ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་ཀྱི་འཇལ་བྱེད་བྲེ་སྲང་རིག་གནས་སྐོར་གྱི་འབྱུང་འཕེལ་ལ་དཔྱད་པ།

སྤེལ་དུས 2018-01-11 ཡོང་ཁུངས། རྩེར་སྙེག རྩོམ་པ་པོ། ཚེ་རིང་ནོར་བུ།
          དེ་ཡང་ཆེས་སྔ་བའི་དུས་སྐབས་ནས་མཐོ་བོད་ས་མཐོའི་སྟེང་འཚོ་གནས་ལ་རོལ་བཞིན་པའི་རང་རིགས་ཀྱི་མེས་པོ་ཚོས་རྒྱུན་པར་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བརྟུལ་ཞུགས་འཛིན་བཞིན་སྲིད་འབྱོར་རིག་གནས་ལ་སྨན་པའི་ཁྱད་འཕགས་རིག་གནས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པ་དང་། ཁོ་ལག་ཡོངས་སུ་རྫོགས་ཤིང་ངོ་མཚར་ཆེ་བའི་ས་མཐོའི་རིག་གནས་ཀྱི་གཞུང་ལུགས་ཆ་ཚང་ཤིག་བཏོད་ཡོད།
          འཇལ་ཚད་བྲེ་སྲང་སྐོར་གྱི་རིག་གནས་འདི་ནི་མི་རྣམས་ཀྱིས་དུས་ཡུན་རིང་མོའི་ཐོན་སྐྱེད་འཚོ་བའི་བརྒྱུད་རིམ་ཁྲོད་རང་རང་འཚོ་གནས་ཀྱི་གོམས་སྲོལ་དང་། ཐོན་སྐྱེད་ལག་ལེན་གྱི་ཉམས་མྱོང་སྙིང་བཏུས་ངང་རིམ་གྱིས་དར་སྤེལ་རྒྱུད་འཛིན་དུ་སོང་བའི་ཉེར་མཁོའི་འཚོ་བའི་རིག་གནས་ཤིག་རེད་། དེ་ནི་མི་རྣམས་ཀྱི་འཚོ་བའི་དད་མོས་མཚོན་པའི་སྤྱི་མཐུན་གྱི་རིག་གནས་སྣང་ཚུལ་ཤིག་དང་། སྤྱི་ཚོགས་སྲིད་འབྱོར་རིག་གནས་ཀྱི་ཆུ་ཚད་ངེས་ཅན་དུ་སོན་པའི་བརྡ་རྟགས་ཤིག་ཀྱང་རེད།
          དུས་རིམ་སོ་སོའི་ནང་མི་རྣམས་ཀྱིས་གཅིག་ནས་མི་ཆོས་ཀུན་སྤྱོད་ཀྱི་གནད་དུ་བཟུང་ཏེ། རང་མོས་ཀྱི་སྲུང་བརྩི་དད་ལག་ལེན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དབང་སྒྱུར་པས་ཁྲིམས་ཡིག་གི་ལམ་དུ་འཁོད་ནས་དེའི་ཁྱད་འཕགས་ཀྱི་བྱེད་ནུས་ལ་སྲ་བརྟན་དར་འཕེལ་གཏོང་བའི་འབྱུང་རིམ་བརྒྱུད་མྱོང་ཞིང་། དེས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བརྟན་རླིང་གི་འཚོ་བའི་རིག་གནས་གཏོད་རྒྱུར་མི་དམན་པའི་ཁྱད་ནུས་མང་རབ་འདོན་སྤེལ་ཐུབ་པ་ནི་སུས་ཀྱང་བསྙོན་དུ་མེད་ཅིང་། རིམ་གྱིས་སྤྱི་ཚོགས་ཐོན་སྐྱེད་འཚོ་བའི་ཁྲོད་ཡོངས་སུ་རྒྱ་ཁྱབ་ངངག བཀོལ་སྤྱོད་བྱེད་པ་དང་། མེད་དུ་མི་རུང་བའི་སྤྱི་ཚོགས་འཚོ་བའི་རིག་གནས་ཤིག་དུ་གྱུར་ཡོད།
          འོན་ཀྱང་འདས་ཟིན་པའི་ལོ་རྒྱུས་ཀྱི་ཤུལ་ལམ་ནང་སྔ་ཕྱིའི་ལོ་རྒྱུས་སྨྲ་བ་དག་ཕལ་ཆེར་དུས་རབས་ཀྱི་བཀག་རྒྱ་དང་། ཆོས་ལུགས་ལྟ་བའི་ཕྱོགས་ཞེན་གྱིས་བསྒྲིབས་པས། ཚོང་ལས་དཔལ་འབྱོར་དང་། དེ་དང་འབྲེལ་བའི་འཇལ་བྱེད་བྲེ་སྲང་ལ་སོགས་པའི་འཚོ་བའི་རིག་གནས་སྐོར་ལ་ཡིད་སྣང་དེ་ཙམ་མི་བྱེད་པའི་ཕྱོགས་ལྷུང་རང་བཞིན་ཞིག མངོན་འདུག་སྟེ། སྔ་ཕྱིའི་ལོ་རྒྱུས་ཡིག་ཚང་ན་འདིའི་སྐོར་ཐར་ཐོར་ཙམ་མ་གཏོགས་སྔ་ཕྱི་གོ་རིམ་ཚང་ཞིང་གོང་བུར་ཆགས་པ་ཞིག་མེད་ལ། ལྷག་ཏུ་བོད་ཀྱི་ལོ་རྒྱུས་ཡིག་ཚངས་དག་ན་དེ་བས་ཉུང་། ཡིག་ཚང་ལ་ལ་ན་ཟུར་ཙམ་གླེང་མེད་པ་ཡང་ཡོད། འོན་ཀྱང་དུས་རིམ་སོ་སོའི་སྲིད་འབྱོར་གྱི་སྒྲིག་གཞིར་བརྟག་ཞིབ་ཚགས་ཚུད་པ་ཞིག་བྱ་འདོད་ན། འཇལ་ཚད་བྲེ་སྲང་གི་རིག་གནས་འདི་ཉིད་ཀྱང་ཤིན་ཏུ་གལ་འགངས་ཆེ་བའི་གནད་དུ་སོང་གཤིས། འདི་ནས་ཉེར་མཁོའི་ལོ་རྒྱུས་ཡིག་ཆ་གང་མང་ཞིག་ལ་དཔྱད་ཞིབ་དང་། ཡིག་ཚགས་ཀྱི་ནང་དོན་དཀྱུས་སུ་བཟུང་ནས་བོད་ཀྱི་ལོ་རྒྱུས་སྟེང་དུ་བྱུང་བའི་འཇལ་ཚད་བྲེ་སྲང་སྐོར་གྱི་རིག་གནས་ལ་ཅུང་ཙམ་བརྟག་པར་བྱའོ། །
གཅིག བཙན་པོའི་སྐུ་དུས་སུ་བྲེ་སྲང་རིག་གནས་ཀྱི་འབྱུང་བ་དང་འཕེལ་རིམ་སྐོར་གླེང་བ།
          ༡.བྲེ་སྲང་རིག་གནས་ཀྱི་མྱུ་གུ་ཐོག་མར་འབུད་པ་དང་ལུགས་མཐུན་གྱི་ཚོང་སྲོལ་དར་བ། །
          འདི་ཡང་ཐོག་མར་གདུང་རབས་ཉེར་བདུན་པ་ལྷ་ཐོ་དོ་རི་སྙན་བརྩན་གྱི་སྐུ་དུས་སུ་སྐབས་དེའི་རྒྱ་གར་གྱི་པནཊི་ཏ"བློ་སེམས་འཚོ་དང་། ལོ་ཙ་བ་ལི་ཐེ་སེས"ཆོས"སྤང་ཀོང་ཕྱག་བརྒྱ་པ་དང་། གསེར་གྱི་མཆོད་རྟེན་ཁྲུ་གང་པ་ཅིག །མདོ་སྡེ་ཟ་མ་ཏོག"ལ་སོགས་པའི་ཆོས་དེ་རྣམས་ཁྱེར་ཡོངས་ནས་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་ཐོག་མར་མར་བརྙེས་པར་བཤད་ཅིང་། དེ་ལས་སྐབས་དེ་ཙམ་ལ་སྤུར་རྒྱལ་གྱི་སྲིད་འབྱོར་རིག་གནས་རྨང་གཞི་ཇེ་བརྟན་དུསོང་བ་དང་། ཕྱི་ཕྱོགས་དང་ཕན་ཚུན་རིག་གནས་སྤེལ་རེས་མྱུག་གསར་ཆེས་ཆེར་འབུད་པར་མངོན་པ་དང་། །དེ་རྗེས་གདུང་རབས་སུམ་ཅུ་པ་བཙན་པོ་སྟག་བུ་གཉན་གཟིགས་ཀྱི་སྐུ་དུས་སུ་སླེབས་པ་ན"མཁར་ཕྱིང་བ་སྟག་རྩེ་ན་ནི་རྒྱལ་སྟག་བུ་སྙ་གཟིགས་བཞུགས། ཉེན་ཀའི་རྟིང་བ་ན་ནི་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། སྤུར་བའི་ཡུ་ན་ནི་ཟིང་པོ་རྗེ་ཁྲི་པངས་སུམ་མཆིས①ཞེས་གསལ་བ་ལྟར་པུར་རྒྱལ་འདི་ཉིད་བོད་དབུས་གཙང་ཁུལ་གྱི་རྒྱལ་ཕྲན་སྟོབས་ཤུགས་ཆེ་ཁག་གསུམ་གྱི་གྲས་སུ་གྱུར་པ་དང་མཐའ་བཞིའི་རྒྱལ་ཕྲན་གཅིག་འགྱུར་བཟོ་བའི་འགོ་ཚུགས་ཡོད་། དུས་མཚུངས་དཔྱ་བསྡུ་ཁྲལ་འཇལ་དང་སྟོང་བབ་འཇལ་བ་ལ་སོགས་པའི་སྤྱི་ཚོགས་ཀྱི་ལམ་ལུགས་འཐུས་འཚང་དུ་སོང་ཞིང་། ཚོང་ལས་དཔལ་འབྱོར་ལའང་དར་རྒྱས་ཤུགས་ཆེན་བྱུང་བ་དང་། འཇལ་ཚད་བྲེ་སྲང་སྐོར་གྱི་རིག་གནས་ཀྱང་འདི་དུས་སུ་ཐོག་མར་ལམ་ལུགས་ཅན་དུ་འགྱུར་བར་མངོན་སྟེ། ཡིག་ཚངས་ལས་། སྐབས་འདིར་ཁྲི་ངོར་སྣང་བཙུན་མོང་གི་བུས། "བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས②ཞེས། བོད་དུ་འཇལ་ཤོར་འདེགས་གསུམ་ཚད་གཞི་སྔ་བ་འདི་བྱུད་འདུག་ཅིང་། བྲེ་སྲང་གི་འཇལ་ཚད་གཏན་འཁེལ་བྱུང་བ་འདི་དམངས་ཀྱི་མོས་པ་དང་མཐུན་ཞིང་སྤྱི་ཚོགས་ཐོན་སྐྱེད་འཚོ་བའི་དགོས་མཁོ་དང་འཚམས་པ་དང་ཁྱི་རབས་པ་ཚོས་ཁྲི་ངོར་སྣང་བཙུན་གྱི་བུས་འཇལ་བྱེད་བྲེ་སྲང་གི་ཚད་གཞི་ཐོག་མར་གཏན་ཁེལ་བྱས་པའི་བདག་རྐྱེན་དུ་མཛངས་མི་བདུན་གྱི་གསུམ་པར་བཀུར་བའོ།
          ལམ་ལུགས་གསར་བ་ག་འདྲ་ཞིག་ཡིན་ཀྱང་རྨང་མེད་རང་བཞིན་ལྷུན་གྱིས་གྲུབ་པ་ཞིག་རྩ་བ་ནས་མེད་ཅིང་། འཇལ་ཚད་བྲེ་སྲང་གི་རིག་གནས་དེའང་ཡུན་རིང་སྤྱི་ཚོགས་ཐོན་སྐྱེད་འཚོ་བའི་བརྒྱུད་རིམ་ནང་ཐོན་རྫས་བརྗེ་སྤོ་དང་། ལམ་ལུགས་སྒྲིག་བཀོད་ཀྱི་དགོས་མཁོ། རྒྱུན་རིང་གི་ལག་ལེན་གོམས་སྲོལ་ནང་རིང་ནས་གྲུབ་པའི་སྤྱི་མཐུན་གྱི་སེམས་ཁམས་རྨང་གཞི་ཞིག་གི་སྟེང་རིམ་གྱིས་གྲུབ་པ་ནི་བརྗོད་དུ་མེད། "དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད"ཅེས་པ་ལྟར་། དེ་ནས་བཟུང་བོད་ན་བྲེ་སྲང་རིག་གནས་ཀྱི་སྤྱོད་སྒོ་ལུགས་མཐུན་དུ་སོང་བ་དང་། ཚོང་ལས་ཀྱི་ཐད་ལའང་སྔར་སོང་གི་དོ་མི་སྙོམས་པའི་ཐོན་རྫས་བརྗེ་རེས་ཀྱི་ཚད་ལས་འདས་ཏེ། དོ་མཉམ་ལུགས་མཐུན་གྱི་ཚོང་སྒོ་གསར་པ་ཞིག་གཏོད་ཤུབ་པ་བྱུང་བར་མངོན་ནོ། སྤྱིར་བྱ་དངོས་འཕེལ་འགྱུར་གྱི་ཆོས་ཉིད་ནི་དམའ་རིམ་ནས་རིམ་གྱིས་མཐོ་རིམ་དང་། ཅུང་སྟབས་བདེའི་ཚད་ལས་ཆེས་ཞིབ་ཚགས་ཅན་གྱི་ཕྱོགས་སུ་འཕེལ་འགྱུར་ཡོང་བ་ཞིག་ཡིན་ཕྱིར། འཇལ་ཚད་བྲེ་སྲང་གི་རིག་གནས་འདི་ཉིད་ཀྱང་རིམ་གྱིས་འཐུས་སྒོ་ཇེ་ཚང་དང་ཆེས་ཞིབ་ཚགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད་དོ། །
          ༢.བྲེ་སྲང་གི་འཇལ་ཚད་ཁྲིམས་ཡིག་ཏུ་ཕབ་པ་དང་སྒོས་མི་ཆོས་ཀུན་སྤྱོད་ཀྱི་གཞིར་འགྱུར་བ།
          བཙན་པོ་ཁྲི་སྲོང་བཙན་གྱི་སྐུ་རིང་ལ་མཚོ་བོད་མཐོ་གཞོང་ཁུལ་དུ་ཐོག་མར་གཅིག་འགྱུར་གྱི་སྲིད་དབང་བཙུགས་པ་དང་། སྲིད་འབྱོར་རིག་གནས་ཀྱི་སྟོབས་འབྱོར་ཆེས་ཆེར་རྒྱས་ཤིང་། ཕྱི་ཕྱོགས་སུ་ཤེས་དཔལ་དར་བའི་ཐང་རྒྱལ་རབས་དང་རྒྱ་གར་ལ་སོགས་རྒྱལ་ཁབ་དང་སྲིད་འབྱོར་རིག་གནས་ཀྱི་འབྲེལ་ཟམ་ལེགས་པར་བཙུགས་པ་དང་། ནང་ཁུལ་དུ་སྲིད་འབྱོར་སྒྲིག་གཞི་ཚགས་དམ་ལ་ཁྲིམས་ཡིག་བཀའ་བསྒོ་བཙན་པ་དང་། བཙན་པོའི་སྲིད་དབང་གི་མངའ་ཐང་སྟོབས་འབྱོར་ཆེས་ཆེར་རྒྱས་ཡོད་དེ། ཏུན་ཧོང་གི་བརྡ་རྙིང་ཡིག་ཆར། "བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོའི་རིམ་པ་དང་། ཆེ་ཆུང་གཉྀས་ཀྱི་དབང་ཐང་དང་། ལེགས་པ་ཟིན་པ་འྀ་བྱ་དགའ་དང་། ཉེ་ཡོ་བ་འི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དད་དོར་ཀ་དང་། སླུངས་ཀྱི་གོ་བར་སྙམ་པ་དང་། བྲེ་པུལ་དང་། སྲང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། །བཙན་པོ་ཁྲི་སྲོང་བརྩན་གྱི་རིང་ལས་བྱུང་ངོ"③ཞེས་གསལ་བ་ལྟར་དང་། འཇལ་བྱེད་བྲེ་སྲང་སྐོར་གྱི་རིག་གནས་འདི་ཉིད་ཀྱང་བཙན་པོ་ཁྲི་སྲོང་བཙན་གྱི་སྐུ་རིང་ལ་ཐོག་མར་ཁྲིམས་ཡིག་གི་ལམ་ནས་གཏན་ལ་ཕབ་པ་དང་། དར་འཕེལ་བྱུང་ཡོད་དེ། ཁོད་སོ་དྲུག་གི་ནང་གསེས་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་ལས་། གཉིས་པ། འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་ཅེས་པར་འཁོད་དོན་དུ།
           "བྲེ་སྲང་ཕུལ་འཁྱོར་ཞོ་ནམ་སེ་བསྲན་སོགས། །
          བཀའ་ལ་བཏགས་པ་ཁྲིམས་ཡིག་གཉིས་པ་སྟེ།
          འབུམ་གྱི་གསེར་ཐོག་ཤ་བ་ཅན་ཞེས་གྲགས"④། །ཞེས་གསུངས་ཤིང་། བྲེ་སྲང་ལ་སོགས་འཇལ་ཤོར་འདེགས་གསུམ་གྱི་ཚད་གཞི་ཁྲིམས་ཀྱི་ལམ་ནས་གཏན་ལ་ཕབ་པ་དང་། དེ་བཞིན"མི་ཆོས་གཙང་མ་བཅུ་དྲུག་གིས་སྤྱོད་ལམ་གྱི་ཁ་བཟུང"⑤ཅེས་གསལ་བ་ལྟར་ཁྲིམས་ཀྱི་ལམ་ནས་མི་ཆུན་པའི་ཉེས་སྤྱོད་སྣ་ཚོགས་ལ་ཡང་དག་པའི་ཚད་འཛིན་བྱ་ཕྱིར་མི་ཆོས་ཀུན་སྤྱོད་ཀྱི་ལམ་དུ་འཁོད་ཅིང་། "བུ་ལོན་དུས་སུ་འཇལ་ཤིང་བྲེ་སྲང་ལ་གཡོ་སྒྱུ་མི་བྱེད་པ"⑥ཞེས་འཇལ་ཚད་བྲེ་སྲང་གི་རིག་གནས་འདི་ཉིད་ཀྱང་མི་ཆོས་གཙང་མ་བཅུ་དྲུག་གི་དོན་ཚན་དུ་འདྲེན་ནས་དེའི་ཁྱད་འཕགས་ཀྱི་བྱེད་ནུས་དར་སྤེལ་དང་སྲུང་སྐྱོབ་གང་ལེགས་ཐུབ་པ་བྱུང་ཡོད།
          མར་ཁེ་སི་དང་ཨེན་ཀི་སིས། "ཁྲིམས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་ཀྱི་རྣམ་པ་དང་མཚུངས་ཏེ། ཁྲིམས་ལ་རང་ངོས་ནས་གོ་བ་ལེན་མི་ནུས་ཤིང་། མིའི་རིགས་ཀྱི་བསམ་བློ་ནང་བཞིན་འགྲེལ་བ་ཡང་བྱ་མི་འོས་པར། དེ་ལས་ལྡོག་སྟེ་དེའི་འབྱུང་ཁུངས་དངོས་ནི་དངོས་པོའི་འཚོ་བའི་ཆ་རྐྱེན་ལ་བརྟེན་པ་ཡིན།⑦ཅེས་གསུངས་པ་ལྟར་སྤྱི་མཐུན་གྱི་ཁྲིམས་ཡིག་བྱུང་བ་དེས་སྐབས་དེའི་སྤྱི་ཚོགས་དཔལ་འབྱོར་གྱི་རྨང་གཞི་ཆུ་ཚད་ཆེས་མཐོན་པོར་བསྙེགས་ཟིན་པ་མཚོན་ལ། ཐོན་རྫས་བརྗེ་ཚོང་གི་ལས་སྒོ་དེ་དམངས་ཁྲོད་ཁྱབ་གདལ་རང་བཞིན་དུ་སོང་ཟིན་པ་དང་། དེ་ལས་ཀྱང་འཇལ་ཚད་བྲེ་སྲང་རིག་གནས་ཀྱི་གཞལ་དུ་མེད་པའི་བྱེད་ནུས་རང་བཞིན་དང་དོར་དུ་མེད་པའི་ཁྱད་འཕགས་རང་བཞིན་ཀྱང་མངོན་བཞིན་འདུག །
          ༣.བྲེ་སྲང་འཇལ་ཚད་ཐད་མ་གདྷའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚུལ་མངོན་པ།
          བཙན་པོ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་འདུལ་བ་དང་། མདོ་རྩའི་འགྲེལ་པ་ལ་སོགས་ཆོས་གཞུང་མན་ངག་དང་བཅས་པ་དང་བཅས་པ་བསྒྱུར་ནས་དག་པར་བྱས་སོ། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས། སྡེ་སྣོད་གསུམ་ཁྲི་གཅིག་གི་སྟེང་ནས་གསུང་བར་བྱས་ཏེ། ཆོས་ལུགས་བཟང་པོ་མཛད། དཀར་ཆག་བཏབ་ནས་ཕྱོགས་ཕྱོགས་སུ་བསྲིངས་སོ། བཀའ་རྒྱ་ཆེ་ཆུང་ཡང་ཡི་གེར་བཏབ་མཛད་དོ། "ཐ་ན་བྲེ་དང་སྲང་། ཞོ་ལ་སོགས་པ་རྒྱ་དཀར་པོ་མ་ག་དྷ་དང་བསྟུན་ནས་འོན་ཆང་རྡོ་དང་། (སྐྱིད)ཤོད་ཤོ་མ(རར)གཏན་ལ་ཕབ།"⑧ཅེས་པ་ལྟར་སྐབས་དེའི་འཇལ་ཚད་བྲེ་སྲང་དང་བཅས་པར་ཡང་མ་གདྷའི་རིག་གནས་ཀྱི་ཤན་ཞུགས་ཚུལ་མངོན་ཞིང་། ཕལ་ཆེར་འདུལ་བའི་གཞུང་དུ་འདུལ་ཁྲིམས་བསྐྱངས་ཕྱིར་ཆད་སྐྱོན་ཕོག་རིགས་ལ་ཉེས་ཚབ་ཆེ་ཆུང་གཞིར་བཟུང་སེ་བ་ལ་སོགས་འཇལ་བྱེད་ཚད་གཞི་བཀོལ་བཞིན་ཁྲིམས་ཆད་གཏོང་སྲོལ་མཆིས་པ་འདུལ་བའི་འགྲེལ་པ་མང་ཆེ་བའི་མ་བྱིན་ལེན་གྱི་སྐབས་སུ་གསལ་བ་དང་། དེ་ལྟའི་ལམ་ལུགས་ཀྱིས་སྐབས་དེའི་རྒྱུན་བཀོལ་འཇལ་ཚད་བྲེ་སྲང་ཐད་དུའང་ཤན་ཞུགས་པར་ངེས་སོ།
          ༤.བཙན་པོའི་སྐུ་དུས་ཀྱི་འཇལ་ཚད་ཀྱི་ཐང་གཞི་གླེང་བ།
          དེ་ཡང་སྔ་ཆར་གྱི་དཔྱད་གཞིའི་ཡིག་ཆར་གཞིགས་ཏེ་མཁས་དབང་འགའ་ཞིག་གིས་ཆོད་སྡོམ་གནང་བ་ལྟར་ན། "སྲོང་བཙན་སྒམ་པོ་ནས་ཁྲི་རལ་པ་ཅན་གྱི་བར་བཙན་པོའི་སྐབས་ཀྱི་བྲེ་ཚད་ནི་འབྲུ་རིགས་ཡ་ཁྱོར་ཉི་ཤུ་རྩ་གཅིག་ལ་བྲེ་གང་དུ་བརྩི་བ་དང་། དེ་ཡང་ཡ་ཁྱོར་གསུམ་དང་ཕྱེད་ཀ་ལ་ཕུལ་གང་དུ་བརྩི་བའི་ཕུལ་དྲུག་ལ་བྲེ་གང་། བྲེ་ཉི་ཤུ་ལ་ཁལ་གཅིག་བརྩི་བའི་ལུགས་གཅིག་དང་། ཡང་ཡ་ཁྱོར་གསུམ་ལ་ཕུལ་གང་དང་ཕུལ་བདུན་ལ་བྲེ་གང་། བྲེ་ཉི་ཤུ་ལ་ཁལ་གཅིག་བརྩི་བའི་ལུགས་གཉིས་ཡོད་རུང་། གང་ལྟར་ཡ་ཁྱོར་ཉི་ཤུ་རྩ་གཅིག་ལ་བྲེ་གང་བརྩི་བར་ཁྱད་མེད་པ་དེ་ནི་སྐབས་དེའི་འབྲུ་རིགས་གཤོར་འཇལ་གྱི་ཁལ་དང་བྲེའི་ཚད་གཞི་ཡིན་ལ་བྲེ་ནི་ཤིང་བྲེ་ཡིན། ཤ་མར་སོགས་འདེགས་བྱེད་སྲང་གི་ཚད་གཞི་ནི། ནས་རྡོག་ཆེ་བ་གཉིས་དང་། འབྲིང་བ་གཉིས། ཆུང་བ་གཉིས་བཅས་ནས་འབྲུ་ཆེ་ཆུང་དྲུག་གི་ལྗིད་ཚད་ལ་སེ་བ་གང་། སེ་བ་ཉི་ཤུའི་ལྗིད་ལ་ཞོ་གང་། ཞོ་བཅུའི་ལྗིད་ལ་སྲང་གང་། སྲང་བཞིའམ་སྤོར་བཞི་ལ་ཉག་གང་། ཉག་ཉི་ཤུ་སྟེ་སྲང་བརྒྱད་བཅུ་ཐམ་པ་ལ་ལ་ཁལ་གཅིག་བརྩི་བ་ནི་སྐབས་དེའི་འདེགས་འཇལ་གྱི་སྲང་ཚད་ཡིན། འདེགས་བྱེད་ཀྱི་སྲང་ནི་ཤིང་སྲང་ཡིན་པར་གྲགས། གསེར་དངུལ་སོགས་ཀྱི་འདེགས་ཚད་ནི་སྲང་བདུན་ལ་ནམ་གཅིག ནམ་བདུན་ལ་ཞོ་གང་། ཞོ་བཅུ་ལ་སྲང་གང་ཡིན་པར་གྲགས"⑨ཞེསགསུངས་པ་ལྟར་རོ། །
གཉིས། བསིལ་དུའི་དུས་སྐབས་ནས་དགའ་་ལྡན་ཕོ་བྲང་པའི་བར་གྱི་འཇལ་ཚད་བྲེ་སྲང་སྐོར་ལ་གླེང་བ།
          ༡.ཡུལ་ལུང་རེར་ཡུལ་ཁྲིམས་ཀྱི་ཞལ་ལྕེ་མང་དུ་ཐོན་པ་དང་། ཡུལ་བྲེ་ཡུལ་སྲང་ལ་སོགས་པའི་འཇལ་ཚད་སོ་སོར་གྱེས་པ།
          རྒྱལ་པོ་འུ་དུམ་བཙན་བཀྲོངས་རྗེས་བོད་ཡུལ་བསིལ་མར་འགྱུར་བ་དང་། ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་ནང་གཅིག་འགྱུར་གྱི་སྲིད་དབང་མེད་པར་དབང་ཤེད་སྟོབས་ཤུགས་སོ་སོས་རང་རང་མངའ་རིས་བཅད་བཟུང་དང་། གསར་དུ་ཐོན་པའི་མངའ་བདག་གྲལ་རིམ་སོ་སོས་ཀྱང་ཡུལ་ཚན་རེ་བཅད་བཟུང་བདག་སྐྱོང་བྱེད་བཞིན་གཅིག་འོག་གཅིག་ཏུ་མི་འདུ་བའི་ས་གནས་སྟོབས་ཤུགས་ཤོག་ཁ་མང་ཙམ་གྱེས་ཅིང་། སྔར་སྲོལ་གྱི་སྲིད་འབྱོར་སྒྲིག་གཞི་དེའང་འཕེལ་འགྱུར་སྣ་ཚོགས་བྱུང་ནས། བླ་མ་རེ་ལ་ཆོས་ལུགས་རེ། ལུང་པ་རེ་ལ་སྐད་ལུགས་རེ། ཅེས་པའི་ཁ་དཔེ་ཡུལ་གྲུ་རེར་ཡུལ་ཁྲིམས་རེ་དང་། ཡུལ་བྲེ་དང་ཡུལ་སྲང་ཅེས་འཇལ་བྱེད་བྲེ་སྲང་གི་ཚད་གཞི་ཡང་སོ་སོར་གྱེས་ཡོད་ལ། སྤྱོད་སྒོ་ཡང་ཅུང་མང་ཙམ་ཡིན་ངེས་སྟེ། ལྔ་པ་ཆེན་པོས་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་དུའང་སྐབས་རེ"ཡུལ་བྲེ"⑩བཀོལ་རྒྱུན་ཡོད་ཚུལ་གསལ་བ་ལས་ཀྱང་རྟོགས་ནུས།
          ༢.ཚོང་འདུས་ཀྱི་ཁྲོམ་རྭའི་རིན་ཐང་གཞིར་བཟུང་གསེར་དངུལ་གྱི་ལྗིད་ཚད་གཏན་ལ་ཕབ་པ། ཚོང་ལས་ཀྱི་སྐོར་དེ་ཡང་བཙན་པོའི་སྐུ་དུས་ནས་ཤིན་ཏུ་དར་ཞིང་། ལྡེའུ་ཆོས་འབྱུང་དུ"ཁ་བརྒྱད་ནི་ཁྲོམ་ཁ་ཆེན་པོ་བརྒྱད་ལ་བྱའོ11ཞེས་སྲོང་བཙན་སྐུ་དུས་སུ་གཙོ་བོར་ཚོང་ལས་གཉེར་བའི་ཚོང་འདུས་ཀྱི་ཁྲོམ་ཁ་ཆེན་པོ་བརྒྱད་ཡོད་པར་བཤད་ལ། འབངས་ཁྱིམ་རྗེ་བྲན་རིམ་པ་ལྔ་བཤད་པའི་སྐབས་སུ། "རྒྱ་བྱ་ཆོང་པ་ལ་སོགས་ཚོང་པ་ལྔ12ཞེས་ཐོན་ཟོག་མི་འདྲ་བའི་ས་གནས་ཁག་གི་བརྗེ་ཚོང་གི་ལས་རིགས་བསྒྲུབས་པའི་ཁུལ་ལྔ་རུ་དབྱེ་བ་ལ་སོགས་ཚོང་ལས་ཀྱི་ལས་སྒོ་མང་ཞིང་། བསིལ་བུའི་དུས་སྐབས་ནས་བཟུང་ཏེ། སྐབས་དེའི་ཡུལ་བབ་དང་རིག་དངོས་འཚོ་བའི་རྒྱུ་རྐྱེན་གྱིས་བསྐུལ་ནས། གནས་ངེས་གཏན་དང་དུས་ངེས་གཏན་དུ་ཐོན་རྫས་བརྗེ་སྲོལ་དམིགས་རྐྱེན་དུ་འཛིན་ནས་ཚོང་འདུས་ཚོགས་སྲོལ་ཞིག་རིམ་གྱིས་དར་བ་དང་། བྲེ་སྲང་གི་འཇལ་ཚད་ཀྱང་གཅིག་འགྱུར་ཡོང་བའི་འགོ་ཚུགས་ཡོད།
          དེ་ཡང་ཐོག་མར་དབུས་གཙང་གི་མཁས་པ་མི་བཅུས་བླ་ཆེན་གྱི་དྲུང་ནས་ཆོས་ཞུས་ཏེ་ཡུལ་དབུས་སུ་ཕེབས་པ་ན། ལོ་སྟོན་ན་རེ་ཁྱེད་རྣམས་འདིར་བཞུགས། ངས་ཚོང་པ་དང་འགྲོགས་ཏེ་དབུས་གཙང་དུ་ཕྱིན་ལ་བསྟན་པ་དར་བར་ནུས་ན་བསྡད་ཀྱི་ཁྱེད་རྣམས་ཡང་བྱོན། མི་ནུས་ན་ལོག་ལ་འོང་གསུངས་ནས་འདན་མའི་ཚོང་པ་དང་འགྲོགས་ཏེ་ཚོང་པ་སྔར་གསུམ་འཕྲང་ནས་ལྡོག་པ་ལ། ལོ་སྟོན་གྱིས་འདི་ནས་མ་ལྡོག་པར་གཙང་དུ་སོང་ཚོང་ལེགས་པར་འོང་། མགུར་མོ་རབ་ཁ་ན་ལོ་ནད་གཙུག་ན་བྱ་བ་ཡོད། དེ་ལ་ཁྱེད་ཀྱི་བུ་རབ་ཏུ་བྱུང་ནས་དབུས་ན་ཡོད་གྱིས་ཤིག་བྱས་ཏེ་བཏང་བས་ཚོང་ལེགས་པར་བྱུང་། དེ་ཕྱིན་མགུར་མོ་ཚོང་འདུས་ཆགས"13པ་དང་། དེ་སྔོན་བོད་ཀྱི་གསེར་དངུལ་ལྗིད་ཚད་ཀྱི་ཐང་གཞི་ཡང་ཚོང་འདུས་མགུར་མོའི་ཁྲོམ་རའི་རིན་ཐང་གཞིར་བཟུང་ནས"14རིམ་གྱིས་གཏན་ལ་ཕབ་པ་དང་། དེ་བཞིན་གཙང་པ་རྒྱལ་པོའི་དུས་སུའང"དགོས་འདོད་འཕྲུལ་ཟམ་གྱི་ཚོང་འདུས་གང་ལ་གང་འདོད་དུ་འདུ"15བཞིན་གསེར་རྐྱང་གི་སྲང་ཚད་དང་སེ་བའི་བྲེ་ཚད་ཀྱི་རིན་བབ་ཐད་། "ཚོང་འདུས་ཀྱི་གསེར་རིན་ལག་ཡོད་གང་འདུག་ལ་ཆ་འཇོག་པ་སོགས་གནང"16སྲོལ་མཆིས་ཤིང་། །དེ་ཙམ་ནས་བཟུང་བྲེ་སྲང་གི་འཇལ་ཚད་ཀྱང་སླར་ཡང་གཅིག་མཐུན་ཡོང་འགོ་ཚུགས་ཡོད། །
          ༣.བྲེ་སྲང་གི་འཇལ་ཚད་སྐོར་དེ་རིམ་གྱིས་ཁྲིམས་ཡིག་ཏུ་ཕབ་ནས་གཅིག་མཐུན་བྱུང་བ།
          ཡོན་གོང་མ་སེ་ཆེན་ཧན་གྱིས་སྔ་རྗེས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པར་དབུས་གཙང་ཁྲི་སྐོར་བཅུ་གསུམ་དང་བོད་ཆོལ་ག་གསུམ་ཡོན་མཆོད་དུ་ཕུལ་བ་དང་། ས་སྐྱ་དཔོན་ཆེན་གྱི་ལམ་ལུགས་རིམ་པར་བྱུང་ཏེ། ས་སྐྱ་པས་བོད་ཡོངས་ལ་དབང་བསྒྱུར་བའི་འགོ་ཚུགས། འཇའ་མོ་བཏབ་པ་དང་དུད་གྲངས་བརྩིས་གཤེར་ལ་སོགས་པའི་བརྒྱུད་རིམ་ནང་སྲིད་འབྱོར་གྱི་སྒྲིག་གཞི་རིམ་གྱིས་ཞིབ་ཚགས་ཅན་དུ་འགྱུར་བ་དང་།བྲེ་སྲང་གི་འཇལ་ཚད་སྐོར་ཡང་རིམ་གྱིས་གཅིག་མཐུན་གྱི་འགོ་ཚུགས་ཟིན་པ་ནི་སྨོས་མེད་རེད། གཞན་ཡང་། ས་སྐྱའི་དུས་སྐབས་སུ་ལས་སྒོ་བཅུ་གསུམ་གྱི་དབྱེ་བ་ཕྱེས་ཚུལ་དང་བོད་ཡོངས་ཧོར་ཁྲིམས་ཀྱི་ལུགས་བཞིན་བསྐྱངས་བར་གསལ་ཀྱང་ཁྲིམས་འདི་དང་འདི་ཞེས་མཐོང་བར་མ་ནུས་པས་ཞིབ་ཏུ་སྨྲ་བར་མི་སྤོབས་ཞིང་།
          ཕག་གྲུ་སྡེ་སྲིད་ཀྱི་དབང་སྒྱུར་རིང་ལ་ཆོས་རྒྱལ་གོང་མའི་ལུགས་སྲོལ་ལ་གཞིར་བཅས་གཡུ་སྒྲ་སྒྲོག་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་གཏན་ལ་ཕབ་པ་དང་། དེ་ལས་དགུ་པ། ཡུལ་དུས་ཚོང་གི་ཞལ་ལྕེ་རུ། "ཕན་ཚུན་ཉོ་འདོད་ཚོང་འདོད་ཀྱི་མཚམས་སུ་རིན་རྒྱག་བྱེད་པ་ལ་ཐོག་མར་ཞོ་ཐག་བཅད་པར་བྱ་སྟེ"17སྔོན་ནས་འཇལ་ཚད་གཏན་འཁེལ་དགོས་པར་བསྟན་པ་དང་། དེ་བཞིན"ཉོ་ཚོང་གང་བྱེད་ཀྱང་ཕན་ཚུན་འོག་ཚོད་བླངས་ནས། རི་སྤུས་གང་འོས་དང་། ཞོ་གྲངས་ཁལ་གྲངས་གང་འོས་ལ་རིག་པས་སྤྱད་ནས་བྱེད་པ་ཡིན་ནོ"1ཞེས་རིན་བབ་གཞིར་བཟུང་འཇལ་ཚད་བཀོལ་སྤྱོད་བྱེད་པ་དང།
          གཙང་པ་རྒྱལ་པོའི་སྐུ་དུས་སུ་བཀའ་ཁྲིམས་ཀྱི་བཅད་ཁ་གཙང་ཞིང་བརྗིད་གནོན་ཆེ་བས་རྒན་མོ་སེར་འཁུར་རྫོགས་ལྡན་གྱི་དུས་ཅེས་ཀུན་གྱིས་བསྔགས་ཅིང་། དུས་དེར་ཚལ་པའི་ཁྲིམས་ཡིག་རྙིང་པ་དང་། དེ་བཞིན། "ཞལ་ལྕེའི་རྩ་བ་རྒྱལ་ཁྲིམས་ཟེར་བ་ལྟར་རྒྱལ་པོའི་ཁྲིམས་ཡིག་གི་དགོངས་པའི་ཁྲིམས་ཡིག་ཆེན་མོ་གཞིར་བཞག །ཡུལ་ཁྲིམས་ལ་དཔེ་བླངས། རང་ཁྲིམས་ཡིག་ལུགས་གའུ་ལ་བསྒྲིགས་ནས་ཞལ་ལྕེ་ཆེན་མོ་བཅུ་དྲུག་གཏན་ལ་ཕབ་ཅིང་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གཏན་ལ་ཕབ"19པ་དང་། བདུན་ཚན། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ་རུ་བྲེ་སྲང་གི་འཇལ་ཚད་གཏན་ལ་ཕབ་ཡོད་ལ། ཚོང་འདུས་ཀྱི་གསེར་རིན་ལག་ཡོད་གང་འདུག་ལ་ཆ་འཇོག་གནང་སྲོལ་སྐོར་འཁོད་འདུག་ཅིང་། འཇལ་ཚད་ཐད"སྨར་སེར་ཕྱེད་མའི་སྲང་གང་ལ་གསེར་ཞོ་བཞི། སྨར་ཞོ་བཞི། སྨར་ཞོ་ལ་གཙང་བྲེ་ཚད་ཀྱི་ཁལ་བརྒྱད། གསེར་ཞོ་ལ་དེ་ལྡབ་འཕར་བའི་ཁལ་བཅུ་དྲུག རྩེ་བྲེ་ཚད་ཀྱིས་བྱེད་པའི་སྲོལ་དང་། ཡང་མཁར་རུའི་ཁལ་དྲུག་ལ་སྨར་ཞོ། བཅུ་གཉིས་ལ་གསེར་ཞོ། དབུས་ལ་གསེར་བྲེའི་བཞི་ཞོ་དང་གསུམ་ཞོ་སོགས་རྣམ་གྲངས་ཤིན་ཏུ་མང་བ་འདུག་པ་ཞོའི་ཚད་ནི། ཚལ་པའི་ཁྲིམས་ཡིག་རྣམས་སུ་ཞོ་བཟང་ངན་འབྲིང་གསུམ་དུ་བྱས་པའི་མཛོ་རྟ་དྲེལ་རྒྱབ་ལོངས་ལ་བཟང་ཞོ་གང་། བོང་བུ་ཕོ་རྒྱགས་ཚད་ཀྱི་རྒྱབ་ལོངས་ལ་འབྲིང་ཞོ། བོང་མོ་གླང་ཆུང་གི་རྒྱབ་ལ་ངན་ཞོ་བྱེད་པ་སོགས་འདུག་པ་ཐམས་ཅད་དུ་མཁར་རུའི་དྲུག་ཞོ་ནི་ཚད་པར་ཤེས་པ་བཞིན། ནས་སུ་ཕབ་ན་བརྒྱད་ཞོའི་དམར་སེར་གྱི་སྲང་གང་ལ་ནས་ཁལ་དགུ་བཅུ་གོ་དྲུག་མཁར་རུའི་དྲུག་ཞོལ་བདུན་ཅུ་དོན་གཉིས་ཐོབ20པ་ལ་སོགེས་པའི་གཏན་འབེབ་ཀྱང་བྱས་ཡོད་བྱས་ཡོད། སྤྱིར"མཁར་རུའི་འབོ་དྲུག་ཞོ་འདི་ཡུལ་ཐམས་ཅད་དུ་ཚད་མར་ཤེས་བཞིན། བྲེ་མཁར་རུ་ལ་ཆ་བཞག་པ་དང་། སྲང་ཆེན་གྱི་ཐ་སྙད་ནི་སྨར་ཞོའི་ནང་ནས་ཞོ་བརྒྱད་ལ་སྲང་ཆེན་རེ་བྱས་བའི་མཁར་རུའི་དྲུག་ཞོ་བྱས་ན་ཁལ་བཞི་བཅུ་ཞེ་བརྒྱད་ལ་སྲང་ཆེན་རེ"21བརྩིས་སྲོལ་མཆིས་སོ། །
          དགའ་ལྡན་ཕོ་བྲང་གི་སྲིད་དབང་གི་སྐབས་སུ། ཏཱལ་འི་བླ་མ་སྐུ་ཕྲེང་ལྔ་པས་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་གཏན་ལ་ཕབ་པ་དང་། འཇལ་ཚད་ཐད་ཡུལ་བྲེ་ཡུལ་སྲང་གི་སྤྱོད་རྒྱུན་ཕྲན་བུ་སྣང་བ་དང་། དབུས་གཙང་བྲེ་སྲང་གི་འཇལ་ཚད་སོ་སོར་མཆིས་པ་ལ་འཇལ་ཚད་ཡོངས་སུ་གཅིག་མཐུན་ཡོང་ཕྱིར"ཁྲིམས་ཀྱི་བྲེ་སྲང་བསམ་གྲུབ་རྩེའི་བྲེ་སྲང་ཚད་མར་ཆ་བཞག"22པ་དང་། བཞི་ཚན་ནག་ཆེན་ཁྲག་སྦྱོར་གྱི་ཞལ་ལྕེ་རུ་བྲེ་སྲང་གི་འཇལ་ཚད་ཇི་ལྟར་ཡིན་ཚུལ་སྐོར་འཁོད་པ་ནི"སྨར་སེར་ཕྱེད་མའི་སྲང་གང་ལ་གསེར་ཞོ་བཞི་དང་། སྨར་ཞོ་བཞི། ཞོ་ཐང་གཞིས་ཀ་བསམ་གྲུབ་རྩེར་གཏན་ཚིགས་མཁའ་འབོའི་ཁལ་བརྒྱད་ལ་མར་ཞོ་གང་། གསེར་ཞོ་གང་ལ་དེའི་ལྡབ་འཕར་བའི་ཁལ་བཅུ་དྲུག་ལ་གསེར་ཞོ་གང་དུ་བརྩི་བ"23ལ་སོགས་པའི་འཇལ་ཚད་གཏན་འབེབ་བྱུང་བའོ།
          དེ་བཞིན་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་ལ་བལ་པོའི་རྒྱལ་ས་ཀ་ཏ་མན་ཏུའུ་ནས་བཟོས་པའི་སྤྱོད་དངུལ་བླུགས་མ་བོད་ཡུལ་དུ་དར་འགོ་ཚུགས་པ་དང་། བལ་ཡུལ་གྱི་བསྲེ་ལྷད་སྤྱོད་དངུལ་དང་བོད་ཡུལ་ཀྱི་དངུལ་དཀར་ལྗིད་ཚད་གཅིག་མཚུངས་ངང་བརྗེས་ཀྱི་ཡོད། ཕྱིས་དོ་མི་མཉམ་པའི་ངང་ཚུལ་དེ་རིམ་གྱིས་ཕྱིར་མངོན་ཏེ་ཕན་ཚུན་བར་རྩོད་རྙོག་ཀྱང་རྒྱུན་གཏན་དུ་སོང་བ་དང་། དུས་མཚུངས་བོད་རང་གི་དངུལ་ལོར་བཟོ་བཅོས་ལམ་ལུགས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། རྒྱུན་གཏན་གྱི་ཁྲོམ་ཚོགས་སུ་འཇལ་ཚད་ཀྱི་ཚད་གཞི་ཡང་གཅིག་འགྱུར་ཡོང་ཕྱིར་ཡང་ཡང་ཁྲིམས་ཀྱི་ཁ་ནོན་ཡོད་དེ། སྐབས་དེའི་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་ལས་ལྷ་ས་འདིར་རྒྱ་དཀར་ནག་སེར་གསུམ། ཁ་ཆེ། ནེ་པ་ལ། །སྟོད་ཧོར་གྱི་རིགས་ཇི་སྙེད། མོན་དང་ཀླ་ཀློ་སོགས་སྐད་དང་ཞྭ་སྟབས་མི་གཅིག་པ་སྣ་ཚོགས་ཤིག་ཚོང་འདུས་འདི་ཉིད་དུ་འཚོག་པར་རྒྱུན་གཏན་ཁྲོམ་ཚོགས་ལ་ཁྲིམས་སོགས་ལ་ཁྲིམས་ནོན་ཞིང་ཞོ་ཐུར་ཉག་སྲང་བྲེ་བཅས་ཚད་མ་ཡིན་མིན་རྟོག་ཞིབ་བཅུག་པའི་ཚད་ལྡན་ཞེ་གཅིག་ཏུ་ཡོང་བ་དགོས་ཅེས་འཁོད་པ་དང་། དེ་ཡང་སྐབས་དེའི་ཚོང་ཟོག་ཉོ་ཚོང་སྐབས་ཀྱི་འཇལ་ཤོར་གྱི་ཚད་གཞི་སྐོར་ལ་དཔེ་མཚོན་ཙམ་དུ་འདྲེན་པ་ནི། "བོད་དང་ཧིན་རྡུའི་ཚོང་ཟོག་བརྗེ་རེས་ལས་ཧིན་རྡུ་ནས་ཐོན་པའི་བུ་རམ་སོགས་ཤོར་ལ་འདེགས་བ་དང་། བོད་ཐོན་གྱི་མར་དང་བལ་སོགས་ཁལ་ལ་འདེགས་ཀྱི་ཡོད་པས་ཁལ་གཅིག་ལ་ཉག་ཉི་ཤུ་དང་། ཁལ་བཅུ་གཉིས་ལ་མོན་དོ་གཅིག་བཅས་ཡིན། ད་དུང་འབྲུ་རིགས་གཤོར་བྱེད་རུའི་ཁལ་གང་ལ་བྲེ་ཉི་ཤུ། བྲེ་གཅིག་ལ་ཕུལ་དྲུག་ཡིན། གཞིས་རྩེ་ཁུལ་དུ་ཆོས་འབོ་ཞེས་བྲེ་བརྒྱད་ལ་འགྲོ་བའི་འབོ་ཡང་ཡོཔཚད་འཇལ་ནི་རས་ཁ་གང་ཞེས་རས་སོགས་ཀྱི་ཚད་འཇལ་གྲུ་བཞི་མ་ཞིག་གི་ཚད་ལཟེམཤ་ལ་སོགས་པ་འགའ་ཤས་སྤོམ་ཚོད་ཀྱང་བྱེད་ཀྱི་ཡོད་བོད་དངུལ་ཐད་ཁ་གང་གཉིས་ལ་སྐར་ལྔ་དང་། གསུམ་ལ་སྐར་ཕྱེད་བརྒྱད། བཞི་ལ་ཞོ་གང་དྲུག་ལ་ཏྲང་གཞོ་བཅུལ་སྲང་གང་། སྲང་ལྔ་བཅུ་ལ་རྡོ་ཚད་གཏིག་བཅས་ཀྱི་བརྩི་སྲོལ་ཡོད"24ཅེས་བྱའོ། །
གསུམ། མཇུག་བསྡུ་བ།
          བོད་ཀྱི་བྲེ་སྲང་གི་རིག་གནས་སྐོར་འདི་ནི་ཐོག་མར་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་དང་བསྟུན་ནས་རིམ་གྱིས་འཕེལ་འགྱུར་བྱུང་བ་དང་། དེ་རྗེས་དུས་རིམ་སོ་སོའི་ནང་དབང་འཛིན་སྟོབས་ཤུགས་མངའ་ཁོངས་རྒྱ་བསྐྱེད་བྱེད་པ་དང་གཅིག་འགྱུར་གྱི་སྲིད་དབང་འཛུགས་པའི་བརྒྱུད་རིམ་ནང་བཀའ་ཁྲིམས་ཞལ་ལྕེ་གཏན་འབེབ་བྱེད་པ་དད་ཆབས་ཅིག་འཇལ་ཚད་བྲེ་སྲང་གི་སྐོར་འདི་ཡང་རིམ་པར་ཁྲིམས་སུ་ཕབ་ནས་ལུགས་མཐུན་ཅན་དུ་འགྱུར་བ་དང་། ཡང་དུས་ཡུན་རིང་མོའི་ནང་སྲིད་འབྱོར་རིག་གནས་ཀྱི་འཕེལ་འགྲིབ་ཁྲོད་བྲེ་སྲང་འཇལ་ཚད་ཀྱང་འཕེལ་འགྱུར་སྣ་ཚོགས་བྱུང་ནས་ཡུལ་གྲུ་སོ་སོར་ཡུལ་བྲེ་དང་ཡུལ་སྲང་ལ་སོགས་པའི་འཇལ་ཚད་མང་ཙམ་གྱེས་ཤིང་། དེ་རྗེས་རིམ་པར་གཅིག་འགྱུར་བྱུང་བ་ལ་སོགས་པའི་བརྒྱུད་རིམ་བརྒྱུད་ཡོད་། མདོར་ན། བྲེ་སྲང་གི་རིག་གནས་འདི་ནི་སྤྱིར་སྤྱི་ཚོགས་སྲིད་འབྱོར་སྒྲིག་གཞིའི་ཐོན་དངོས་ཤིག་དང་། སྲིད་འབྱོར་སྟོབས་ཤུགས་ཆེས་ཆེར་འཕེལ་བའི་བརྡ་རྟགས་ཤིག་ཀྱང་རེད། འདིར་ནི་ཁོ་བོས་ལོ་རྒྱུས་དེབ་ཐེར་ཐོག་ཏུ་ཐར་ཐོར་དུ་འཁོད་པའི་འཇལ་ཚད་སྐོར་རྣམས་དཀྱུས་སུ་བཟུང་བ་དང་། གཙོ་བོ་ནི་དུས་རིམ་སོ་སོའི་ནང་གི་ཁྲིམས་ཡིག་ཏུ་གསལ་བའི་འཇལ་ཚད་རིག་གནས་སྐོར་དཔྱད་གཞི་བྱས་ཏེ་ལོ་རྒྱུས་སྟེང་གི་བྲེ་སྲང་རིག་གནས་སྐོར་ལ་དཔྱད་པ་ཅུང་ཙམ་བགྱིས་ཁུལ་བྱས་ཡོད་རུང་། རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་དབུལ་བ་དང་དཔྱད་གཞིར་བཟུང་བའི་ཡིག་རིགས་ཕུན་སུམ་ཚོགས་པོ་མ་ཡིན་པ་ལ་སོགས་པའི་རྒྱུ་རྐྱེན་དབང་གིས་ད་དུང་ཞིབ་ཆ་མ་ཐོན་ས་དང་རབ་རིབ་ཏུ་འགྱུར་བའི་ཆ་མི་ཉུང་ཙམ་གནས་ཡོད་ཅིང་། བློ་ལྡན་ཚོགས་ཀྱིས་དག་སེལ་ཁ་སྐོང་དང་མུ་མཐུད་དཔྱད་བརྗོད་གནང་རྒྱའི་འདུན་པ་ཆེ། །