ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

སྐྱེ་བ་སྔ་ཕྱིའི་ཤེས་རྒྱུན་དོགས་དཔྱད།

སྤེལ་དུས 2012-01-29 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། དབང་སྒྲོལ་སྐྱིད་ཀྱིས་བསྒྲིགས།

གཅིག འཇའ་ལུས་པའི་རྒྱུད་ཀྱི་ཤེས་རྒྱུན་གླེང་བ།
  བོད་ཀྱི་ལོ་རྒྱུས་དང་ཁྱད་པར་དུ་སྒྲུབ་བརྒྱུད་རྙིང་མའི་ཕྱོགས་ཀྱི་སྐྱེས་བུ་དམ་པའི་རྣམ་ཐར་དག་ཏུ་སྐུ་ཚེ་རྫོགས་དུས་གཟུགས་སྐུ་ཡོངས་རྫོགས་འཇའ་ལུས་སུ་གྲུབ་པ་རེད་ཟེར་བའི་ལོ་རྒྱུས་ཡོད་ལ་དངོས་སུ་དེ་འདྲ་བྱུང་བའང་ཡོད་དོ། ། འཇའ་ལུས་པའི་སྐོར་ལ་ཐུན་མོང་མ་ཡིན་པའི་གསང་སྔགས་རྒྱུད་སྡེ་དག་ཏུ་བཤད་པ་མང་དུ་ཡོད་མོད་ཀྱང་དེ་དག་ནི་འདིར་སྐྱེ་བོ་ཐུན་མོང་བའི་སྤྱོད་ཡུལ་མ་ཡིན་སྟབས་གཞན་ལས་ཤེས་པར་བྱ་ཡིས་འདི་ནས་མ་བྲིས། འདིར་སེམས་ཅན་ཡོངས་གྲགས་ཀྱི་མཐོང་ཐོས་སུ་གྱུར་པ་དག་དཔྱད་གཞི་བྱས་ནས་ཅུང་ཟད་གླེང་བར་བྱ་སྟེ། འཇའ་ལུས་པ་དག་གི་སྐུའི་ཕུང་པོ་ནམ་མཁར་འཇའ་ལྟར་ཡལ་བ་བཞིན་དུ་སྐྲ་དང་སེན་མོ་མ་གཏོགས་ཕུང་པོ་དེ་རྡུལ་ཆ་མེད་དུ་འོད་ཀྱི་རང་བཞིན་དུ་གྱུར་ནས་ནམ་མཁར་འཐིམ་པ་ནི་ཤིན་ཏུ་ཡ་མཚན་པའི་གནས་ཤིག་རེད། འོན་ཀྱང་དེ་དག་བདེན་པར་ཁས་ལེན་མཁན་ནི་དེང་སང་འཛམ་གླིང་ན་སངས་རྒྱས་ཆོས་ལུགས་བོད་དུ་དར་ནས་བྱུང་བ་དང་ཡང་ན་བོད་ཀྱི་གྲུབ་ཐོབ་དང་ཉམས་ལེན་པས་སངས་རྒྱས་ཀྱི་ཆོས་སྒྲུབ་པའི་འབྲས་རྟགས་སུ་གྲུབ་པའི་ཁྱད་ཆོས་ཙམ་ལས་ཕྱི་གླིང་བ་དང་མར་ལེ་རིང་ལུགས་པ། གཞན་ཡང་ཚན་རིག་པ་རྣམས་ཀྱིས་ཀྱང་དོགས་པ་ཟ་བ་དང་ཐ་ན་དགག་པ་གཏོང་བའི་གནས་ཤིག་ཏུ་གྱུར་འདུག  དེས་ན་འདིའི་ཕྱོགས་ལ་དེང་སང་འཛམ་གླིང་ཡོངས་སུའང་རྒྱུ་མཚན་གསལ་བ་ཡང་དག་ཅིག་བཤད་ཐུབ་ཡོད་པ་མ་རེད། དེ་ན་འཇའ་ལུས་པ་ཞེས་པ་དེ་མི་གང་འདྲ་ཞིག་ཡིན་ན་འཇའ་ལུས་སུ་གྱུར་གྱིན་འདུག  འཇའ་ལུས་སུ་གྱུར་པ་རྣམས་ལ་ཐུན་མོང་མ་ཡིན་པའི་ངོ་མཚར་གྱི་ཁྱད་ཆོས་སམ་རང་རྟགས་ཇི་འདྲ་འདུག  དེའི་སྐོར་ལ་བསམ་བློ་དང་དཔྱད་པ་གཏོང་རྒྱུ་མང་པོ་འདུག་སྙམ། བོད་དུ་འཇའ་ལུས་པ་བྱུང་བའི་མི་གཙོ་བོ་ནི་རིག་འཛིན་གྱི་གྲུབ་ཐོབ་དང་། ཚེ་གཅིག་ལུས་གཅིག་ལ་སྒོམ་ཉམས་ལེན་དུ་གཏན་བཞུགས་མཛད་ཅིང་འཇིག་རྟེན་པའི་བྱ་བ་བློས་བཏང་བ་ཤ་སྟག་རེད། སྐྱེ་འཆི་ལ་རང་དབང་ཐོབ་པའི་སྐྱེས་ཆེན་ལ་ལའི་སྐུ་ཕུང་ཡོངས་རྫོགས་འཇའ་ལྟར་ནམ་མཁར་ཡལ་བར་གྱུར་པའི་གསང་རྒྱ་ཅན་ལ་ངས་དཔྱད་ན་འདི་ལྟར་སེམས་ཏེ། གང་སྐྱེས་བུ་ཆེན་པོ་ཆོས་ཉམས་ལེན་ཕ་རོལ་ཏུ་ཕྱིན་པ་ཞིག་འཇིག་རྟེན་འདི་ལས་མངོན་པར་འཇིག་རྟེན་ཕ་རོལ་ཏུ་གཤེགས་པའི་ཚེ། ཉམས་རྟོགས་ཀྱི་ཡོན་ཏན་རང་སད་བྱུང་སྟེ་མེའི་ཏིང་ངེ་འཛིན་དུ་བཞུགས་ཏེ་ནང་སྣོད་མེ་དྲོད་འབར་བའི་རང་བཞིན་གྱི་ཉམས་ལ་གནས་པ་དང་ཆབས་ཅིག  ཕྱིའི་ཉི་མ་སོགས་འབྱུང་བའི་ཚ་ཟེར་གྱི་རྐྱེན་ལ་བརྟེན་ནས་ཕྱི་ནང་དྲོད་མཉམ་གྱི་རང་རྟགས་མངོན་པར་རྒྱས་པས་སྐུ་ཕུང་བཞུས་ཏེ་མཐར་ང་ཚོ་སོ་སྐྱེས་ཀྱི་དབང་པོའི་སྤྱོད་ཡུལ་ལས་འདས་པའི་རྡུལ་ཆར་གྱུར་ཏེ་མི་སྣང་བར་ནམ་མཁར་འཐིམ་པ་ཨེ་ཡིན་སྙམ།
  འདིར་རྡུལ་ཕྲན་རིག་པས་དཔྱད་ན། སྐུ་ཕུང་འཇའ་ལྟར་ཡལ་བ་ལ་རྡུལ་ཕྲན་གྱི་ངོ་བོར་གནས་ནས་བྱེད་པ་ཡོད་ཀྱང་དེ་ནི་རྡུལ་ཆེས་ཕྲ་བ་ཉི་མའི་ཟེར་གྱི་རྡུལ་ཕྲ་རབ་ལ་མཉམ་པར་བཤད། མུ་མཐུད་དུ་རྡུལ་ཕྲན་དེའི་ངོ་བོ་རིམ་བཞིན་དུ་འགྱུར་བཞིན་ཡོད་པ་ནི་རྫས་ཀྱི་ནུས་པ་བསམ་གྱིས་མ་ཁྱབ་པའི་རྒྱུ་མཚན་གྱིས་རེད། འཇའ་ལུས་སུ་གཤེགས་སྐབས་སྐུ་ཕུང་ལྷག་མེད་དུ་གྱུར་ནའང་། སྐབས་དེའི་རྒྱུད་ཀྱི་རྣམ་ཤེས་དེ་ཡང་འཇའ་ལྟར་ཡལ་བ་ཡིན་མིན་དོགས་པ་དཔྱད་དགོས། སྐབས་དེའི་རྒྱུད་ཀྱི་རྣམ་ཤེས་ནི་འགག་མེད་ལ་རྒྱུན་ཆད་མེད་པར་གནས་གཞན་དུ་སྤོ་སོང་ངམ། ཡང་ན་སྐུ་ཕུང་ལྷག་མེད་དུ་གྱུར་ནའང་། དེའི་རྒྱུད་ཀྱི་རྣམ་ཤེས་ནི་ད་རུང་རྒྱུན་མ་ཆད་པར་ཡོད། གཞན་ཡང་ཐུགས་དཔྱད་ཆེན་པོ་བྱེད་དགོས་པ་ཞིག་ལ། འཇའ་ལུས་སུ་གྱུར་ནའང་གདན་སྟེང་དུ་ད་རུང་སྐྲ་དང་སེན་མོ་ལྷག་པ་ཡང་ཡ་མཚན་པ་ཞིག་རེད། སྐྲ་དང་སེན་མོ་གཉིས་སྐྱེས་བུའི་ཤེས་རྒྱུད་ཀྱིས་མ་ཟིན་པའང་དོགས་པའི་གནས་ཤིན་ཏུ་གསང་བ་ཞིག་རེད། དཔེར་ན་སྐུ་ཚེ་འཚོ་བའི་སྐབས་སུ་སྐྲ་དང་སེན་མོ་འབྲེག་པ་དང་སེན་མོ་འདྲ་ན་བ་སོགས་ཡིད་ཤེས་ཀྱིས་མི་ཚོར་བར་བལྟས་ན། སྐྲ་སེན་གཉིས་ཤེས་རྒྱུད་ཀྱིས་མ་ཟིན་པ་བདེན་པ་ཞིག་རེད་སྙམ། འཇའ་ལུས་པས་སྐྲ་དང་སེན་མོ་གཉིས་མ་གཏོགས་གཞན་སྐུ་ཕུང་ཐམས་ཅད་ལྷག་མེད་དུ་གཏོང་ཐུབ་ན་སྐྲ་སེན་གཉིས་ཙམ་ལྷག་མེད་དུ་གཏོང་མི་ཐུབ་པའི་རྒྱུ་མཚན་ཇི་ལྟར་ཡིན་པ་ལ་ཐ་སྙད་ཚད་གྲུབ་ཀྱི་རིག་པས་དཔྱད་ན་མེད་པར་སྣང་སྟེ། ཐ་སྙད་བདེན་གྲུབ་ཀྱི་དངོས་པོའི་རང་གཤིས་དང་འགལ་བ་ཞིག་རེད། དེ་ལྟར་དཔྱད་ཚེ་དོགས་གཞི་གསར་བ་ཞིག་བྱུང་བ་ནི། འཇའ་ལུས་པའི་སྐུ་ཕུང་འཇའ་ལྟར་ཡལ་ཀྱང་ཤུལ་དུ་སྐྲ་ཆེན་གཉིས་ལྷག་པར་བལྟས་ན། ལུས་འཇའ་ལྟར་སྣང་མེད་ཡལ་བ་གཙོ་བོ་ནི་ནང་རྒྱུད་ཀྱི་སེམས་གཅིག་པུའི་ནུས་པ་ལས་བྱུང་བར་གྲུབ། ཕྱིའི་ཉི་མ་སོགས་ཀྱི་དྲོད་ལ་བརྟེན་པ་ནི་རྟེན་འབྲེལ་ཙམ་ལས་དོན་ལ་ཆོས་ཀྱི་དོན་སྒོམ་ཉམས་ལེན་གྱི་རྟོགས་པའི་ཡོན་ཏན་བརྙེས་པ་དེ་ལ་རག་ལས་པ་ཞིག་རེད་སྙམ། དེས་ན་འཇའ་ལུས་སུ་གྱུར་པའི་ཤུལ་དུ་སྐྲ་དང་སེན་མོ་ཙམ་ལྷག་པ་ནི་གང་ཟག་གི་ཤེས་རྒྱུད་ཀྱིས་མ་ཟིན་པའི་གནད་ལ་ཐུག་སྙམ། འཇའ་ལུས་པ་ཞེས་པ་ལ་ཚན་རིག་གི་སྒོ་ནས་འགྲེལ་པ་བྱེད་ཆོག་ཏེ། དཔེར་ན་ང་ཚོའི་ལུས་སེམས་གཉིས་ནི་འབྱུང་བ་བཞི་ལས་གྲུབ་ཞིང་། ཐ་མར་ལུས་རྟེན་ནི་འབྱུང་བའི་སྙིགས་མ་གཙོ་བོ་དང་དྭངས་མ་ཕལ་པ་ལས་ཚུལ་དུ་གྲུབ་པ་རེད། ནམ་ཞིག་ན་རྩ་ཐིག་རླུང་གསུམ་སྦྱངས་པ་ལ་བརྟེན་ནས་ལུས་ཀྱི་སྙིགས་མ་མར་ཟད་པ་དང་དྭངས་མའི་ཁམས་ཡར་འཕེལ་ཏེ་རྩེར་གྱུར་པ་ནི་འཇའ་ལུས་རྡོ་རྗེ་ཐེག་པར་གྱུར་པའོ། །
  གཉིས། རྨི་ལམ་སྐབས་ཀྱི་ཤེས་རྒྱུན་གླེང་བ།
  ང་ཚོ་འགྲོ་བ་མིའི་རིགས་ཤིག་ཡིན་ནས་བཟུང་སྟེ་གཉིད་དང་འབྲལ་མི་ནུས་པ་ཞིག་རེད། དེ་བཞིན་དུ་དུད་འགྲོ་སྲོག་ཆགས་རྣམས་ལའང་གཉིད་མེད་པ་ཞིག་མི་སྲིད་སྙམ། གཉིད་ནི་ང་ཚོ་མི་ལ་མཚོན་ནས་བཤད་ན། མེད་དུ་མི་རུང་བའི་འཚོ་བཅུད་གལ་ཆེན་ཞིག་རེད། གསོ་རིག་དང་སྐྱེ་དངོས་འཕེལ་འགྱུར་རིག་པ་གང་གི་སྒོ་ནས་བལྟས་ན་དེ་བདེན་པར་སྣང་། དཔེར་ན། མི་ཞིག་གི་ལུས་ཕུང་ཟས་དང་སྨན་གྱིས་གསོ་བཞིན་ཡོད་ནའང་། གཉིད་དང་བྲལ་བ་ནི་ལུས་ཁམས་ཀྱི་བཅུད་ཤོར་བ་ལྟ་བུར་འགྱུར་བས་གནོད་པ་ཤིན་ཏུ་ཆེ། དེས་ན་མིའི་ལུས་ཁམས་གསོ་སྐབས་ཆ་གསུམ་བྱས་ཏེ། ཆ་གཅིག་ཟས་ཀྱིས་གསོ་བ་དང་། ཆ་གཅིག་གཉིད་ཀྱིས་གསོ་བ། ཆ་གཅིག་ནི་སྟོང་བར་འཇོག་པ་ཡིན། དེས་ན་གཉིད་ནི་མིའི་ལུས་རྟེན་གྱི་ཚེ་སྲོག་རྒྱུན་དུ་འཚོ་བར་མེད་དུ་མི་རུང་བ་ཞིག་ཡོད་པ་ང་ཚོས་ཤེས་གསལ་ལྟར་ཡིན་མོད། གཉིད་ཀྱི་སྐབས་སུ་སེམས་འཕྲུལ་བའམ་འཕྲུལ་སྣང་གློ་བུར་བ་ཞིག་ཡོད་པ་དེ་ལ་ང་ཚོས་རྨི་ལམ་ཟེར་བ་རེད། རྨི་ལམ་དུ་ཅི་རྨིས་ཐམས་ཅད་ཕྱིར་ཉིན་ཇི་བཞིན་མི་ཤོད་པ་ནི་ཡང་གསང་རྒྱ་ཅན་གྱི་གནས་ཤིག་རེད།
  འདིར་དཔྱད་པར་བྱ་བའི་གཞི་ནི། རྨི་ལམ་རྨིས་བཞིན་པའི་སྐབས་ཀྱི་ཤེས་པ་དང་ཕྱིར་ཉིན་དེའི་རྒྱུད་ཀྱི་ཤེས་རྒྱུན་གཅིག་ཡིན་ན། དོ་ནུབ་ཅི་རྨིས་པ་དེ་ཕྱིར་ཉིན་བརྗེད་ནས་མི་དྲན་པར་འགྱུར་བ་མི་རིགས་ཏེ། དཔེར་ན་ང་ཚོ་མི་ཐམས་ཅད་བྱིས་པ་ཆུང་ཆུང་ཡིན་དུས། ལས་ཀ་ཅི་བྱས་ཆེ་དུས་ད་རུང་བརྗེད་མེད་པ་ཀུན་གྱིས་དྲན་བཞིན་ཡོད་པ་ཞིག་རེད། དེ་ནི་མི་དེ་ཆུང་དུས་ཡིན་པ་དང་ཆེ་དུས་ཡིན་པ་གང་ལྟར་ཀྱང་དེའི་རྒྱུད་ཀྱི་ཤེས་རྒྱུན་གཅིག་པ་སྟེ་རྟག་པ་ཞིག་མིན་མོད་ཤེས་པའི་རྒྱུན་ནི་དུས་མཐའི་སྐད་ཅིག་མ་སོགས་ཀྱིས་སྦྲེལ་བའི་ཡུན་ཚད་ཆེས་ཕྲ་བ་ཞིག་ཡིན། ཡང་ན་རྨི་ལམ་རྨིས་བཞིན་པའི་སྐབས་ཀྱི་ཤེས་པ་དང་མི་དེའི་རྒྱུད་ཀྱི་ཤེས་པ་དེ་མི་འདྲ་ན། རྨི་ལམ་རྨིས་བཞིན་པའི་སྐབས་སུ་ཤེས་བཏགས་ཙམ་ལས་ཤེས་པ་ཡང་དག་པ་དེ་གང་ན་ཡོད། རང་རྒྱུད་ཀྱི་ཤེས་པ་ངོ་མ་ངལ་གསོ་བཞིན་ཡོད་དམ། གལ་ཏེ་རྨི་ལམ་རྨིས་བཞིན་པའི་སྐབས་ཀྱི་ཤེས་པ་དེ་ཤེས་པ་ཡང་དག་ཅིག་ཡིན་ན། དེའི་སྐབས་ཀྱི་སྣང་བ་འཁྲུལ་ཤེས་མིན་ལ་དེ་ནི་མངོན་སུམ་ཡིན། གཞན་ཡང་གཉིད་ལོག་པ་མིག་ཅེར་ཁ་གདངས་ནས་མཚན་མོར་འགྲོ་བ་ནི་མི་དེའི་རྒྱུད་ཀྱི་ཤེས་པ་ཡུལ་དུ་འཁྱམས་པ་ལས་མི་དེའི་ཕྱིའི་ལུས་ཀྱི་བེམ་པོ་དེ་ནི་རླུང་ལྟར་ཡང་ཞིང་གཡོ་བའི་རང་བཞིན་དུ་སོང་སྟེ་ལྕི་ཚད་སོགས་མེད་པ་ཡང་ཆེས་ཡ་མཚན་པའི་གནས་ཤིག་རེད། དཔེར་ན་གཉིད་ལོག་པ་མཚན་མོར་འགྲོ་བར་ཡང་དང་ཡང་དུ་བརྟག་ན། ཆུ་བརྒལ་སྐབས་སུ་རྐང་སེན་ཙམ་ཡང་ཆུ་ནང་དུ་མི་ནུབ་པ་དང་། ཁ་བའི་ནང་དུང་སོང་ན་རྐང་རྗེས་མེད་པ་དང་། མེ་ནང་དུ་ལག་པ་བསྲིངས་ན་མེས་མི་ཚིག་པ་སོགས་ནི་མི་ཞིག་གིས་གང་དྲན་དྲན་སྨྲས་པ་ཞིག་མ་རེད། དེ་དག་ནི་ང་ཚོས་རྒྱུན་དུ་མཉམ་འཇོག་བྱས་ན་རྟག་པར་མཐོང་ཐུབ་པའི་གནས་ཚུལ་ངོ་མ་ཞིག་ཡིན། ང་ཚོས་བལྟས་ན་གཉིད་ལོག་པ་གཞན་དུ་འགྲོ་ཚེ། མིའི་གཟུགས་ཕུང་མཐོང་བ་ལ་མི་དེའི་ལུས་ཀྱི་ལྕི་ཚད་གང་ཡོད་དེ་ལ་ཡོད་དགོས་བསམས་མོད་ཀྱང་། དེ་ལྟར་མ་ཡིན་པར་གཉིད་ལོག་པའི་སྐབས་ཀྱི་ལུས་ཀྱི་ལྕི་ཚད་ཡང་ཞིང་གཡོ་བའི་རང་བཞིན་ཅན་དུ་འགྱུར་བའི་ཚུལ་ལ་དཔྱད་ན། གཉིད་ལོག་པའི་ཤེས་པ་ཕྱི་རོལ་དུ་འཁྱམས་པ་ལས་བེམ་ཤེས་གཉིས་རྟེན་བརྟེན་པའི་འབྲེལ་བ་དབྱེར་མེད་དམ་པོ་ཡོད་པ་གཉིད་ལོག་པའི་སྐབས་སུ་མ་མཐོང་། གཉིད་ལོག་བྱེད་བཞིན་པའི་སྐབས་སུ་ཁྱི་མགོ་དང་། གཡེང་ས་གང་དག་ཏུ་སོང་ན་ཉེས་པའི་དོགས་པ་མེད་ཅེས་པའི་བཤད་སྲོལ་འབྲོག་པ་རྣམས་ལ་གྲགས། འོན་ཀྱང་གཉིད་ལོག་པ་གཉིད་ལས་སད་འཕྲལ་གྱི་གནས་སྐབས་སུ་དོགས་གཟབ་མ་བྱས་ན་ཉེན་ཁ་ཆེ་བར་བརྟག་ན། གཉིད་སད་དུས་སུ་མི་དེའི་རང་གི་ཤེས་པ་དེ་རང་གི་བེམ་ཁོག་ཏུ་ཞུགས་པ་དང་ད་བཟོད་འཇིགས་སྐྲག་ལ་སོགས་ཡོད་པ་ཨེ་ཡིན་སྙམ། མདོར་ན་མིའི་རྒྱུད་ཀྱི་ཤེས་པ་ལ་ཞིབ་འཇུག་བྱེད་སྐབས་སུ་རྨི་ལམ་སྐབས་ཀྱི་ཤེས་པ་སོགས་ལ་མཐའ་དཔྱོད་དགོས་པ་གལ་ཆེ་བར་སྙམ།