ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

ནང་དོན་རིག་པའི་ཐ་སྙད་འགའི་འགྲེལ་བ།

སྤེལ་དུས 2012-01-18 ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། རྩོམ་པ་པོ། དབང་སྒྲོལ་སྐྱིད་བསྒྲིགས།

 རྒྱུའི་སྐྱབས་དང་འབྲས་བུའི་སྐྱབས།རྒྱུའི་སྐྱབས་ནི་རང་ཉིད་འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་དང་།དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པ་དེ་གཉིས་ཡིན་ཞིང་།འབྲས་བུའི་སྐྱབས་ནི་གཞན་དོན་དུ་མངོན་རྫོགས་ཀྱི་བྱང་ཆུབ་ཐོབ་འདོད་ཀྱི་བསམ་པས་དེ་འཐོབ་བྱར་ཁས་ལེན་པ་ཐེག་ཆེན་གྱི་འབྲས་བུ་སྐྱབས་སུ་སོང་བའི་སྐྱབས་འགྲོའི་ངོ་བོར་སོང་བའོ།།དེ་གཉིས་ཀྱི་ཁྱད་པར་ནི།རྒྱུའི་སྐྱབས་ནི་གཞན་རྒྱུད་ལ་གྲུབ་ཟིན་པ་དང་།འབྲས་བུའི་སྐྱབས་ནི་རང་རྒྱུད་ལ་འབྱུང་འགྱུར་འགྲུབ་པ་ཞིག་གོ།།
       ཆོས་དཀོན་མཆོག དམ་པའི་ཆོས་ནི་དམ་པ་སངས་རྒྱས་ཀྱི་བསྟན་པའི་ཆོས་ཡིན་པའི་ཕྱིར་དང་།སྐྱེས་བུ་དམ་པས་སྤྱད་པར་བྱ་བའི་ཕྱིར་དང་།དམ་པ་མཆོག་དང་ཆོས་གཉིས་གཞི་མཐུན་པས་ན་དམ་པའི་ཆོས་ཞེས་བྱ་སྟེ།དེ་ཡང་ཤེས་བྱ་དང་ལམ།མྱང་འདས།ཡིད་ཀྱི་ཡུལ།བསོད་ནམས།ཚེ་གསུང་རབ།འབྱུང་འགྱུར།ངེས་པ།ཆོས་ལུགས་བཅུ་ལ་གོ་དགོས་ཤིང་།དེ་ལ་བསྡུས་ན།ཐར་ལམ་ཕྱིན་ཅི་མ་ལོག་པར་བསྟན་པའི་སངས་རྒྱས་ཀྱི་གསུང་རབ་དང་དགོངས་འགྲེལ་བཅས་ལ་ལུང་གི་བསྟན་པ་དང་།གང་ཞིག་ཆགས་པ་དང་བྲལ་བ་འགོག་བདེན་དང་།གང་གིས་ཆགས་པ་དང་བྲལ་བ་ལམ་བདེན་འཁོར་དང་བཅས་ལ་རྟོགས་པའི་བསྟན་པ་ཞེས་བྱ་བ་གཉིས་སོ།།སྤྱིར་ཉམས་སུ་བླངས་ནས་སྤྱད་ན་སྡུག་བསྔལ་དང་སྒྲིབ་པ་ཟད་པའི་ཐབས་སུ་འགྱུར་བ་ནི་དམ་པའི་ཆོས་ཀྱི་གནད་ཡིན་ནོ།།

ལྟ་སྒོམ་སྤྱོད་གསུམ།རྗེ་ཙོང་ཁ་པའི་གྲུབ་མཐའ་ལྷུན་པོ་མཛེས་རྒྱན་ལས།མཐའ་དང་བྲལ་བའི་ལྟ་བ་དང་།དཔྱད་སྒོམ་ཆ་མཉམ་སྒོམ་པ་དང་།མདོ་སྔགས་བཤད་སྒྲུབ་འགལ་མེད་སྤྱོད།དེ་ནི་བསྟན་པ་སྐྱོན་མེད་ཡིན།ཞེས་པ་ལྟར།སྤྱིར་སངས་རྒྱས་བསྟན་པ་ཡིན་མིན་ནི།ལུང་གི་ཆོས་སསྡེ་སྣོད་གསུམ་དང་མི་འགལ་བའི་ལྟ་སྒོམ་སྤྱོད་གསུམ་དང་།རྟོགས་པའི་ཆོས་བསླབ་པ་གསུམ་རང་རྒྱུད་ལ་སྒྲུབ་པ་དང་རྗེས་སུ་མཐུན་མི་མཐུན་གྱི་སྒོ་ནས་འཇོག་པ་ཡིན་ཏེ།དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ནི།ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཞིང་།སྒོམ་པ་སྲིད་རྩེའི་གཉེན་པོར་འགྲོ་བ་དང་།སྤྱོད་པ་ངལ་དུབ་ཀྱི་མཐའ་དང་འདོད་པ་བསོད་སྙོམས་ཀྱི་མཐའ་གཉིས་རབ་ཏུ་སྤངས་ཏེ།འབྲས་བུའི་ཐར་བ་སྤང་བྱ་ཟད་པའི་བྲལ་བ་ཁྱད་པར་ཅན་འགོག་བདེན་དུ་འདོད་པ་ཡིན་ནོ།།
     བྱེ་མདོ་གཉིས་ཀྱི་བདེན་གཉིས།  བྱེ་སྨྲས་གཟུགས་དང་ཤེས་པ་སོགས་དཔྱད་མཐར་རྙེད་དགོས་པར་བཟུང་ཞིང་།དེ་ཡང་མཐར་གཏུགས་ན་རྡུལ་ཕྲ་རབ་ཆ་མེད་དང་རྒྱུན་གྱི་རྩོམ་གཞིར་སྐད་ཅིག་ཆ་མེད་ཁས་བླངས་ནས།ཆ་མེད་དང་ནམ་མཁའ་སོགས་བཅོམ་པ་དང་བསལ་བས་རང་འཛིན་གྱི་བློ་མི་འདོར་བ་རྣམས་རྫས་ཡོད་པ་དང་།དོན་དམ་བདེན་པ།དོན་དམ་ཡོད་པར་འཇོག་པ་དང་།བཅོམ་བསལ་གྱིས་རང་འཛིན་གྱི་བློ་འདོར་བ་རྣམས་བཏགས་ཡོད་དང་ཀུན་རྫོབ་ཏུ་ཡོད་པ་དང་།ཀུན་རྫོབ་བདེན་པ་ཡིན་ལ།བདེན་གཉིས་ཀྱི་དངོས་པོ་ཐམས་ཅད་དོན་བྱེད་ནུས་པའི་རྫས་སུ་གྲུབ་པར་འདོད།མདོ་སྡེ་བས་དོན་དམ་པར་འབྲས་བུ་སྐྱེད་ནུས་པ་རྣམས་རང་མཚན་དང་དོན་དམ་བདེན་པ་དང་།རང་གི་མཚན་ཉིད་ཀྱི་གྲུབ་པ་དང་།དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་རྣམས་སྤྱི་མཚན་དང་།རང་མཚན་གྱིས་མ་གྲུབ་པ་དང་།ཀུན་རྫོབ་བདེན་པར་འདོད་ལ།རང་སྤྱི་གཉིས་ཀ་ཡང་རང་ངོས་སུ་མ་གྲུབ་ན་མེད་དགོས་པར་འདོད་དོ།། ཐེག་པ་ཆེ་ཆུང་།སྤྱིར་ཐེག་པ་ཞེས་པ་ནི་རང་དང་རང་གཞན་དོན་གྱི་ཁུར་ཁྱེར་ནས་གོ་འཕང་མཆོག་ཏུ་བགྲོད་པར་བྱེད་པས་ཐེག་པ་ཞེས་བྱ་བ་ཡིན་ལ།རང་གཞན་གཉིས་ཀའི་དོན་སོགས་ཁུར་ཆེན་པོ་དང་ལྡན་པས་ཐེག་ཆེན་དང་།རང་དོན་འབའ་ཞིག་པའི་ཁུར་ཆུང་ངུ་དང་ལྡན་པས་ཐེག་དམན་དུ་བཞག་པའོ།།སྤྱིར་ཐེག་པ་གང་ཡིན་ཡང་འཁོར་བའི་རྒྱུ་བདག་ཏུ་འཛིན་པ་སྤངས་ནས་ཐར་བ་མྱང་འདས་ཀྱི་གོ་འཕང་སྒྲུབ་པར་མཐུན་ཀྱང་།ཐེག་ཆེན་འདི་ཁྱད་པར་འཕགས་པས།གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ་ཆོས་ཀྱི་བདག་མེད་རྟོགས་པ་དང་།བྱམས་སྙིང་རྗེའི་བྱང་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཕར་ཕྱིན་དྲུག་ལ་བསླབ་པ་དང་།སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་ནུས་པ།ཐབས་ཤེས་རྒྱ་ཆེ་ཞིང་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་འདོད་པའི་ཁྱད་པར་དང་ལྡན་པའོ།།
     སེམས་ཙམ་པ།སེམས་ཙམ་པ་རྣམས་ཀྱིས་རྟོགས་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པ་ནི་རང་མཚན་དང་བདེན་གྲུབ་ཡིན་ལ།རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་ནི་དེ་ལས་ལྡོག་པར་འདོད་དེ་གཞན་དབང་ཡོངས་གྲུབ་གཉིས་དང་པོ་དང་།ཀུན་བཏགས་ཕྱི་མར་འདོད་དོ།།དེ་ཡང་གཟུགས་སོགས་འདུས་བྱས་ཀྱི་ཆོས་རྣམས་ནང་ཤེས་པའི་རྫས་ཀྱི་སྟེང་ནས་སྐྱེས་ཤིང་།འདུས་མ་བྱས་རྣམས་ཀྱང་རང་འཛིན་ཚད་མ་དང་བདག་ཉིད་གཅིག་ཏུ་འདོད་པས།གཟུང་འཛིན་རྫས་གཞན་གྱིས་སྟོང་ཞིང་ཕྱི་དོན་དུ་མེད་པར་བཞེད་དོ།།ཤེས་པ་སྔ་མའི་སྟེང་གི་ནུས་པས་ཤེས་པ་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པས་ཡུལ་དང་ཡུལ་ཅན་དུས་མཉམ་པར་རྫས་གཅིག་ཏུ་སྐྱེ་ལ་དེ་འདྲའི་ནུས་པ་ལ་དམིགས་རྐྱེན་དུ་འདོད་དོ།།དམིགས་རྐྱེན་གྱིས་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་ཀྱང་ཡུལ་དེའོ་སྙམ་དུ་རྟོག་པས་འཛིན་པ་ནི་བརྡ་སྦྱོར་བ་ལ་ལྟོས་པས།ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་པར་འདོད་དོ།།