་ཡིག་གི་རྒྱལ་རབས་ལོ་ཚིགས་སུ། “ ཡོས་བུའི་ལོ་(སྤྱི་ལོ་703) ལ། .... དགུན་བཙན་པོ་འཇང་ཡུལ་དུ་གཤེགསྟེ། འཇང་ཕབ།” ཅེས་བྱུང་བར་གཞིགས་ན། འཇང་ཡུལ་ཐོག་མར་དབང་དུ་བསྡུས་པ་ལས་སྔོན་ནས་བོད་ཀྱི་འབངས་སུ་མངའ་བ་ཕྱིས་སུ་ངོ་ལོག་སྟེ་དྲག་གནོན་བྱས་པ་ཞིག་མིན་པ་མཐོང་ཐུབ་པས། “ ངོ་ལོག་” ཅེས་པ་ཐང་གིས་འོལ་ཚོད་བྱས་པར་ངེས།  དེ་མིན་“ འབྲུགྀལོ་(སྤྱི་ལོ704) ལ་བབསྟེ། ....... དགུན་བཙན་ཕོ་ཆབ་སྲྀད་ལ་མྱྭ་ལ་གཤེགས་པ་ལས། དགུང་དུ་གཤེགས་” ཞེས་པ་དེའི་ཐོག་ནས་བཙན་པོ་སྐུ་སྙུན་བཞེས་པའམ་རྐྱེན་གཞན་ཞིག་གིས་གྲོངས་པ་ལས་ཐང་ཡིག་ཏུ་གཞན་གྱིས་བཀྲོངས་པ་ལྟར་བྱུང་བ་ནི་མིན་ལ། དུས་དེར་བཙན་པོ་ཁྲི་ལྡེ་གཙུག་བརྩན་ལོ་བདུན་ཡིན་པར་བཤད་པ་ཡང་གཅེན་བལ་པོར་ནོར་བ་ཡིན་ཤས་ཆེ། གཞན་བཙན་པོ་སྐུ་གྲོངས་རྗེས་སྲས་རྣམས་ཀྱིས་རྒྱལ་ས་བརྩད་པ་དང་། འབངས་མིས་ཁྲི་ལྡེ་གཙུག་བརྩན་བཙན་པོར་བསྐོས་པ་དང་། ཕོ་ཉ་བ་མངགས་ཏེ་བཙན་པོ་ཡབ་འདས་པའི་གནས་ཚུལ་སྦྲན་པ། གཙིགས་བཅའ་བའི་འདུན་པའང་ཞུས་པ། བློན་ཆེན་ཐང་ལ་གཉེན་སློང་དུ་མངགས་ཀྱང་ལན་མ་བྱིན་ཚུལ་སོགས་བོད་ཀྱི་ཡིག་ཚང་ན་མེད་མོད། དེ་དག་ལོ་རྒྱུས་དོན་དངོས་ཡིན་པའི་ངེས་ཤེས་འདྲོངས་ཐུབ་སྟེ། བཙན་པོ་ཁྲི་ལྡེ་གཙུག་བཙན་འཁྲུངས་པའི་ཕྱི་ལོར་རྒྱལ་སར་སྔོན་ནས་བསྐོས་ཟིན་པའི་གཅེན་བལ་པོ་ཁྲི་ལས་ཕབ་ཅིང་། དེ་དང་མཉམ་དུ་བློན་པོ་ལྡེག་རེན་པ་མནོན་སྣང་གྲགས་དང་། ཁེ་རྒད་མདོ་སྣང་ལ་སོགས་དབང་ཤེད་ཅན་སྐོར་ཞིག་ལ་ཞལ་ལྕེ་བཅད་ནས་སྲོག་ཁྲིམས་བཅད་པ། ཁུ་མང་པོ་རྗེ་ལྷ་ཟུང་ལ་བློན་ཆེན་པོའི་གོ་གནས་བསྩལ་ཀྱང་། ཟླ་བ་འགའ་ལས་མ་འགོར་བར་ལོ་དེར་བཀའ་བཀྱོན་ཕབ་པ་སོགས་བཙན་པོའི་རྒྱལ་སྲིད་སུས་འཛིན་པའི་ཐད་ལ་འགལ་བ་རྣོ་ངར་ཅན་བྱུང་ཡོད་པས་ཡིན། དེས་ན་འགལ་བའི་ཕྱོགས་ཁག་དང་ནུས་པ་ཐོན་མཁན་གྱི་མི་སྣ་གཙོ་བོ་སུ་ཞིག་ཡིན་པའི་ཆ་ནས་ཀྱང་དབྱེ་ཞིབ་བྱེད་དགོས་ཏེ། དེ་ཡང་བཙན་པོ་ཡབ་ཁྲི་འདུས་སྲོང་སྐུ་གྲོངས་མ་ཐག་རྒྱལ་སྲས་ཁྲི་ལས་ཕབ་པའི་དོན་རྐྱེན་དེ་ལ་གཞིགས་ན། དེ་དུས་ཆབ་སྲིད་ཀྱི་དབང་ཆ་ཆེན་པོ་མངའ་བའི་ཨ་ཕྱི་ཁྲི་མ་ལོད་དང་སྲས་ཁྲི་འདུས་སྲོང་གཉིས་དབར་གྱི་འགལ་བ་ཞིག་ཡིན་པའི་ལྟ་ཚུལ་འབྱུང་མོད། ཁྲི་མ་ལོད་ཀྱི་བྱ་བྱེད་དང་ཡུམ་སྲས་གཉིས་ཀྱི་འབྲེལ་བ་གང་ཐད་ནས་བལྟས་ཀྱང་དེ་གཉིས་དབར་ལ་འགལ་བ་མ་བྱུང་པར་མ་ཟད། ཁྲི་འདུས་སྲོང་བཙན་པོ་དབང་ཐང་ལྡན་པ་ཞིག་ཏུ་གྱུར་པ་ཡང་ཁོང་གི་ཡུམ་ཁྲི་མ་ལོད་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བླ་མེད་བྱས་པའི་མཛད་རྗེས་ཡིན། དེས་ན་ཡུམ་སྲས་ཕྱོགས་ཁག་གཅིག་ཡིན་ན་ཕ་རོལ་རྩོད་ཟླ་དེ་སུ་ཞིག་ཡིན་ཟེར་ན། དེ་ཡང་བློན་པོ་མགར་ཚང་ལ་དེ་འདྲའི་ཁ་གཏད་འཇལ་བའི་སྟོབས་ཤུགས་ལྡན་ཏེ། དེའི་ལོ་བདུན་གྱི་ཡར་སྔོན་དུ་བློན་པོ་ཁྲི་འབྲིང་བཙན་བྲོད་ཀྱིས་གཙོ་བྱས་པའི་མགར་གྱི་ཁྱིམ་རྒྱུད་ལ་དྲག་གནོན་ཡ་ང་བ་བྱས་ནས་ཉེ་འཁོར་ཉིས་སྟོང་ལྷག་བསད་པ་དང་། ཁྲི་འབྲིང་སྤུན་ལྔ་པོ་དང་བུ་མང་པོ་རྗེ་སོགས་ཐམས་ཅད་ནང་དམེས་ཤི་བ་དང་། བཀྱོན་ཕབ་པ། ཐང་ལ་མགོ་བཏགས་པ་སོགས་ཀྱིས་གཅིག་ཀྱང་མ་ལྷག་ན་ཡང་། མགར་ཕ་བུས་བོད་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་དེ་དུས་ཡུན་ཐུང་ངུའི་ནང་མེད་པར་འགྲོ་མི་སྲིད་པས། སྐབས་དེར་མགར་ཚང་ལ་བཀྱོན་ཕབ་པ་དེ་མི་རན་པར་བསམ་མཁན་ཡོད་ལ། ཁོང་ཚོས་བོད་བཙན་པོའི་སྲིད་ལ་བཞག་པའི་མཛད་རྗེས་དྲན་ན། རྗེས་སུ་ཡི་རང་བྱེད་མཁན་མི་ཉུང་བ་ཡང་ཡོད་པ་གནའ་དེང་གི་དཔྱད་གཞི་དག་ལས་ཤེས། དེའི་ངོས་ནས་བལྟས་ན་བཙན་པོ་གཅེན་ལྷ་བལ་པོ་དེ་བློན་པོ་མགར་ཚང་ཕྱོགས་ཁག་གིས་རྒྱལ་སར་བཀོད་པ་དང་། བཀོད་ནས་ཀྱང་ཁོ་ཚོའི་ཆབ་སྲིད་འདོད་བློས་བཙན་པོ་གཞོན་ནུའི་སྐྱེད་སྲིང་ལ་ཤུགས་རྐྱེན་འབྱུང་ངེས་ཤིང་། དེང་ཕྱི་ཁྲི་མ་ལོད་ཀྱིས་གཙོ་བྱས་པའི་བཙན་པོ་སྤུ་རྒྱལ་གདུང་རྒྱུད་ཕྱོགས་ཁག་མ་མཉེས་པས་ཐང་ཡིག་ཏུ་“ སྲས་རྣམས་ཀྱིས་རྒྱལ་ས་བརྩད་” ཅེས་པའི་གནས་ཚུལ་བྱུང་།
          རྩོད་གཞི་དེའི་མཐའ་མཇུག་འོ་དེ་སྤུ་རྒྱལ་བའི་གདུང་མ་འགྱུར་བར་བོད་ཀྱི་ཆབ་སྲིད་སྐྱོང་བའི་བྱ་གཞག་མངོན་དུ་འགྱུར་བ་དང་། བློན་པོ་མགར་ཚང་གིས་དུས་རབས་ཕྱེད་ཙམ་གྱི་རིང་ལ་བོད་ཀྱི་ཆབ་སྲིད་དང་དམག་དོན་གྱི་དབང་ཆ་ཆེན་པོ་བཟུང་བའི་དུས་སྐབས་ཀྱང་མཇུག་སྒྲིལ་བ་ཡིན། མཛད་པ་འདི་ལྟ་བུའི་ཇུས་འགོད་པ་དང་ལག་བསྟར་བྱེད་མཁན་གཙོ་བོ་ནི་བཙན་མོ་ཁྲི་མ་ལོད་ཡིན་ཏེ། ཁོ་མོའི་ཕྱག་རྗེས་ལས་བཙན་པོའི་དབང་ཆ་ཉམས་བཞིན་པའི་གནས་ཚུལ་མཇུག་སྒྲིལ་ཞིང་། བོད་བཙན་པོའི་མངའ་ཐང་དར་བའི་ཡང་རྩེར་སོན་པའི་ཁྲི་ལྡེ་གཙུག་བརྩན་དང་ཁྲི་སྲོང་ལྡེ་བཙན་ཡབ་སྲས་དུས་སྐབས་ཀྱི་རྨང་གཞི་བཙུགས། དེར་བརྟེན། ཞིབ་འཇུག་པ་ལ་ལས་བོད་ཀྱི་ལོ་རྒྱུས་སྟེང་བཙན་མོ་ཁྲི་མ་ལོད་ལོ་རྒྱའི་རྒྱལ་མོ་འུ་ཛི་ཐེན་དང་ཚི་ཞིས་ཐེ་གཉིས་དང་མཉམ་པའི་ཆབ་སྲིད་མིག་རྒྱངས་དང་ལག་ཐབས་ཡོད་ཅེས་གསུངས་པའང་ངེས་པ་དོན་དུ་གནས་སོ། །
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
          ①《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་》2009ལོའི་དུས་དེབ་གསུམ་པའི་ཐོག་བཀོད་པའི་“ བོད་ཀྱི་གནའ་རབས་རྡོ་རིང་སྐོར་”ཞེས་པར་མཁས་དབང་པ་སངས་དབང་འདུས་ལ་བཅར་འདྲི་བྱས་པར་ཁོང་གིས་དེང་སྐབས་བོད་ལ་“ རྡོ་རིང་དང་རྡོ་ལ་བརྐོས་པའི་ཡི་གེ་ཁྱོན་བསྡོམས་ཧ་ལམ་ཉི་ཤུ་རྩ་བཞི་དང་། དེའི་ནང་ལ་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་རིང་དང་རྡོའི་ཡི་གེ་ཉི་ཤུ་རྩ་གཅིག་དང་བསྟན་པ་ཕྱི་དར་སྐབས་ཀྱི་རྡོ་རིང་གི་ཡི་གེ་གསུམ་ཙམ་ཡོད། དེ་དག་གི་དུས་ཚོད་ལ་དབྱེ་བ་ཕྱེ་ཚེ། རྡོ་རིང་སོ་སོའི་བྱུང་བ་དང་ད་ལྟ་བོད་ལ་ཡོད་པའི་རྡོ་རིང་ནང་ནས་སྔ་ཤོས་དེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་རྡོ་རིང་རེད་” ཅེས་པ་དང་། བསོད་ནམས་སྐྱིད་དང་དབང་རྒྱལ་གཉིས་ཀྱིས་རྩོམ་སྒྲིག་གནང་བའི་《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》ཞེས་པར་རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང་བཅུ་གསུམ་གྱི་རྣམ་གྲངས་བཀོད་ཡོད། 
          ②③⑦གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས་པའི་《 བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས་》1995ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་གྲངས་240དང247དང་274བཅས་ན་གསལ། 
          ④ཝང་ཡོ་དང་ཁྲིན་ཅན་གྱིས་རྩོམ་སྒྲིག་བྱས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས་》2008ལོར་ཧྲང་ཧེའི་གནའ་དཔེ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་གྲངས9ན་གསལ།
          ⑤《ཆོས་སྡེ་ཆེན་པོ་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གི་ལོ་རྒྱུས་དཀར་ཆག་རབ་གསལ་མེ་ལོང་》ཤོག་ངོས་14ན་(རྟ་ནག་སྤྲུལ་སྐུ་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་) “ ལྕགས་སྦྲུལ་(སྤྱི་ལོ1701) ལོར་དགོན་ལུང་གི་མཁན་ཁྲིར་བཞུགས་རྗེས་ཕྱོགས་འདིར་ཆར་འབེབས་ལན་གཉིས་མཛད་པ་ཙམ་ལས་ཆོས་སྡེའི་འཆད་ཉན་མཛད་ལོང་ཆེར་མ་བྱུང་འདུག” ཅེས་བཀོད་ཡོད། 
          ⑥གོང་གི་《རབ་གསལ་མེ་ལོང་》ཤོག་ངོས་63ན་གསལ། 
          ⑧དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1984ལོར་དཔར་དུ་བསྐྲུན་པའི་《ཐང་ཡིག་གསར་རྙིང་ལས་བྱུང་པའི་བོད་ཆེན་པོའི་སྲིད་ལུགས་》ཞེས་པའི་ཤོག་གྲངས32ན་གསལ།