ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

མདོ་སྨད་ཆབ་འགག་ཡུལ་དུ་དར་བའི་དམངས་ཁྲོད་རྩོམ་རིག་སྐོར་ལ་དཔྱད་པ།

སྤེལ་དུས 2018-02-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་དོན་གྲུབ།
            དེ་ཡང་ཆབ་འགག་གསེར་གཞོང་རིང་མོ་ཞེས་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཡུལ་དེར་འདུས་སྡོད་བགྱིད་པའི་བོད་རིགས་ནི་གནའ་སྔ་མོ་ནས་ཡོད་པའི་གདོད་མའི་མི་རིགས་ཤིག་ཡིན་ཞིང་།  དུས་ཡུན་རིང་བའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཁོང་རྣམས་ཀྱིས་རང་གི་རྩོལ་བ་དང་བློ་རིག་ལ་བརྟེན་ནས་རང་བྱུང་ཁམས་དང་འཐབ་རྩོད་བྱས་ཏེ་བཅོས་སྒྱུར་བགྱིད་པའི་ལག་ལེན་ནང་དུ་དངོས་པོའི་འབྱོར་བ་ཕུན་སུམ་ཚོགས་པ་གསར་སྐྲུན་གནང་བ་དང་ཆབས་ཅིག  གསོན་ཤུགས་ལྡན་པའི་ཕུལ་བྱུང་རྩོམ་རིག་སྒྱུ་རྩལ་ཡང་གང་མང་ཞིག་གསར་དུ་བསྐྲུན་ཡོད། དམངས་ཁྲོད་རྩོམ་རིག་ལ་མཚོན་ན་ཐོག་མར་ངལ་རྩོལ་ཁྲོད་དུ་བྱུང་བ་དང་། རིམ་གྱིས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ནས་ཇེ་རྒྱས་དང་ཇེ་ལེགས་སུ་སོང་བ་རེད།  དེར་མི་དམངས་ཀྱི་འཚོ་བ་དང་འདོད་བློ།  དགའ་སྐྱོ་ཆགས་སྡང་སོགས་མཚོན་ཡོད་ལ། བགྲང་བྱ་བརྒྱ་ཕྲག་དུ་མའི་རིང་གི་འཚོ་བའི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་འཕེལ་རིམ་ཡང་མཚོན་པ་ལས་གཞན།  ལོ་རྒྱུས་ཀྱི་དར་རྒུད་ཀྱང་མཚོན་ཡོད་པས།  དམངས་ཁྲོད་རྩོམ་རིག་ནི་མི་དམངས་མང་ཚོགས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཁྱད་འཕགས་ཅན་གྱི་རྩོམ་རིག་གི་གྲས་ཤིག་ཡིན་པ་གདོན་མི་ཟའོ། །   
            དེ་ཡང་ཆབ་འགག་ཡུལ་ལ་དར་ཁྱབ་ཏུ་སོང་བའི་དམངས་ཁྲོད་རྩོམ་རིག་སྐོར་ལ་ཆ་མཚོན་ན། རྩོམ་རིག་གི་རིགས་མང་པོ་ཡོད་པ་དེ་ཡང་སྐོར་ཞིག་ས་དེ་གའི་ངལ་རྩོལ་མི་དམངས་ཐུན་མོང་གིས་གསར་རྩོམ་བགྱིས་པ་དང་། སྐོར་ཞིག་གཞན་ཡུལ་ནས་ཁྱབ་ཡོང་བ་ཡིན། ཡང་སྐོར་ཞིག་ལ་ཡོན་ཏན་པས་ལེགས་སྒྲིག་ཀྱང་གནང་མྱོང་བ་རེད།  གཤམ་དུ་ཆབ་འགག་ཡུལ་དུ་དར་རྒྱ་ཆེ་བ་དང་ཁྱད་ཆོས་ཐུན་མིན་ཡོད་པའི་རྩོམ་རིག་སྟེ། གཉེན་བཤད་དང་ཆང་བཤད་སྐོར་དང་། རྒན་པོའི་བསླབ་བྱའི་སྐོར། རོགས་འཐེན་གྱི་སྐོར། གླུ་དང་ཤགས་ལ་གཞས་ཀྱི་སྐོར།  འབྲས་དཀར་གྱི་སྐོར།  གླིང་གེ་སར་སྒྲུང་གི་སྐོར་བཅས་པ་དམིགས་སུ་བཀར་ནས་དཔྱད་གཏམ་རགས་ཙམ་བརྗོད་པ་ལགས།     
 
            དང་པོ། གཉེན་བཤད་དང་སྟོན་བཤད་ཆང་བཤད་ཀྱི་སྐོར།
            དེ་ཡང་མི་རིགས་གང་དང་གང་ཞིག་ཡིན་རུང་ཚང་མར་མི་རིགས་རང་གི་་་ཁྱད་ཆོས་ལྟར་གཉེན་སྟོན་གྱི་མཛད་སྒོ་རྒྱ་ཆེ་སྤེལ་བའི་སྲོལ་ཆགས་ཡོད།  ཁྱད་པར་དུ་མདོ་སྨད་བོད་ཀྱི་གཉེན་སྟོན་གྱི་མཛད་སྒོའི་ཐོག་གླུ་ལེན་གར་རྩེ་བྱེད་པ་སྤྱི་དང་བདག་ཞང་ཚན་དང་སྐུ་མགྲོན་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་ཕན་ཚུན་ལ་འགྲུལ་བཀུར་དང་གཉེན་བཤད་སྟོན་བཤད་ཆང་བཤད་སྐ་རགས་བཤད་པ་བཅས་ཀྱི་ཆོ་ག་གཟབ་རྒྱས་སུ་མཛད་སྲོལ་ཡོད་པ་ནི་གཞན་དང་ཐུན་མོང་མ་ཡིན་པའི་སྲོལ་བཟང་ཞིག་ཡིན།   
            རང་རེའི་ཨ་མདོའི་ཆབ་འགག་ཡུལ་གྱི་གཉེན་སྲོལ་དང་བཤད་པ་རྣམ་གསུམ་གྱི་སྐོར་ཐམས་ཅད་ཀྱང་ཕལ་ཆེར་མདོ་སྨད་ཡུལ་གྱི་རོང་འབྲོག་ས་ཁུལ་གྱི་འགྲོ་ལུགས་བཤད་ལུགས་དང་མཐུན་པ་ཡིན།  ཡུལ་དེར་དར་རྒྱ་ཆེ་བའི་གཉེན་བཤད་ཀྱི་ལུགས་སྲོལ་ལ་མཚོན་ན།  ཐོག་མར་ཁ་བདེ་ལྕེ་བདེ་ཅན་གྱི་ཕོ་གསར་ཞིག་གིས་ལག་ཏུ་ཆང་དཀར་དང་ཁ་བཏགས་བཟུང་ནས་ཡུལ་ལྷ་གཞི་བདག་ལ་མཆོད་ཁ་འཕེན་པ་དང་། དེའི་འཕྲོར་གཉེན་གྱི་དར་ལུགས།  གཏམ་གྱི་སྒོ་མོ་རྣམ་གསུམ། གཏམ་གྱི་འདུས་པ་རྣམ་གསུམ། ཨ་ཁུ་དཔོན་གྱི་སྐྱེས་རབས། ཨ་ཁུ་ཚང་གི་སྐྱེས་རྒྱུད། གཉེན་ཚང་གི་སྐྱེས་རབས། བག་མ་དང་མག་པར་བསྟོད་པ།  སྐ་རགས་ལ་བསྟོད་པ་བཅས་རིམ་བཞིན་བཤད་པའི་སྲོལ་ཡོད།  གཉེན་བཤད་ཀྱི་ཞུ་ཚིག་རེ་རེའི་ནང་རྗོད་བྱེད་ཚིགས་བཅད་དུ་བསྟར་ཞིང་། བཏོན་ན་ཁར་བདེ་ལ་ཉན་ན་རྣ་བར་སྙན་པས།  རྒན་གཞོན་ཀུན་གྱི་སེམས་ཀྱི་སྐྱོ་སྡུག་གི་སྣང་བ་ཅི་ཡང་རང་ཡལ་དུ་འགྲོ་ཞིང་དགའ་བ་དང་སྤྲོ་བའི་སྣང་བ་རྒྱ་ཆེར་སྐྱེད་ཐུབ་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་འདུག དཔེར་ན། གཉེན་བཤད་གསེར་གྱི་འཁོར་ལོ་ལས། དང་པོ་ལྷ་ཀླུ་གཉིས་ཀ་གཉེན་དར་ཟིག །ལྷའི་དབང་བོ་བརྒྱ་བྱིན་གྱི་བུ་མོ། །ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ལ་མནའ་མ་བྱིན་ཟིག །བར་བ་རྗེ་བཙུན་འཇམ་དབྱངས་བྱས་ཟིག   །སྔ་དཔོན་པད་མ་འབྱུང་གནས་བྱས་ཟིག །ཕྱི་དཔོན་ཕྱག་ན་རྡོ་རྗེ་བྱས་ཟིག །ལྷ་རྟ་དཀར་པོ་བག་རྟ་བྱས་ཟིག །རི་མོ་ཅན་གྱི་གོས་གོན་ཟིག  །དར་ཚོན་སྣ་ལྔའི་སྐ་རགས་བཅིངས་ཟིག །རིན་ཆེན་སྣ་ལྔའི་རྒྱན་ཆ་བཏགས་ཟིག །ཡིད་བཞིན་ནོར་བུའི་རྫོང་བ་བྱས་ཟིག །ལྷ་ཚངས་པ་དཀར་པོ་མགྲོན་འགོ་བྱས་ཟིག །ལྷ་རིགས་དྲི་མ་མེད་པ་མགྲོན་ལ་ཆས་ཟིག །སྟེང་ལྷ་འོག་གཉིས་ཀྱིས་སྟོན་མོ་བྱས་ཟིག །ཞེས་པ་དང་། དེ་ནས་གནམ་ས་གཉིས་ལ་གཉེན་དར་ཟིག །ལྷ་འཛིན་གནམ་ལྷ་དཀར་པོའི་བུ་མོ། །ས་འཛིན་ལེགས་པ་ཆེན་མོ་ལ་མནའ་མ་བྱིན་ཟིག   །ལྷ་ཕྲུག་མོན་ཆེན་འོད་ཟེར་མག་པ་བྱས་ཟིག །བར་བ་ལྷོ་སྤྲིན་སྨུག་པོ་བྱས་ཟིག །སྔ་དཔོན་ཉི་མ་སེར་པོ་བྱས་ཟིག །ཕྱི་དཔོན་ཟླ་བ་དཀར་པོ་བྱས་ཟིག །སྐྱི་བསེར་རླུང་ནི་བག་རྟ་བྱས་ཟིག །སྨིན་དྲུག་ཁྲ་མོ་བག་རོགས་བྱས་ཟིག །འཇའ་ཚོན་སྣ་ལྔའི་གོས་གོན་ཟིག །རིན་ཆེན་སྣ་ལྔའི་ཕྲ་བཀོད་ཟིག །དམ་ཅན་རྡོ་རྗེ་ལེགས་པ་མགྲོན་འགོ་བྱས་ཟིག །སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་མགྲོན་ལ་ཆས་ཟིག །གནམ་ས་གཉིས་ཀའི་སྟོན་མོ་བྱས་ཟིག །ཞེས་པ་ལྟ་བུའི་ཚིག་དོན་ཉམས་གསུམ་ལྡན་པའི་གཉེན་བཤད་རིམ་པ་མང་པོ་ཡོད་དོ། །  
            སྟོན་བཤད་ལ་མཚོན་ནའང་གཉེན་བཤད་ཆང་བཤད་དང་ཕལ་ཆེར་གཅིག་མཚུངས་ཡིན་མོད།  འོན་ཏེ་མི་མཚུངས་སའང་ཡོད་དེ།  དེ་ཡང་སྟོན་བཤད་ནི་སྟོན་མོའི་གཞི་རྒྱ་ཆེ་ཆུང་དང་གྲལ་གྱི་རྒན་དར་གཞོན་གསུམ།  མ་སྲུ་ཆེ་རྒན་ཆུང་གསུམ། སྟོན་མོའི་སྡེར་ཁའི་ཆེ་ཆུང་། སྐུ་མགྲོན་ཚོའི་ཤོམ་གྱི་བཟང་ངན་སོགས་ལ་བསྟོད་པ་བགྱིད་པ་གཙོ་བོར་བརྗོད་པ་ཞིག་གོ །དཔེར་ན། སྟོན་བཤད་གསེར་གྱི་མེ་ཏོག་ལས་ཚན་པ་ཞིག་བཀོད་ན་འདི་ལྟ་སྟེ། གནམ་ལ་བལྟས་ན་སྐར་མ་བཟང་གི །ས་ལ་བལྟས་ན་དུས་ཚོད་བཟང་གི །འདི་ལྷོ་འཛམ་བུ་གླིང་གི་ལྟེ་བ། །བོད་ཁ་བ་ཅན་གྱི་ས་ཆ། །ས་ཆབ་འགག་ཡུལ་གྱི་གནས་བཟང་། །ཐང་གཡུང་དྲུང་འདྲ་བའི་དཀྱིལ་དབུས།  །ཁྱིམ་ཕྱུག་པོའི་ལྷས་ར་ཡངས་ས།  །སྐྱིད་ཀྱི་ལྷ་ཁྱིམ་གུར་ཁྱིམ་འདི་ན།  །བཀྲ་ཤིས་རྟགས་བརྒྱད་འདྲ་བའི་མགྲོན་པོ་ཚོགས་ཀི །འཇའ་ཚོན་སྣ་ལྔ་འདྲ་བའི་དར་འཐེན་གི །ཁུ་བྱུག་གསུང་སྙན་འདྲ་བའི་གཏམ་བཤད་གི  །རབ་མཛེས་མེ་ཏོག་འདྲ་བའི་གོས་གོན་གི  །བདུད་རྩི་བསིལ་མ་འདྲ་བའི་ཆང་འཐུང་གི །སྙན་མོ་པི་ཝང་འདྲ་བའི་གླུ་ལེན་གི །རྨ་བྱས་གུར་ཁང་ཕུབ་འདྲའི་བྲོ་འཁྲབ་གི །སྟོན་མོ་ཕུན་སུམ་ཚོགས་པར་རྟེན་འབྲེལ་ཞུ།། ལྟ་བུའོ།  །སྟོན་བཤད་ཀྱི་ཚན་པ་འདིར་མཚོན་ན་ཚིག་སྙན་ཞིང་འཇེབས་པས་སྟོན་མོའི་ཁྱད་ཆོས་ཕལ་ཆེར་ཆ་ཚང་བར་བརྗོད་ཡོད་པ་དང་།  ད་དུང་མགྲོན་གྱི་ཚོགས་པ་དང་དར་འཐེན་པ། གཏམ་བཤད་པ། གོས་གོན་པ། གླུ་ལེན་པ། གར་འཁྲབ་པ་སོགས་དང་བཀྲ་ཤིས་རྟགས་བརྒྱད་དང་འཇའ་ཚོན་སྣ་ལྔ།   ཁུ་བྱུག་གསུང་སྙན།  རབ་མཛེས་མེ་ཏོག  སྙན་མོ་པི་ཝང་།  རྨ་བྱའི་གུར་ཁང་སོགས་ལ་རིམ་པར་དཔེ་བླངས་ནས་སྟོན་མོར་བསྔགས་བརྗོད་བགྱིས་པ་འདི་ཡང་ཤིན་ཏུ་རན་ཞིང་འཚམ་ལ་ཡིད་འགུག་གི་ནུས་པ་ལྡན་པ་ཞིག་ཡིན་ཞིང་། སྟོན་བཤད་དེ་གཉེན་བཤད་དང་མི་མཚུངས་ས་ནི་སྟོན་མོར་མཚོན་ན་སྟོན་མོའི་ནང་དོན་ལྟར་དུ་བརྗོད་བྱའི་དོན་གཙོ་བོ་འབུར་དུ་ཐོན་དགོས་པ་དེའོ། ། དཔེར་ན།    རྟ་རྒྱུག་དགའ་སྟོན་གྱི་སྐབས་སུ་རྟ་དང་རྟའི་སྒ་དང་སྲབ་ལ་བསྟོད་པ་བགྱིད་པ་དང་།    མདའ་རྩེད་ཀྱི་སྐབས་སུ་མདའ་གཞུ་སོགས་ལ་བསྟོད་པའི་གོམས་སྲོལ་ཡོད་པ་ལྟ་བུའོ། །  
            གཞན་ཡང་ཡུལ་ཕྱོགས་འདིར་དར་རྒྱ་ཆེ་བའི་ཆང་བཤད་ལ་ཆ་མཚོན་ནའང་གཙོ་བོ་ཆང་གི་ཕན་ཡོན་དང་འབྱུང་ཁུངས།  དགོས་གལ་གྱི་རང་བཞིན་བཅས་བརྗོད་པ་ཡིན། དཔེར་ན། ཆང་སྐྱེམས་བསྟོད་པ་ལས། འདི་ལོ་ལ་བསྙལ་བའི་ལོ་ཆང་ཡིན།  །ལོ་ཆང་བདུད་རྩི་ཁམ་པ་ཡིན།  །ཟླ་ལ་བསྙལ་བའི་ཟླ་ཆང་ཡིན། །ཟླ་ཆང་བདུད་རྩི་ཟིལ་མ་ཡིན། །ཞག་ལ་བསྙལ་བའི་ཞག་ཆང་ཡིན། །ཞག་ཆང་བདུད་རྩིའི་ཉིང་ཁུ་ཡིན། །གངས་ཅན་ཡུལ་གྱི་ནས་བཅུད་ཡིན།  །འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན།  །གེ་སར་རྒྱལ་པོའི་གསོལ་ཆང་ཡིན།  །སྔགས་པ་རྣམས་ཀྱི་བུམ་ཆང་ཡིན།  །མཁས་པ་རྣམས་ཀྱི་གཏམ་ཆང་ཡིན།  །གཉེན་པོ་རྣམས་ཀྱི་སྟོན་ཆང་ཡིན།  །དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན།  །གཞོན་པ་རྣམས་ཀྱི་རྩེད་ཆང་ཡིན།  །ཆེ་རྒན་པ་བཀུར་བའི་འབུལ་བ་ཡིན།  །མགྲོན་ཚུར་ཡོང་རྣམས་ཀྱི་བསུ་མ་ཡིན།   །མགྲོན་ཕར་འགྲོ་རྣམས་ཀྱི་རྫོང་བ་ཡིན། །གྲོགས་ཉེ་རིང་སྒྲིག་པའི་བར་བ་ཡིན། །གཏམ་ཀུ་རེ་འབྱེད་པའི་ལྡེ་མིག་ཡིན།  །གླུ་རྩེད་མོ་གཉིས་ཀྱི་སྒོ་འབྱེད་ཡིན།  །ཐག་ཉེ་རིང་མེད་པའི་གྲོགས་པོ་ཡིན། །ཞེས་པ་ལྟ་བུ་ལགས། འདིར་ཆང་བཤད་ལས་ཚན་པ་གཅིག་མ་གཏོགས་བཀོད་མེད་ན་ཡང་།  བདུད་རྩི་ཆང་གི་འབྱུང་ཁུངས་གསལ་ལེར་བརྗོད་ཡོད་པར་མ་ཟད། སྔགས་པའི་བུམ་ཆང་དང་མཁས་པའི་གཏམ་ཆང་། གཉེན་པོའི་སྟོན་ཆང་། དཔའ་བོའི་དཔའ་ཆང་། གཞོན་པའི་རྩེད་ཆང་། རྒན་པོའི་བཀུར་ཆང་བཅས་པའི་ཕན་ཡོན་རིམ་བཞིན་འཇིག་རྟེན་གྱི་ལུགས་སྲོལ་ལ་མཐུན་པར་བརྗོད་འདུག ཆང་བཤད་ཀྱི་རིགས་འདི་མདོ་སྨད་ཡུལ་ཕྱོགས་འདིར་དར་ཁྱབ་ཀྱི་རྒྱ་ཆེ་ཞིང་ཡུན་རིང་ལ།  ད་དུང་ཡུལ་ཁམས་སོ་སོའི་ཡུལ་སྲོལ་གོམས་འདྲིས་ལྟར་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་པའི་སྒང་ཡིན་ནོ། ། 
            ད་དུང་སྐྲ་ཤད་ཀྱི་བཤད་པ་དང་། བག་མ་གཏོང་ཁའི་གདམས་ཚིག རྟ་ཁ་བསུ་བ།  ལྕག་འབོད་པའི་གཏམ། མག་བཅིངས་དང་གླུ་རིང་མོ་བཅས་མང་པོ་མཆིས་ཀྱང་འདིར་རེ་རེ་གསལ་བོར་བརྗོད་པ་ལ་ཚིག་ཚོགས་ཀྱི་ལོ་འདབ་རྒྱས་པར་དོགས་ནས་མཚམས་བཞག་པ་ཡིན།

            གཉིས་པ། རྒན་པོའི་བསླབ་བྱའི་སྐོར།
            དེ་ཡང་རང་རེའི་མདོ་སྨད་ཆབ་འགག་ཡུལ་འདིར་གནའ་ནས་བཟུང་རྒན་པོའི་བསླབ་བྱ་འགའ་རེ་དར་ཁྱབ་བྱུང་མྱོང་མོད།  ཡིན་ནའང་དུས་ནམ་ཡང་ཉམས་པ་མེད་པའི་བསླབ་བྱ་ནི་རྣམ་རྒྱལ་ཚེ་ལོའི་བསླབ་བྱ་དང་ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ་ཞེས་པ་འདི་གཉིས་ཀ་ཡིན།  དེའི་ནང་དུ་ཡང་དར་ཁྱབ་ཤིན་ཏུ་ཆེ་བ་ནི་རྣམ་རྒྱལ་ཚེ་ལོ་ཡིན་ལ།  དེར་ཨ་མདོའི་རོང་འབྲོག་ས་ཁུལ་གྱི་མང་ཚོགས་ཀུན་གྱིས་རྣམ་རྒྱལ་ཚེ་ལོའི་བསླབ་བྱ་ཞེས་དགའ་བསུ་ཆེས་ཆེན་པོ་བགྱིད་པའི་རྒྱུ་མཚན་གཙོ་བོ་ཡང་བསླབ་བྱ་དེས་འཇིག་རྟེན་མི་ཡུལ་འདི་རུ་འཚོ་གཞེས་གནང་བའི་ཆེ་བ་རྒན་པ་དང་ཆུང་བ་བྱིས་པ་སུ་ཡིན་ཡང་འཇིག་རྟེན་གྱི་གནས་ལུགས་བརྩི་བ་དང་བྱ་ངན་སྤྱོད་ངན་སྤོང་བ།   མི་བཟང་དོན་བཟང་བསྒྲུབ་དགོས་པ་བཅས་ཀྱི་བསླབ་བྱ་ཡིད་ལ་འབབ་པ་ཞིག་བཏང་ཡོད་པ་ལས་གཞན། དལ་འབྱོར་གྱི་མི་ལུས་རིན་ཆེན་འདི་རྙེད་དཀའ་བ་དང་། རྙེད་པའི་སྐབས་སུ་འཇིག་རྟེན་ལ་ཕན་འབྲས་ལྡན་པའི་ལས་དོན་ཞིག་མ་བསྒྲུབས་ན། མུན་ནག་ཕྱི་མའི་ཡུལ་དུ་སོང་ན་རྒྱུ་ཡོད་ཀྱང་བཀོལ་ས་མེད་པ་དང་གོས་ཡོད་ཀྱང་གོན་ས་མེད་པ། དཔའ་ཡོད་ཀྱང་ངོམ་ས་མེད་པའི་ལོ་རྒྱུས་དག་གསལ་ལེར་བརྗོད་ཡོད་པས་སོ། །   
            དེར་ཡང་རྣམ་རྒྱལ་ཚེ་ལོ་ཞེས་པའི་རྒན་པོ་དེས་ངག་ཐོག་ནས་བསླབ་བྱ་ཕུན་སུམ་ཚོགས་པ་ཞིག་རྩོམ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡང་།  ཁོང་རང་ནི་ཚེ་སྟོད་ལ་རྒྱུ་ནོར་ལོངས་སྤྱོད་རྒྱས་པ་དང་།   རྟ་ནོར་ལུག་གསུམ་དབྱར་ཁའི་མེ་ཏོག་ཇི་བཞིན་འཛོམས་པ་ཞིག་ཡིན་ནའང་།  ཚེ་སྨད་ལ་ཕྱི་ནང་ཀུན་གྱི་རྒྱུ་ནོར་ཐམས་ཅད་མེ་ཏོག་སད་ཀྱིས་བཅོམ་པ་ལྟར་ཚར་སོང་བ་ལས། ཁོང་གིས་རྒྱུ་ནོར་འདི་མི་རྟག་རྩྭ་མགོའི་ཟིལ་བ་ལྟར་ཡིན་པ་ཤེས་པས།  སེམས་ཅན་ཀུན་ལ་ཁ་ཏ་བསླབ་བྱའི་ཁ་ཆེམས་འདི་གནང་བར་གྲགས་སོ། །   
            རྒན་པོའི་བསླབ་བྱ་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ན་ཡི་གེ་ཤེས་པ་དང་མི་ཤེས་པ་ཐམས་ཅད་ཀྱིས་གོ་སླ་ཞིང་། བརྗོད་བྱའི་དོན་ཡང་སྤྱི་ཚོགས་འཚོ་བར་ཤིན་ཏུ་མཐུན་པ་ཞིག་ལགས། དཔེར་ན། ངས་ཕོ་གསར་རྣམས་ལ་ཁ་ཏ་བྱེད། ཡང་བསོད་ནམས་ཅན་གྱི་དར་ལུགས་བཤད། ཡུལ་ཕ་མར་བརྩི་བཀུར་བྱེད་རེ་ལྟོས། །ནང་ཉེ་བོ་ཀུན་ལ་བྱམས་རེ་ལྟོས། །དུས་རྒྱུན་དུ་ཁ་ལས་དགེ་རེ་ལྟོས། །འདི་བསོད་ནམས་ཅན་གྱི་ཚོགས་བསགས་རེད། ། ཡང་མིན་ན་དེང་རབས་ཕོ་གསར་ཚོ། ། ཡུལ་ཕ་མ་གཡོག་ལ་བཀོལ་སྲོལ་ལྟོས། །ཡུལ་ཕ་མ་སྒོ་ལ་ཕུད་སྲོལ་ལྟོས།  །ཡང་སྐ་རགས་བྱིན་ཕྲ་བླངས་ནོ་ལྟོས།  །ད་གྲི་རིང་འཕྲེད་འདོགས་བྱས་ནོ་ལྟོས། །ཡང་འཁོར་གི་འཁོར་གི་འགྲོ་སྲོལ་ལྟོས། །ཤོམ་ཆེན་ཕུ་རུང་རིང་ནོ་ལྟོས། །ང་རྒྱལ་ཁེངས་དྲེགས་ཆེ་ནོ་ལྟོས། །བོས་ན་ཨ་ལན་རིང་ནོ་ལྟོས། །ཚིག་བཤད་ན་སྐད་མགོ་མཐོ་ནོ་ལྟོས། །རྒྱགས་བཏང་ན་རྒྱ་སྒོར་མི་ཤོང་གི །ལྟོགས་བཏང་ན་དྲ་མར་མི་ཐོགས་གི ། ཁྱོད་རྩྭ་གཟན་ཞིག་གི་གོང་རོལ་རེད། །  ཡང་རྩམ་གཟན་ཞིག་གི་ཞོལ་མ་རེད།  །དེ་མ་བྱེད་དེང་རབས་ཕོ་གསར་ཚོ།  །བརྩི་དགོས་ནོ་ལོ་ལོན་རྒན་པོ་རེད། །ནང་སྒོས་སུ་དྲིན་ཅན་ཕ་མ་རེད། །ཅེས་པ་ལྟ་བུར་མཚོན་ནའང་། སྐྱེ་བོ་སུས་ཀྱང་གོ་སླ་བར་མ་ཟད། ཕོ་གསར་རྣམས་ཀྱི་སྐྱོན་དག་སྦ་གསང་མེད་པར་སུན་འབྱིན་གནང་ཡོད་པས་བཤད་པ་གནད་ལ་ཕོག་འདུག  
            ད་དུང་མགོ་དཀར་པོ་ཅན་གྱི་ལོ་ལོན་ཚོར་ཁ་ཏ་གནང་བར་ཡང་འདི་ལྟ་བུའི་ཚན་པ་ཞིག་ཡོད་པ་སྟེ། འཇིག་རྟེན་ཁམས་ཀྱི་འཁོར་བ་འདི། །སྐྲ་ནག་པོའི་དུས་སུ་མ་འགྲུབ་ན། །མགོ་དཀར་པོ་ལོན་དུས་གང་ནས་འགྲུབ། །ཚེ་འདི་ནས་ཡུན་རིང་འདུག་ཁོམ་མེད། །ལོ་ལོན་ནས་བརྒྱད་ཅུར་བུད་དུས་སུ། །ཁ་བཀོད་པ་མ་འཐེན་ལོ་ལོན་ཚོ །ཁ་བཀོད་པ་ས་ནས་ལོངས་སོང་ཟིག །ཁ་ཚགས་མ་མང་ལོ་ལོན་ཚོ། །ཁྱོད་གོ་ཁ་ཐེམས་ནོ་དགའ་ནི་བྱོས། །ད་རྒས་པའི་སྡུག་བསྔལ་ཐོན་དུས་སུ། །མིག་གིས་རྒྱང་རིང་མི་མཐོང་གི །ཚིག་ཚུར་བཤད་རྣ་ཡིས་མི་གོ་གི །ཡང་ཕར་བཤད་ཁ་ཡིས་མི་ཁྲོལ་གི །ཟས་སྲ་མོ་སོ་ཡིས་མི་ཆོད་གི །གོས་ཡག་པ་ལུས་ལ་མི་རན་གི །འགྲོ་གོམ་པས་རྒྱང་རིང་མི་ཆོད་གི །རྩོག་བསྡད་ན་མཁལ་མས་མི་ལྕོགས་གི།    ཞེས་པ་ལྟ་བུ་རྒན་པོའི་འཚོ་བར་ཤིན་ཏུ་མཐུན་པ་ཡང་གསུངས་ཡོད་དོ། །  
            ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ་ཞེས་པའི་ངག་རྩོམ་འདིའི་རྩོམ་པ་པོ་ནི་ཨ་མདོ་ཀན་ལྷོ་ས་ཁུལ་གྱི་ཡིན་ཡང་ཨ་མདོའི་ས་ཕྱོགས་སོ་སོ་རུ་དར་ཁྱབ་ཤིན་ཏུ་ཆེ་ཞིང་།  ཆབ་འགག་ཡུལ་འདིར་མཚོན་ནའང་དར་སྔ་ལ་བཤད་ཤེས་པའི་རྒན་རབས་པ་ཡང་མི་ཉུང་བ་ཡོད་པར་མ་ཟད།   མི་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྙིང་གཏམ་དེའི་ནང་གི་ཚན་པ་རེ་བླངས་ནས་གཞོན་ནུ་རྣམས་ལ་སློབ་གསོ་གཏོང་བའི་སྲོལ་ཡང་ཆགས་ཡོད་དོ།  །དཔེར་ན་སྡེ་བར་ནང་མཐུན་ཡོང་བའི་བསླབ་བྱ་གཏོང་བའི་སྐབས་སུ། གྲོས་ཐར་ཐོར་སྡེ་བར་ཤུགས་མེད། །ཚིག་ཐར་ཐོར་གཏམ་ལ་མདོ་མེད།  །ནང་གྲོས་ཁ་ཐུབ་ན་མཁས་པ།  །ལྷ་རླུང་རྟས་སྐྱོབ་ས་གན་ཡིན། །ནང་གྱོད་ཁ་བཟོ་མི་ཁྱི་ཡིན།  །སྟག་ཤ་རའི་ནང་རྫོང་མཐུན་ཡིན། ། མཐུན་མེད་ན་ཕུ་ནུ་རང་ཡིན།  །ལྟ་བུའི་ཚིག་གི་དོན་བསྡུས་ན། སྡེ་བ་མཐུན་པ་ཡོང་དགོས་པ་དང་ཕུ་ནུ་མཐུན་པ་ཡོང་དགོས་པའི་གལ་ཆེན་གྱི་རང་བཞིན་བརྗོད་ཡོད་པ་ལྟ་བུའོ། །   
            ད་དུང་སྐྱེས་ཕོ་རབས་དང་ཕོ་ངན།  མ་བཟང་མོ་དང་ངན་མོ་བཅས་ལ་སློབ་གསོ་གཏོང་བའི་སྐབས་སུའང་།   ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ་ལས།  སྐྱེས་ཕོ་རབས་གཅིག་གི་ལུགས་སྲོལ། །དགྲ་ནག་པོས་བསྐོར་ན་དཔའ་ཡོད། །ནང་ཕུ་ནུས་བསྐོར་ན་བརྩེ་ཡོད། །ཁྱིམ་བཟའ་བས་བསྐོར་ན་བྱམས་ཡོད། །དོན་ཆེན་པོས་བསྐོར་ན་ཐབས་ཡོད། །ལྟ་བུ་དང་། སྐྱེས་ཕོ་ངན་ཞིག་གི་དཔེ་བཤད། །དགྲ་ནག་པོ་བཅར་ན་ཕྱིར་བྲོས། །ནོམ་དངོས་རྫས་རིག་ན་མིག་འཕྲུལ། །ལུས་འཆི་ཁར་ད་རུང་གྱོད་བཟོ།  །སྐྱོན་ངོ་ལ་བཞག་ན་སྙིང་འདར།  །ལྟ་བུ།  མ་བཟང་མོ་ཞིག་གི་དཔེ་བཤད།  །ཕྱི་འགྲུལ་བ་ཁྱིམ་ལ་ཡོང་དུས།  །ངོ་འཛུམ་མདངས་སྐྱེས་ནས་བསུ་གི །ཇ་དྲོན་པོ་ལག་ལ་འཇོག་གི །ནང་བཟའ་ཚང་ཀུན་ལ་བྱམས་གི །ཁྱིམ་བཟའ་བའི་ནང་འཛིན་ཐུབ་གི །ལྟ་བུ། ཡང་། མ་ངན་མོ་ཞིག་གི་ཆ་ལུགས། །ལོ་ལོན་གཉའ་ནས་གནོན་གི །ཁ་ཡར་ཁྱེར་མར་ཁྱེར་བྱས་ནས། །ཁྱིམ་མཚེས་ཁ་འཁོན་གཏོང་གི །ནང་ཕུ་ནུར་ཞེ་སྡང་སློང་གི །རུ་སྡེ་བར་དཀྲུག་ཤིང་འཕེན་གི །ལྟ་བུ་བཅས་བརྗོད་པར་ཕན་ནུས་ཧ་ཅང་ཆེ་ཞིང་། མི་རྣམས་ཀྱིས་ཀྱང་རང་ཤུགས་སུ་ཕོ་མོའི་བཟང་ངན་གྱི་ཚད་གཞི་ལྟར་དུ་བརྩི་འཇོག་བྱེད་བཞིན་མཆིས།  གོང་ཞུའི་ཚིག་འདི་དག་སྙན་ཞིང་འཇེབས་པ་ཞིག་མིན་ཡང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་སྐུལ་ལ་ཕན་པ་དང་། མི་རྣམས་ཀྱི་བསམ་པའི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བར་ཡང་ཕན་པ་ཆེན་པོ་མཆིས་སོ། ། 
            སྙིང་གཏམ་འདིའི་བརྗོད་བྱའི་དོན་གྱི་གཙོ་བོ་ནི།   རྒན་པོ་ཡ་རིའི་ཨ་བསོད་ཀྱིས་རང་གི་མི་ཚེ་གང་གི་འཚོ་བའི་ཁྲོད་དུ་སྐྱིད་སྡུག་མང་པོ་མྱངས་པའི་ལོ་རྒྱུས་ལ་དཔེ་བླངས་ནས།  དཔོན་པོ་ངན་པའི་སྤྱོད་ངན་མཚང་འབྱིན་དང་དཔོན་པོ་བཟང་པོའི་སྤྱོད་པར་བསྔགས་བརྗོད་བགྱིས་ཡོད་པ་དང་།  སྐྱེས་པ་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་དང་སྐྱེས་མ་རབ་འབྲིང་ཐ་གསུམ་གྱི་དབྱེ་བ་བཅས་གསལ་བོར་ཕྱེ་སྟེ། དགེ་བའི་དོན་ལ་ཕྱོགས་པ་དང་མི་དགེ་བའི་ལས་དག་འགོག་དགོས་པའི་རྒྱུ་མཚན་སོགས་གོ་སླ་བའི་ཁ་སྐད་ལས་བརྗོད་ཡོད་པས་དེར་གསོན་ཉམས་ལྡན་ཞིང་མི་ཉམས་པའི་སྲོག་ཤུགས་མཆིས་ཡོད་པ་ལགས་སོ། །

            གསུམ་པ། རོགས་འཐེན་གྱི་སྐོར།
            དེ་ཡང་རོགས་འཐེན་ཞེས་པ་ནི་ན་གཞོན་ཕོ་མོའི་བར་གྱི་མི་ཕྱེད་པའི་བརྩེ་དུང་མཚོན་བྱེད་ཀྱི་དོན་བརྗོད་སྙན་ངག་གི་གྲས་ཡིན།  རོགས་འཐེན་གང་ཡིན་ཡང་གཙོ་བོ་སླད་མེད་ཀྱི་བརྩེ་དུང་འབུར་ཐོན་བགྱིས་ཡོད་ཅིང་།  མཐའ་མའི་བརྩེ་དུང་ལ་བར་ཆད་བྱུང་བའི་བརྒྱུད་རིམ་ཡང་བརྗོད་ཡོད།   རོགས་འཐེན་འདིར་མཚོན་ན་རྒན་པོས་གཏམ་རྒྱུད་བཤད་པ་ཇི་བཞིན་བརྗོད་ན་མི་ཆོག་ལ། ངེས་པར་དུ་རོགས་འཐེན་གྱི་དབྱངས་ལ་བཀུག་ནས་ལེན་དགོས་པ་རེད།  གལ་སྲིད་ངག་འཛོམས་ཀྱི་སྐྱེ་བོས་བླངས་ན།  ཕོ་མོ་རྒན་གཞོན་སུ་ཡིན་ཡང་འགུག་ཐུབ་པའི་ནུས་པ་མཆིས།   རོགས་འཐེན་དེ་ཡང་ཐོག་མར་ཡི་གེ་མི་ཤེས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་པའི་ངག་ལས་ཐོན་ཞིང་རིམ་གྱིས་ཡོན་ཏན་པའི་སྨྱུ་གུ་བརྒྱུད་ནས་ཇེ་ལེགས་ཇེ་རྒྱས་སུ་བཏང་བ་ཞིག་ཡིན། དེ་ཡང་ངག་ཐོག་དང་ཡིག་ཐོག་གང་བརྒྱུད་ཀྱང་ཚང་མ་ཚིགས་བཅད་ཀྱི་ལམ་ནས་བརྗོད་ཡོད་པ་རེད།   
            ཨ་མདོ་ས་ཆ་སྤྱི་ལ་དར་ཁྱབ་ཆེ་བའི་རོགས་འཐེན་གྱི་རིགས་ལ་ཅུང་མང་པོ་འདུག  དཔེར་ན།  ན་གཞོན་ཟུང་གི་འདོད་གླུ་དང་ན་ཆུང་རྩེན་པའི་སྐྱོ་གླུ། མནའ་བཅད་དོན་གོ གཞོན་དཔལ་དང་པད་མཚོ། དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ། ཏཱ་ནི་སྟོད། ལས་དབང་གི་སྐྱོ་གླུ། འབའ་ན་ཆུང་རྩེན་པའི་རང་མདངས། རོགས་མཐུན། ལྷ་སའི་ཁྲོམ། བུ་མོའི་མནར་སྡུག་ལྟ་བུའོ། །གོང་ཞུའི་རོགས་འཐེན་ཕལ་ཆེར་ནི་གནའ་སྔ་མོ་ནས་དར་བ་ཞིག་ཡིན་པས། མང་ཚོགས་ཀྱི་ཁྲོད་དུ་ཁྱབ་རྒྱ་ཡང་དེ་བས་ཆེ།     ཡིན་ན་ཡང་ཉུང་ཤས་ཤིག་གསར་དུ་བརྩམས་པ་ཡང་ཡོད་ལ།  གང་ལྟར་ཀྱང་རང་རེའི་ཆབ་འགག་ཡུལ་དུ་དར་རྒྱ་ཤིན་ཏུ་ཆེ་བའི་རོགས་འཐེན་ནི་ཏཱ་ནི་སྟོད་ཡིན་ཞིང་། ཕལ་ཆེར་རོང་འབྲོག་ས་ཁུལ་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་འདུག་ལ་ཆེ་བ་རྒན་པ་དང་ཆུང་བ་གཞོན་པ་སུ་ཡིན་ཡང་ཏཱ་ནི་སྟོད་ཀྱི་ཚན་པ་འགའ་རེ་བཤད་མི་ཤེས་པ་ཧ་ཅང་ཉུང་ཤས་ཡིན་ནོ། །  
            རོགས་འཐེན་མང་པོ་ལས་ཏཱ་ནི་སྟོད་ཅེས་པ་འདིར་གནའ་ནས་ད་ལྟའི་བར་ཉམས་མེད་ཀྱི་སྲོག་ཤུགས་ལྡན་པ་དང་།  རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བགྱིད་པའི་རྒྱུ་མཚན་གཙོ་བོ་ཡང་རོགས་འཐེན་འདིའི་གཏམ་རྒྱུད་ཁ་ཚང་ཞིང་གསོན་ཉམས་ལྡན་པ་དང་། བརྗོད་བྱའི་དོན་དག་སྤྱི་ཚོགས་འཚོ་བ་དངོས་ལ་མཐུན་པ། རྗོད་ཚིག་སྙན་ཞིང་འཇེབས་པའི་རྐྱེན་གྱིས་སོ། །དཔེར་ན། ཏཱ་ནི་སྟོད་ལས། མཁར་སྐྱ་མོའི་ཤར་ཕྱོགས་ས་ནས། །ལྕགས་ནག་གི་གླིང་བུའི་ནང་ལ།  །སེམས་འགུལ་བའི་གླུ་ཞིག་བཞག་ནས།  །རྒྱང་ཞིག་ནས་རྒྱང་འབུད་བྱེད་ཀི །ངའི་གསལ་མོ་རྣ་ཡིས་ཉན་ན། །ངའི་རོགས་གི་འབུད་ཚུལ་ལྷང་རེད། །ངའི་ངོ་ལ་འཛུམ་ཞིག་ལངས་ནས།  །ངའི་སེམས་ལ་དགའ་སྤྲོ་སྐྱེས་ནོ།  །ནང་འཇིག་རྟེན་མི་ཡིས་ཅི་ཤེས།  །ང་ཕྱི་སྒོའི་སྒོ་ཁ་འབུད་དུས།  །སྡེ་ཏཱ་ནི་སྟོད་གི་དགའ་ལོ། །ཞེ་སྣང་བ་མཐུན་པའི་རོགས་ལོ། །ཁ་བགད་ལེ་སྒོ་ཁར་ཐོན་ཐལ། །ཕར་འཁོར་ནས་མགྱོགས་འདྲི་མ་བཏང་། །ཚུར་འཁོར་ནས་སྐེ་ལ་འཇུས་ནས། །ཁ་ཞིམ་པོས་འོ་ཞིག་བྱེད་ཀི །ལྟ་བུ་དང་། ངའི་ཆུང་དུས་རོགས་གི་ངོ་ལ། །སྐྱིད་ཉི་མ་འདྲ་ཞིག་ཤར་ནས། །ཁོས་ང་ཐུངས་ང་ཟོ་ཟེར་གི །ཟས་ཞིམ་པོ་ཟ་དབང་མ་བྱུང་།  །ཇ་མངར་མོ་འཐུང་དབང་མ་བྱུང་།  །ཚིག་སྙན་མོ་བཤད་དབང་མ་བྱུང་། །ཤ་མཆིན་པ་གླན་དབང་མ་བྱུང་། །བཞི་མ་བྱུང་ལས་ཀྱི་མཐའ་མ། །ལས་མ་བཟང་བ་ཞིག་བྱུང་ནོ། །ཕྱི་སྒོ་ཆེན་ཁྲོག་སེ་བཏང་ཐལ། །ནང་སྒོ་ཆུང་ཆོམ་སེ་བཏང་ཐལ། །དགྲ་ནག་པོ་རྒྱ་སྟག་འདྲ་བོ། །སྟག་བཞིན་དུ་ལྡིང་ནས་ཐོན་ཐལ། །ངའི་རོགས་ཀྱི་བདེ་མྱུར་བྱ་རེད། །བྱ་བཞིན་དུ་གཤོག་པ་མེད་རུང་། །མགོ་ཁང་བའི་སྐར་ཁུང་ནང་ནས། །བྱ་བཞིན་དུ་འཕུར་ནས་བུད་ཐལ། །དགྲ་ནག་པོའི་ངར་ལ་བལྟས་ན། །མ་ངེད་ཚོ་ཐར་ས་མེད་གི །ངའི་མི་ལུས་འདོམ་གང་ཕྲ་མོ། །ཤིང་སྡོང་ལོ་བཅོམ་བཅོམ་བྱེད་གི  །སྐྲ་ལན་བུ་ལྗང་ལོ་འདྲ་བོ།  །ཤིང་སྨྱུག་མ་གཏུབ་གཏུབ་བྱེད་གི །ངའི་མི་ཤ་རློན་པའི་སྟེང་ལ། །ལྕག་ཕྲ་མོས་ལྔ་བརྒྱ་འབྲབ་གི །ཕྱི་ཤ་པགས་རྔ་བོ་རྡུང་རྡུང་། །ཁྲག་དམར་པོ་རྐ་ཆུ་བཞུར་བཞུར། །ལྟ་བུ་དང་། ང་འཇམ་པོ་གདན་ཞིག་འདིང་གི །ནགས་གླ་ཤིང་ཚེར་མའི་རྩུབ་རེད། །ང་མཐོན་པོ་སྔས་ཤིག་འཇོག་གི །དེ་དམའ་མོ་དོང་གི་དམའ་རེད། །ང་ཡང་མོ་གོས་ཤིག་འགེབས་གི  །དེ་གོར་མོ་རྡོ་ཡི་ལྕི་རེད།  །ལྟ་བུ།  ནམ་གུང་གི་གུང་དཀྱིལ་ཞིག་ལ།  །ང་གཟེར་རྒོད་རྟ་རྒོད་རྒྱུག་རྒྱུག  །གཟེར་འབྲིང་ཕུར་བ་རྡེབ་རྡེབ། །གཟེར་ཆུང་གཡག་རྒོད་ངུར་ངུར། །སྙིང་དམར་པོ་ལུ་གུ་རྩེ་རྩེ། །ཚ་ལུམ་མེ་ཡིས་སྲེག་སྲེག  །ཁྲག་ཐིགས་ཆར་བ་འབབ་འབབ།  །ལས་དབང་རྒྱུ་མིན་ནོ་ཤེས་གི   །ལྟ་བུ་བཅས་པར་ཞིབ་ཏུ་དཔྱད་ན་གཏམ་རྒྱུད་ཀྱི་ཚིག་རྐང་རེ་རེའི་ནང་དུ་བརྩེ་དུང་ཟབ་མོ་མཚོན་ཡོད་ཅིང་།  ཉན་པ་པོ་དང་ཀློག་པ་པོ་སུ་ཡིན་ཡང་སེམས་ལ་དགའ་སྐྱོ་གཉིས་ལྡན་གྱི་སྣང་ཚུལ་ཞིག་དབང་མེད་དུ་སྟེར་བ་ལས་གཞན། རྗོད་བྱེད་ཚིག་གི་ཉམས་དང་ཤུགས་ཤིན་ཏུ་ལྡན་པ་སྟེ། ལུས་ཕྲ་མོ་སྡོང་ལོ་བཅོམ་བཅོམ་དང་། སྐྲ་ལྗང་ལོ་སྨྱུག་མ་གཏུབ་གཏུབ། ཤ་ཕྱི་པགས་རྔ་བོ་རྡུང་རྡུང་།  ཁྲག་དམར་པོ་རྐ་ཆུ་བཞུར་བཞུར་ལྟ་བུ་དང་ད་དུང་རྟ་རྒོད་རྒྱུག་རྒྱུག  ཕུར་བ་རྡེབ་རྡེབ། གཡག་རྒོད་ངུར་ངུར། ལུ་གུ་རྩེ་རྩེ་ལྟ་བུའི་དམངས་ཁྲོད་ཀྱི་ཁ་སྐད་ཟུང་ལྡན་གྱི་ཚིག་ཉམས་ཡོད་པ་དང་ཤུགས་ལྡན་པ་མང་པོ་བཀོལ་ཡོད་པའི་དབང་གིས་བཏོན་ན་ཁར་བདེ་བར་མ་ཟད་ཡིད་དབང་ཡང་ཅིག་ཅར་དུ་འགུག་་པའི་ཤུགས་ཆེན་པོ་ཐོན་ཡོད།   ད་ལྟའི་རྩོམ་རིག་གསར་རྩོམ་གྱི་ཁྲོད་དུའང་བརྩམས་ཆོས་ལེགས་པོ་ཏཱ་ནི་སྟོད་ལྟ་བུའི་རྗོད་བྱེད་ཚིག་ལ་འགྲན་ཐུབ་པ་ནི་ཡོད་རེ་སྐན། དཔེར་ན། ཏཱ་ནི་སྟོད་ལས། ཕོ་བཟང་པོ་ཉི་མ་ཚེ་རིང་གིས་མ་བཟང་མོ་ཟླ་བཟང་སྒྲོལ་མའི་སྐུ་ལུས་མ་འཚམས་པ་རྨི་ལམ་ལས་ཤེས་ཏེ།  མྱུར་དུ་ལམ་ལ་སྐྱོད་པའི་ཚུལ་ནི་འདི་ལྟར་བྲིས་འདུག   རྟ་འདོ་བའི་གོང་ལ་ཞོན་ནས། །ལྕག་ཕྲ་མོ་དགུང་ལ་ཕྱར་ནས། །རྟ་འདོ་བའི་གོམ་ཁ་ཕྱེ་ནས། །ངས་ཐང་ཆེན་ཐང་ཆུང་བརྒྱུད་དུས།  །ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ།  །ངས་ལ་རིང་ལ་ཐུང་བརྒྱུད་དུས། །ལ་རིང་པོ་གྲུ་གུ་སྒྲིལ་སྒྲིལ། །ངས་ཁུག་ཆེན་ཁུག་ཆུང་བརྒྱུད་དུས། །ཁུག་ཉག་ག་སྒྲོག་གུ་རྒྱག་རྒྱག །ངས་ཆུ་ཆེན་ཆུ་ཆུང་བརྒྱུད་དུས། །ཆུ་ཆེན་པོ་རྟ་རྔ་གཅོད་གཅོད།  །ལྟ་བུར་མཚོན་ན་ཚིག་རྐང་མི་མང་ཡང་ཉི་མ་ཚེ་རིང་གི་སེམས་ཀྱི་བྲེལ་བ་དང་རྟའི་མྱུར་ཚུལ་དག་ཇི་མ་ཇི་བཞིན་དུ་བརྗོད་འདུག་ལ་ཚིག་རྐང་འདི་དག་གི་ཤུགས་ལས་བཅོས་མ་མ་ཡིན་པའི་བརྩེ་དུང་ཟབ་མོ་ཞིག་མཚོན་ཡོད་པ་ཤེས་ཐུབ་ཅིང་།  རྗོད་བྱེད་ཀྱི་ཚིག་གསོན་ཉམས་ལྡན་པ་འདི་ལྟ་བུ་བརྩམས་ཆོས་གཞན་ལས་མཐོང་ཤིན་ཏུ་དཀོན་པ་ལགས་སོ། །  
            ཏཱ་ནི་སྟོད་ཀྱི་གཏམ་རྒྱུད་འདིའི་སྙིང་བོ་ནི།  ཧོར་གཙང་ཁོག་གི་གཞོན་ནུ་མ་ཟླ་བཟང་སྒྲོལ་མ་དང་ཏཱ་ནི་སྟོད་ཀྱི་ཕོ་གསར་ཉི་མ་ཚེ་རིང་བར་གྱི་བརྩེ་དུང་ཟབ་མོ་དེར།  དགྲ་ནག་མ་རུངས་པས་བར་ཆད་བཟོས་ཏེ་ཟླ་བཟང་སྒྲོལ་མར་གཅར་རྡུང་བགྱིས་ནས་མཐའ་མར་ཚེ་ལས་འདས་པ་དང་།  ཉི་མ་ཚེ་རིང་གིས་གཏམ་ངན་དེ་རྨི་ལམ་ལས་ཤེས་ཏེ་ཟླ་བཟང་སྒྲོལ་མའི་དུར་སའི་སྟེང་དུ་སོང་ནས་ཁ་བཀར་དཀའ་བའི་ཚུལ་བརྗོད་ཡོད་པ་ཡིན།    དམངས་ཁྲོད་ཀྱི་དོན་བརྗོད་སྙན་ངག་གི་གཏམ་རྒྱུད་འདིར་ཚིག་རྐང་ལྔ་བརྒྱ་རེ་བདུན་ཡོད་དོ། །

            བཞི་པ། གླུ་དང་ཤགས་ལ་གཞས་ཀྱི་སྐོར།
            གླུ་དང་ཤགས་ལ་གཞས་ནི་མདོ་དབུས་ཁམས་གསུམ་ཡོངས་སུ་དར་ཁྱབ་ཏུ་སོང་ཡོད་པའི་དམངས་ཁྲོད་རྩོམ་རིག་གི་གྲས་ཤིག་ཡིན་ཞིང་།  དེ་ཡང་གཙོ་བོ་ཨ་མདོའི་ཡུལ་གྱི་ཁྲི་ཀ་དང་ཆབ་འགག རེབ་གོང་། ཀན་ལྷོ། རྔ་བ་བཅས་ས་ཁུལ་དུ་དར་རྒྱ་ཅུང་ཆེ་བ་རེད།   ཡུལ་ཁམས་དེ་དག་གི་བར་དུའང་ཆེ་ཕྱོགས་གཅིག་མཚུངས་དང་ཆུང་ཕྱོགས་མི་མཚུངས་པ་ཡང་མཆིས།   
            དེ་ཡང་ཆབ་འགག་ཡུལ་དུ་དར་ཁྱབ་ཏུ་སོང་བའི་གླུ་ཁ་མཚར་ལ་མཚོན་ན་གཙོ་བོའི་བརྗོད་བྱ་ནི་འཇིག་རྟེན་གྱི་བྱུང་རིམ་བཤད་པ་དང་ཆེ་བ་རྣམས་ལ་བསྟོད་པ་བགྱིད་པ།  འཚོ་བའི་སྐྱིད་སྡུག་བརྗོད་པ།  དུས་ནམ་ཡང་བདེ་ཞིང་སྐྱིད་པའི་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་ཚིག་ཞུ་བ་བཅས་ཡོད། གླུ་ཚིག་ཀྱང་ཕལ་ཆེར་ཚིག་རྐང་བཅུ་གཉིས་ཅན་དང་བརྒྱད་ཅན་དགུ་ཅན་དྲུག་ཅན་མང་ཤོས་ཡིན། རྐང་པ་རེ་ལ་ཡིག་འབྲུ་ཕལ་ཆེར་བརྒྱད་རེ་ཡོད་པ་ལགས། གླུ་རྟ་ལ་ཡང་རྣམ་པ་སྣ་ཚོགས་མཆིས།   གླུ་བ་དང་གླུ་མ་གྲགས་ཅན་ཞིག་ལ་མཚོན་ན་མ་ཐ་ཡང་གླུ་རྟ་བཅུ་ལྷག་ཅིག་ཡིད་དུ་ངེས་ཡོད།  གླུ་ཁ་མཚར་གྱི་ལེན་ལུགས་ལ་ཡང་ཐོག་མར་སྐྱེས་པས་གླུ་སྒོ་ཕྱེ་བ་དང་། རིམ་གྱིས་གླུ་བ་དང་གླུ་མས་ལེན་རེས་བྱེད་སྲོལ་ཡོད།  གླུ་ཁ་མཚར་གྱི་འགྲོ་རིམ་ཡང་ཐོག་མར་གླུ་འགོ་རྩོམ་པའི་སྐོར་ལེན་པ་དང་།  དེའི་འཕྲོར་བསྟོད་པའི་སྐོར་ལེན་པ།  དེ་ནས་དྲིན་ལན་ཞུ་བའི་སྐོར་དང་སྨྲེང་བའི་སྐོར་ལེན་པ། མཇུག་དུ་བཀྲ་ཤིས་འཇོག་པ་བཅས་སོ། །   
            འདིར་རིམ་པ་བཞིན་དཔེར་བརྗོད་རེ་བཀོད་ན།  གླུ་འགོ་རྩོམ་པའི་སྐོར་ལས།  ཆོས་ཀྱི་འགོ་མ་ཀ་ཁ་ཡིན། །ཆོས་ཀ་ཁ་མ་བཏོན་འདོན་སྲོལ་མེད། །ཟས་ཀྱི་འགོ་མ་མཆོད་ཁ་ཡིན། །ཟས་མཆོད་ཁ་མ་འཕངས་ཟ་སྲོལ་མེད། །གླུ་ཡི་འགོ་མ་ཁ་མཚར་ཡིན།  །གླུ་ཁ་མཚར་མ་བླངས་ལེན་སྲོལ་མེད།  །ཅེས་པ་ལྟ་བུ་ནི་གླུ་འགོ་རྩོམ་པའི་སྐབས་ཀྱི་གླུ་ཞིག་གོ  །བསྟོད་གླུའི་སྐོར་ལས།  སེང་དཀར་མོ་གངས་རིའི་རྩེ་ནས་འགྱིང་།  །སེང་གཡུ་རལ་རང་གི་ཕྲག་ན་ཡོད།  །སེང་ཕྲུག་མང་པོས་བསྐོར་ནས་ཡོད། །སེང་འདི་ཚོའི་བསོད་ནམས་རང་གྲུབ་རེད། །སྟག་དར་མ་རྒྱ་རྫོང་ནགས་ནས་འགྱིང་།  །སྟག་ཐིག་ལེ་རང་གི་རྒྱབ་ན་ཡོད།  །སྟག་ཕྲུག་མང་པོས་བསྐོར་ནས་ཡོད། །སྟག་འདི་ཚོའི་བསོད་ནམས་རང་གྲུབ་རེད། །ནང་ཨ་ཁུ་གྲལ་ལ་བཞུགས་ནས་ཡོད། །གཏམ་ཁ་ལྕེ་རང་ལ་འཛོམས་ནས་ཡོད། །བུ་ཚ་རྒྱུད་མང་པོས་བསྐོར་ནས་ཡོད།    །རྒན་ཨ་ཁུའི་བསོད་ནམས་རང་གྲུབ་རེད། །ཅེས་བརྗོད་པ་ལྟ་བུར་མཚོན་ན་ཤོ་ལོ་ཀ་གསུམ་ཡོད་པ་ལས་སྔོན་གྱི་ཤོ་ལོ་ཀ་གཉིས་ནི་དཔེ་ཡིན་ལ་རྗེས་མའི་ཤོ་ལོ་ཀ་ནི་དཔེ་ཅན་ཡིན།  བསྟོད་པའི་གཞི་ནི་ཨ་ཁུའི་བསོད་ནམས་ཆེ་བ་དེ་ཡིན།    ཡང་དྲིན་ལན་ཞུ་བའི་སྐོར་གྱི་ནང་དུའང་ཚིག་འདི་ལྟ་བུ་ཞིག་ཡོད་པ་སྟེ།   ལུག་གཡང་དཀར་ཡན་ན་དྲིན་ཅན་མེད།  །སྔ་དྲོ་བལ་དང་པགས་པས་གསོས།  །ཕྱི་དྲོ་ཤ་དང་ཁྲག་གིས་གསོས།  །ལུག་གཡང་དཀར་དྲིན་ལན་འཇལ་ཐབས་མེད།   །ཞིང་གྲུ་བཞིའི་ཡན་ན་དྲིན་ཅན་མེད། །སྔ་དྲོ་ནས་དང་གྲོ་ཡིས་གསོས། །ཕྱི་དྲོ་བདུད་རྩི་ཆང་གིས་གསོས། །ཞིང་གྲུ་བཞིའི་དྲིན་ལན་འཇལ་ཐབས་མེད།   །ཡུལ་ཕ་མའི་ཡན་ན་དྲིན་ཅན་མེད། །སྔ་དྲོ་བྲང་གི་ནུ་མས་གསོས། །ཕྱི་དྲོ་ཟས་དང་ཟ་མས་གསོས། །ཡུལ་ཕ་མའི་དྲིན་ལན་འཇལ་ཐབས་མེད། །ལྟ་བུ་ནི་ཕ་མའི་བསྟོད་པའོ། །ཡང་སྨོན་ལམ་ཞུ་པེའི་གླུ་ལའང་། སྟོད་གན་ན་དཀར་ཡག་གངས་ཀྱི་རྫོང་། །རྫོང་རེ་རེ་སེང་གེ་འགྱིང་ས་རེད། །སེང་དཀར་མོར་གཡུ་རལ་འཛོམས་ས་རེད། །ས་གན་ནས་སྐྱེ་བའི་སྨོན་ལམ་འདེབས། །སྨད་གན་ན་ཚོ་དྲུག་སྡེ་བའི་རྫོང་། །སྡེ་རེ་རེ་སྟག་ཤར་སྐྱེ་ས་རེད།  །སྟག་ཤ་རར་དཔའ་རྩལ་འཛོམས་ས་རེད།  །ས་གན་ནས་སྐྱེ་བའི་སྨོན་ལམ་འདེབས། །ཞེས་པ་ལྟར་ཡུལ་མཆོག་གྱུར་གྱི་གནས་ལ་བསྟོད་པ་དང་ས་དེ་རུ་སྐྱེ་བའི་སྨོན་ལམ་ཞུ་བ་ལྟ་བུའོ།  །གླུ་ཁ་མཚར་གྱི་སྐོར་ལ་ཞིབ་ཏུ་བརྗོད་ན་ད་དུང་ཅུང་མང་པོ་བརྗོད་རྒྱུ་ཡོད་མོད།  འོན་ཏེ་རྒྱས་པར་བརྗོད་ན་མང་པར་དོགས་ནས་འདི་ཙམ་གྱིས་ཆོག་པར་བྱའོ། ། 
            གླུ་ཤགས་ལ་མཚོན་ནའང་འགྲོ་རིམ་ཕལ་ཆེར་གླུ་ཁ་མཚར་གྱི་འགྲོ་རིམ་དང་མཚུངས་ཤིང་།  གླུ་བ་གླུ་མའི་ལེན་སྟངས་ཀྱང་གོང་ཞུའི་ཁ་མཚར་གྱི་ལེན་སྟངས་དང་མཚུངས་པ་ཡིན།   གླུ་ཤགས་ཀྱི་གཞན་དང་མི་མཚུངས་པའི་ཁྱད་ཆོས་གཙོ་བོ་ནི།  ཐབས་བརྒྱ་ཇུས་སྟོང་གིས་ཕ་རོལ་པོ་གནོན་པ་དང་རང་ཉིད་ལ་བསྟོད་པ།  ད་དུང་ཁ་ཤོམ་འཐེན་པ།  གཅིག་ལན་གཅིག་དང་གཉིས་ལན་གཉིས་བྱེད་པ། གལ་སྲིད་ཤགས་ཡོད་ཀྱང་ལན་མ་ཕོག་ན་ཕན་ཚུན་གྱིས་ཁས་མི་ལེན་པ།  གླུ་ཚིག་ཀྱང་ཁ་མཚར་དང་མི་འདྲ་བར་ཤིན་ཏུ་རྣོ་ཞིང་མཚང་ལ་ཕོག་པ་ཞིག་ཡིན་པ་དེ་རེད། དཔེར་ན། ང་རྫ་མགོ་སྐོར་རེ་འགྲོ་རྒྱུ་ཡིན། །ཁྱོད་བྲེ་སེར་རུ་དམར་འཛིན་རྒྱུ་ཡིན། །ཤིང་བྲ་མའི་སྣ་གཅུ་སྤྲོད་རྒྱུ་ཡིན། །ཞིང་འདེབས་པའི་སྒོ་ཟོག་བྱེད་རྒྱུ་ཡིན། །ང་རྒྱ་རྫོང་ནགས་ལ་འགྲོ་རྒྱུ་ཡིན། །སྟག་ཐིག་ལེ་ཅན་ཞིག་འཛིན་རྒྱུ་ཡིན། །སྐེར་ལྕགས་ཐག་སྔོན་མོ་འཇོག་རྒྱུ་ཡིན། །ཁྱོད་བཟུང་ནས་སྒོ་ཁྱི་བྱེད་རྒྱུ་ཡིན། །ང་ཁྲོམ་པའི་གྲལ་ལ་འགྲོ་རྒྱུ་ཡིན། །ཤགས་ལེན་མཁན་ཞིག་ལ་གཏུག་རྒྱུ་ཡིན། །ཤགས་བླངས་ནས་ཕུག་ལ་བསྡུ་རྒྱུ་ཡིན། །ཁྱོད་ཁྲོམ་པ་ངོ་ཚ་གཏོད་རྒྱུ་ཡིན། །ལྟ་བུ་དང་། གྱང་ཁའི་བྱ་ཕོ་དཀར་པོ་འདི། །ཁྱོད་འཕུར་རྒྱུ་མེད་ལ་གཤོག་རྡེབ་ཅིག །གྱང་རྟིང་ཕག་མ་ནག་རོག་མ། །ཁྱོད་བཞོ་རྒྱུ་མེད་ལ་ངུར་རྒྱུ་ཞིག །ཁྲོམ་གྱི་གླུ་བ་ཤོབ་རྐྱལ་བོ། །གླུ་ལེན་རྒྱུ་མེད་ལ་ལུ་རྒྱུ་ཞིག །ཞེས་པ་ལྟ་བུའི་ཚིག་རྩུབ་ཅིང་གནད་ལ་ཕོག་པའི་ནང་དོན་གྱི་གླུ་ཤགས་མང་པོ་ཡོད།   
            གླུ་ཤགས་བླངས་ནས་ཕན་ཚུན་གྱི་རྒྱལ་ཕམ་ཐག་གཅོད་དཀའ་བའི་སྐབས་སུ། གླུ་བ་གཞན་ཞིག་གིས་བར་འབྱེད་ཀྱི་གླུ་ལེན་པའི་དཔེ་ཡང་ཡོད། དཔེར་ན། ནགས་རྒྱ་རྫོང་ཡག་གི་དཀྱིལ་ཁུག་ནས། །སྟག་དང་སྟག་མོ་ཐུག་བཏང་ཐལ། །ང་སྟག་ཕྲུག་ཡོང་ནས་བར་ཞིག་འབྱེད།  །ང་སྟག་ཕྲུག་ཁ་ངོ་ཡོད་ནི་བྱོས།  །ཁྲོམ་ཆེན་པོའི་དཀྱིལ་གྱི་གྲལ་བར་ནས། །ཁྱོད་གླུ་བ་གཉིས་ཀ་ཐུག་བཏང་ཐལ། །ང་ཁྲོམ་པ་ལངས་ནས་བར་ཞིག་འབྱེད།  །ང་ཁྲོམ་པ་ཁ་ངོ་ཡོད་ནི་བྱོས།  །ལྟ་བུའི་བར་འབྱེད་ཀྱི་གླུ་བླངས་པས་ན།  ཕྱོགས་གཉིས་ཀས་དེ་མ་ཐག་མཚམས་འཇོག་དགོས་པའི་ལུགས་སྲོལ་ཡང་གནའ་ནས་ད་ལྟའི་བར་མ་ཉམས་པར་ཡོད་དོ། ། 
             ལ་གཞས་ནི་རང་རེའི་ཆབ་འགག་ཡུལ་འདིར་ཤིན་ཏུ་དར་སྔ་བར་མ་ཟད།
            དར་རྒྱ་ཡང་ཧ་ཅང་ཆེ།  དེ་ནི་ཕོ་མོའི་བརྩེ་དུང་མཚོན་བྱེད་ཀྱི་ཐབས་ལམ་ཞིག་ཡིན་ལ། ཕོ་མོའི་བརྩེ་དུང་སྦྲེལ་བྱེད་ཀྱི་ཟམ་པ་ཞིག་ཀྱང་ཡིན། རྒྱུན་ལྡན་གྱི་འགྲོ་རིམ་ལྟར་ན་ལ་གཞས་འདི་གཙོ་བོ་ན་གཞོན་རྣམས་ཀྱིས་ལེན་པའི་སྲོལ་ཡོད་ནའང་རྒན་དར་གྱིས་ཀྱང་བླངས་ན་མི་ཆོག་རྒྱུ་ཅི་ཡང་མེད། ཡིན་ནའང་རང་གི་ཕ་མ་དང་མིང་སྲིང་ཉེ་འབྲེལ་བར་དུ་ངོ་སྲུང་དགོས་པས་ན་ལ་གཞས་ལེན་མི་ཆོག་པ་ཡིན། ལ་གཞས་ལ་འགྲོ་རིམ་མང་པོ་ཡོད་པ་སྟེ། ཐོག་མར་འགོ་རྩོམ་པའི་སྐོར་ལེན་པ་དང་། དེའི་འཕྲོར་མཐུན་པའི་སྐོར་ལེན་པ། དེ་ནས་དྲན་པའི་སྐོར་དང་སྨྲེང་བའི་སྐོར་ལེན་པ་དང་།  མཇུག་ཏུ་བདེ་མོ་འཇོག་པའི་སྐོར་ལེན་པའི་རིམ་པ་ཡོད།    གཤམ་དུ་འགྲོ་རིམ་དེ་དག་གསལ་བོར་ངེས་པའི་ཕྱིར་དཔེར་བརྗོད་རེ་བཀོད་ན་འདི་ལྟ་སྟེ། འགོ་རྩོམ་པའི་ལ་གཞས་ནི། །ཁ་ལ་གཞས་ལེན་ན་ལ་གཞས་ལེན།  །ཁ་ལ་གཞས་དགུང་སྔོན་གནམ་ལ་ལེན།  །འབྲུག་ཕོ་ཆུང་ཐུགས་ལ་འབབ་ནི་ལེན། །ཁ་ལ་གཞས་ལེན་ན་ལ་གཞས་ལེན། །ཁ་ལ་གཞས་སྡེ་ཆེན་གྲོང་ལ་ལེན། །སྡེ་ཆེན་པོ་ཡོ་གཟུར་མེད་ནི་ལེན། །རོགས་ཆུང་ལོའི་ཐུགས་ལ་འབབ་ནི་ལེན། །ལྟ་བུ་དང་། མཐུན་པའི་ལ་གཞས་ནི། ང་འཐད་ནས་དུངས་ནི་ཞིག་ལ། །ཐང་དཀར་རྒོད་ལ་དུངས་གི །ང་རང་གར་དུངས་ནི་ཅིར་ཡིན། །ཁྱོད་སྒྲོ་མདོག་སེར་པོ་གསེར་རེད།  །ཁྱོད་སྒྲོ་སྐེད་སྔོན་པོ་གཡུ་རེད།  །ཁྱོད་སྒྲོ་རྟིང་དཀར་པོ་དུང་རེད། །ང་དུངས་དོན་རྩ་བ་དེ་རེད། །ང་འཐད་ནས་དུངས་ནི་ཞིག་ལ། །ཆུང་དུས་རོགས་ལོར་དུངས་གི །ང་རང་གར་དུངས་ནི་ཅིར་ཡིན། །ཁྱོད་ཕར་འཁོར་སྨྱུག་མའི་མདའ་རེད།  །ཁྱོད་ཚུར་འཁོར་བཅོ་ལྔའི་ཟླ་རེད།  །ཚིག་བཤད་ན་རྗེ་བཙུན་མགུར་རེད། །ང་དུངས་དོན་རྩ་བ་དེ་རེད། །ལྟ་བུ་དང་།དྲན་པའི་སྐོར་ནི།  རྟ་དྲན་པའི་ལོ་རབས་མ་བཤད།  །རྟ་དྲན་པའི་ལོ་རབས་བཤད་ན། །སྲབ་སིལ་མའི་མགོ་ལུང་སྟོང་བ་རེད། །སྒ་བེ་སང་སྒ་ཁོག་འཁྱགས་པ་རེད།  །རྟ་དྲན་པའི་ལོ་རབས་དེ་འདྲ་རེད།  །རོགས་དྲན་པའི་ལོ་རབས་མ་བཤད། །རོགས་དྲན་པའི་ལོ་རབས་བཤད་ན། །གདན་གྲུ་བཞིའི་ཕྱེད་ཀ་སྟོང་བ་རེད། །ཤ་མཆིན་པའི་ངོ་ཡ་འཁྱགས་པ་རེད། །རོགས་དྲན་པའི་ལོ་རབས་དེ་འདྲ་རེད། །ལྟ་བུ་དང་། སེམས་སྨྲེང་བའི་སྐོར་གྱི་ལ་གཞས་ནི། ན་ཁྲ་རིས་ན་ལུང་གོང་མ་ན། །ང་སྐྱིད་ཀི་ཡོད་དང་སྡུག་གི་ཡོད། །ང་ལས་སྐྱིད་སྤང་ལུང་ཁུག་རེད།།ང་ལས་སྡུག་འདོ་བ་རིག་གི་མེད།  །རིག་གི་མེད་རུང་བརྗེད་གི་མེད། །ས་གར་སོང་ས་ནས་གླེང་གི་ཡོད། །ན་ཁྲ་རིས་ན་ལུང་ཞོལ་མ་ན། །ང་སྐྱིད་ཀི་ཡོད་དང་སྡུག་གི་ཡོད། །ང་ལས་སྐྱིད་སྡེ་ཆེན་དཀྱིལ་རེད། །ང་ལས་སྡུག་རོགས་ལོ་རིག་གི་མེད། །རིག་གི་མེད་རུང་བརྗེད་ཀི་མེད། །ས་གར་སོང་ས་ནས་གླེང་གི་ཡོད། །ལྟ་བུ། བདེ་མོ་འཇོག་པའི་སྐོར་གྱི་ལ་གཞས་ནི། བདེ་མོ་གཅིག་དང་བདེ་མོ། །མཚོ་གཡས་རུ་གཡོན་རུ་བདེ་མོ། །དོན་དམ་པས་མཚོ་སྙིང་བདེ་མོ། །བདེ་མོ་གཅིག་དང་བདེ་མོ། །སྡེ་གཡས་རུ་གཡོན་རུ་བདེ་མོ། །དོན་དམ་པས་རོགས་ལོ་བདེ་མོ། ། ལྟ་བུ་མང་པོ་ཡོད་ཀྱང་འདི་ཙམ་གྱིས་ལ་གཞས་ཀྱི་འགྲོ་རིམ་དང་ནང་དོན་བཅས་རགས་ཙམ་ཞིག་གོ་བར་གྱིས་ཤིག

ལྔ་པ། འབྲས་དཀར་གྱི་སྐོར།
            དེ་ཡང་འབྲས་དཀར་འཁྲབ་ལེན་བགྱིད་པ་འདི་མདོ་དབུས་ཁམས་གསུམ་དུ་གནའ་ནས་བཟུང་དར་ཁྱབ་ཏུ་སོང་ཡོད་ཅིང་། འཁྲབ་ལེན་གྱི་ཁྱད་ཆོས་དང་འགྲོ་ལུགས་སོགས་ས་ཆ་གང་ཡིན་ཡང་ཆེ་ཕྱོགས་ནས་མཐུན་པ་དང་ཆུང་ཕྱོགས་སུ་མི་མཐུན་པའང་ཡོད་དོ། །  
            ཨ་མདོ་ཆབ་འགག་ཡུལ་དུ་དར་ཁྱབ་ཏུ་སོང་ཡོད་པའི་འབྲས་དཀར་ལ་མཚོན་ན།   མཚོ་སྔོན་གྱི་མགོ་ལོག་དང་ཡུལ་ཤུལ་ས་ཁུལ་དུ་དར་ཁྱབ་ཆེ་བའི་འབྲས་དཀར་གྱི་ཚིག་དང་འཁྲབ་སྟངས་ལ་ཕལ་ཆེར་མཐུན་ནའང་མི་མཐུན་པའི་ཁྱད་ཆོས་ཀྱང་ཡོད་པ་སྟེ།  དཔེར་ན།  ཆབ་འགག་ས་ཆར་འབྲས་དཀར་བཤད་མཁན་གྱི་རྒན་པོའི་ལུས་ལ་ཕྲུག་ལྭ་གྱོན་ཏེ་ལག་ཏུ་དབྱུག་པ་ཞིག་བཟུང་ནས་མང་ཚོགས་ཀྱི་དཀྱིལ་དུ་ཡོང་ཞིང་དགྱེ་དགྱེ་དང་སྒུར་སྒུར་ལན་མང་བགྱིས་་པ་དང་མཚུངས་སུ། དེ་རིང་ཉི་མ་བཟང་པོ། སྐར་མ་བཟང་པོ། བཀྲ་ཤིས་པའི་ཉི་མ།  བདེ་སྐྱིད་འཛོམས་པའི་ཉི་མ་ཞེས་འགོ་རྩོམ་པ་ལྟ་བུའོ།  །ཡུལ་ཤུལ་ས་ཁུལ་དུ་འཁྲབ་ལེན་བགྱིད་པའི་འབྲས་དཀར་གྱི་ཁྱད་ཆོས་ལ་མཚོན་ན།  འབྲས་དཀར་བཤད་མཁན་གྱི་རྒན་པོའི་ལུས་ལ་ཁ་མདོག་དཀར་པོའི་ལྭ་བ་གྱོན་པ་་དང་། གདོང་ལ་ཞལ་འབག་གྱོན་པ། རྐང་པར་གནའ་ལྷམ་གྱོན་པ། ཕྲག་ལ་ཏཱ་ལེན་འཕེན་པ། ལག་ཏུ་དབྱུག་པ་འཛིན་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་དེ་ལགས། སྤྱིར་འབྲས་དཀར་གྱི་ནང་དོན་ལ་ཡང་སྔོན་གྱི་མ་གཞིའི་སྟེང་དུས་སྐབས་གསར་བའི་ནང་དོན་འགའ་རེ་བསྣན་འདུག་ལ།  ལོ་རེའི་དབྱར་ཁའི་རྟ་རྒྱུག་དགའ་སྟོན་གྱི་སྐབས་སུ་འབྲས་དཀར་འཁྲབ་ལེན་བགྱིད་པའི་སྲོལ་ཡོད་དོ། ། 
            ཡུལ་ཁམས་སོ་སོ་རུ་འཁྲབ་པའི་འབྲས་དཀར་གྱི་ནང་དོན་ཕལ་ཆེར་གཅིག་མཚུངས་ཡིན་ཡང་མི་མཚུངས་པ་འགའ་རེའང་ཡོད།  ཆབ་འགག་ཡུལ་དུ་དར་རྒྱ་ཆེ་བའི་འབྲས་དཀར་ནི་ང་འབྲས་དཀར་བསམ་པའི་དོན་གྲུབ་ཡིན་ཞེས་པ་དེ་ལགས།  གཤམ་དུ་འབྲས་དཀར་གྱི་ནང་དོན་གཙོ་བོ་རགས་ཙམ་ཞིག་བཀོད་ན་འདི་ལྟ་སྟེ།   
            ཨོ། ཉོན་ཅིག ང་འབྲས་དཀར་རྒན་པོ་ཟེར་བ་འདི། །ང་མ་སོང་ས་ཆ་གཅིག་ཀྱང་མེད། །ཚིག་མ་ཐོས་པ་ལ་གཉིས་ཀྱང་མེད། །ང་འབྲས་དཀར་རྒན་པོར་བཤད་པ་མང་། །ངས་བཤད་པའི་ཚིག་ལ་ཉན་རྒྱུ་ཡོད། །ལྷ་དཀོན་མཆོག་གསུམ་པོ་ལྷ་རྒྱལ་ལོ། །ང་འབྲས་དཀར་བསམ་པའི་དོན་གྲུབ་ཡིན། །ང་འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན།  །ང་ད་ནངས་ཡོང་ཡོང་གང་ནས་ཡོང་།  །ང་ད་ནངས་ཡོང་ཡོང་ཤར་ནས་ཡོང་། །ཤར་རྡོ་རྗེ་སེམས་དཔའི་མདུན་ནས་ཡོང་། །དགུང་ཉི་མ་དང་ནི་མཉམ་དུ་ཡོང་། །ང་དོ་ནུབ་འགྲོ་འགྲོ་གང་ལ་འགྲོ། །ང་དོ་ནུབ་འགྲོ་འགྲོ་ནུབ་ལ་འགྲོ། །ནུབ་སྣང་བ་མཐའ་ཡས་མདུན་ལ་འགྲོ། །གསེར་སེར་པོའི་འཁར་རྔ་རྡུང་སར་འགྲོ།   །དངུལ་དཀར་པོའི་མཆོད་རྟེན་བཞེངས་སར་འགྲོ། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་རྒྱ་མཚོའི་ཁ་ནས་ཆགས། །ལྷ་སའི་རྟེན་གྱི་གཙོ་བོ་ནི། །ལྷ་ཇོ་བོ་ཡིད་བཞིན་ནོར་བུ་རེད། །ལྷ་དཀོན་མཆོག་གསུམ་པོ་ལྷ་རྒྱལ་ལོ།  །ངས་འབྲས་དཀར་བཤད་ན་འབྲས་དཀར་བཤད།  །ང་འབྲས་དཀར་བསམ་པའི་དོན་གྲུབ་ཡིན།  །ང་འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན། །ཀི་བསྭོ་བསྭོ་ཆེན་པོ་ལྷ་རྒྱལ་ལོ། །ལྷུ་ཆེན་ལྷུ་ཆུང་བཅུ་གཉིས་ཡོད། །སྒལ་ཚིགས་བཞི་བཅུ་ཞེ་དགུ་ཡོད། །དིང་རུ་ན་ཆུང་བཅོ་བརྒྱད་ཡོད། །མཛུབ་གུ་རྒྱལ་བ་རིགས་ལྔ་ཡོད། །ཡ་ཐོད་ཤེལ་གྱི་མེ་ལོང་ཡིན། །དབུ་སྐྲ་རྒྱ་ལྕང་ལོ་མ་ཡིན། །སྨིན་མ་དོམ་ནག་མཆོང་འདྲ་ཡིན། །མིག་གཉིས་སྐར་ཆེན་ཤར་འདྲ་ཡིན། །རྣ་བ་གསེར་གྱི་མེ་ལོང་འདྲ། །མ་ནེ་གསེར་གྱི་སྒ་རུ་འདྲ། །ཡ་ཁ་གསེར་གྱི་པ་ཏྲ་འདྲ། །མ་ཁ་དངུལ་གྱི་པ་ཏྲ་འདྲ། །ཁའི་དུང་སོ་བན་ཆུང་བསྒྲིགས་འདྲ་ཡིན། །ལྕེ་དར་མ་གློག་དམར་འཁྱུག་འདྲ་ཡིན། །ཨོལ་ཀྱོག་མཆོད་རྟེན་བརྩིགས་འདྲ་ཡིན། །སྣ་ཁུང་ཟངས་ཐུར་གཤིབ་འདྲ་ཡིན། །གློ་བ་གངས་རི་དཀར་པོ་ཡིན། །མཆིན་པ་རྫ་རི་སྨུག་པོ་ཡིན། །མཁལ་མ་ལྷ་ཕྲུག་ཀླུ་ཕྲུག་ཡིན། །རྒྱུ་མ་ལྷ་ཀླུའི་ཞགས་པ་ཡིན། །ངའི་ཐོད་པའི་དཀྱིལ་གྱི་མེ་ལོང་འདི། །ཨོ་རྒྱན་པད་མའི་ཆ་ལུགས་ཡིན། །ངའི་སྣ་མགོར་མགྲོན་བུ་བཏགས་པ་འདི། །ཨ་ཙ་ར་ཡི་ཆ་ལུགས་ཡིན། །ལྟ་བུ་དང་། །ངའི་ལག་ལ་བཟུང་བའི་དབྱུག་པ་འདི། །ལྷ་ཨོ་རྒྱན་པད་མའི་སྒྲུབ་ཤིང་རེད། །རྗེ་རིན་པོ་ཆེ་ཡི་ཕྱག་རྟེན་རེད། །གོང་མ་རྒྱལ་པོའི་ཁྲིམས་ཤིང་རེད། །ད་འདི་ལ་བསྟོད་པ་ཨེ་ཡོད་ཟེར། །ད་འདི་ལ་བསྟོད་པ་ལོས་རེ་ཡོད། །འདི་མི་རྒོད་ཀླད་པ་རྡུང་བྱེད་རེད། །ཁྱི་རྒན་འགྲམ་པ་གཏོར་བྱེད་རེད། །ང་འབྲས་དཀར་ལམ་གྱི་འགྲོ་རོགས་རེད། །ལྷ་འདྲེ་དམ་ལ་འདོགས་བྱེད་རེད། །ཅེས་པ་ལྟ་བུའི་དབྱུག་པའི་བཤད་པ་དང་། ང་ངང་པ་སེར་པོ་མ་ཡིན་ཡང་། །མཚོ་ཆེ་ཆུང་བརྒྱུད་ཏེ་འཕུར་ནས་ཡོང་།  །གསུང་སྐད་རེ་རེ་བསྒྲགས་ནས་ཡོང་།  །ཡང་ཨེ་བདེན་མི་བདེན་གྲགས་ན་ཤེས། །ང་བོང་། ང་བོང་། ང་བོང་། ང་ཕོ་རོག་ནག་ཆུང་མ་ཡིན་ཡང་། །རི་མགོ་རེ་རེ་བརྒྱུད་ནས་ཡོང་། །གཤོག་རྩལ་རེ་རེ་ངོམ་ནས་ཡོང་། །ཡང་ཨེ་བདེན་མི་བདེན་འཕུར་ན་ཤེས། །ཀོ་ལིང་ལིང་། ཀོ་ལིང་ལིང་། ང་ཁུ་བྱུག་སྔོན་མོ་མ་ཡིན་ཡང་། །ནགས་ཚལ་རེ་རེ་བརྒྱུད་ནས་ཡོང་། །སྐད་སྙན་མོའི་གསུང་སྐད་བསྒྲགས་ནས་ཡོང་། །ཨེ་བདེན་མི་བདེན་གྲགས་ན་ཤེས། །ཀི་ཀོ ཀི་ཀོ ཀི་ཀོ ང་ར་མ་རྒྱ་མོ་མ་ཡིན་ཡང་། །རྩྭ་རྩི་ཏོག་རེ་རེ་ཟོས་ནས་ཡོང་། །ངས་འབའ་སྐད་རེ་རེ་བསྒྲགས་ནས་ཡོང་། །ཨེ་བདེན་མི་བདེན་འབའ་ན་ཤེས། །མེས་ཨེ་ཨེ། མེས་ཨེ་ཨེ། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །ཀི་བསྭོ་བསྭོ་ཆེན་པོ་ལྷ་རྒྱལ་ལོ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ང་འབྲས་དཀར་མི་འདུག་འགྲོ་རྒྱུ་ཡིན།།ང་འབྲས་དཀར་རྒན་པོས་ཁ་གཡང་འབོད།  །རྟ་ར་གོང་མ་རྟ་ཡིས་བཀང་།  །ནོར་ར་བར་མ་ནོར་གྱིས་བཀང་། །ལུག་ར་ཞོལ་མ་ལུག་གིས་བཀང་། །འབྲོག་པ་རྣམས་ཀྱི་མར་གཡང་ཤོག །རོང་བ་རྣམས་ཀྱི་ནས་གཡང་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་ཤིང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པ་ལྟ་བུའོ།།  
            གོང་ཞུའི་འབྲས་དཀར་ལས་ཞིབ་ཏུ་དཔྱད་ན་དེར་འབྲས་དཀར་རྒན་པོ་ཐོག་མ་ཇི་ལྟར་ཡོང་བ་དང་ཡོང་དོན་ཅི་ཞིག་ཡིན་པ།  རང་ལུས་ཀྱི་ཕྱིའི་དབང་བོ་ཐམས་ཅད་དང་ནང་གི་དོན་ལྔ་སྣོད་དྲུག་རེ་རེ་འགྲེལ་བཤད་བགྱིས་པ། ལག་ཏུ་བཟུང་བའི་དབྱུག་པའི་ཕན་ཡོན་བརྗོད་པ།    ད་དུང་ཁོང་ཉིད་ཡོང་བའི་སྐབས་སུ་མཚོ་ཆེ་ཆུང་དང་། རི་མགོ་རེ་རེ། ནགས་ཚལ་རེ་རེ་བཅས་བརྒྱུད་ནས་ཡོང་བའི་ལོ་རྒྱུས་བཤད་ཡོད་ལ། གལ་སྲིད་ཨེ་བདེན་མི་བདེན་བསམས་ན། བྱ་ངང་བ་དང་ཕོ་རོག  ཁུ་བྱུག  ར་མ་རྒྱ་མོ་བཅས་པ་གྲགས་ན་ཤེས་ཟེར་ནས་འདབ་ཆགས་བྱ་དང་དུད་འགྲོ་ར་མ་བཅས་ཀྱི་ངག་ཚབ་བྱས་ནས་གྲགས་པ་དང་འབའ་བ་སྟེ། ངོ་མཚར་གྱི་ལྟད་མོ་ཉམས་དང་ལྡན་པ་སྟོན་ཞིང་། མཇུག་མཐར་མི་ཕྱུགས་ཐམས་ཅད་བདེ་ཞིང་རྒྱས་པ་དང་། ལོ་ཡག་སྐལ་བཟང་ཡོང་བའི་བཀྲ་ཤིས་སྨོན་ལམ་མམ་ཁ་གཡང་ཕུན་སུམ་ཚོགས་པ་བསྒྲགས་བྱུང་། མི་རྣམས་ཀྱིས་བཤད་པ་ལྟར་ན།  འབྲས་དཀར་ནི་བསམ་པའི་དོན་གྲུབ་དང་ཡིད་བཞིན་ནོར་བུའི་མཚོན་བྱེད་ཅིག་ཡིན་པས།   ལོ་རེར་ཆད་པ་མེད་པར་སྡེ་བ་དང་ཚོ་བའི་ནང་དུ་བཤད་ན།  ཕྱུགས་ལ་གོད་ཁ་མེད་པ་དང་མི་ལ་ན་ཚ་མེད་པ།  ལོ་ལོན་ཐམས་ཅད་ཚེ་རིང་བ།  གཞོན་པ་ཐམས་ཅད་ཁ་ལས་རླུང་རྟ་དར་བ།  འབྲུ་རིགས་སྣ་ལྔའི་ལོ་ལེགས་ཡོང་ངེས་ཡིན་ཞེས་པའི་བཤད་ཚུལ་ཡོད་དོ། །

            དྲུག་པ། གླིང་གེ་སར་སྒྲུང་གི་སྐོར།
            གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་བྱུང་བརྗོད་སྙན་ངག་རིང་པོ་ཞིག་ཡིན་ཞིང་།  རང་རེའི་ཁ་བའི་ཡུལ་འདིར་དུས་སྔ་མོ་ནས་དར་རྒྱ་ཤིན་ཏུ་ཆེ་བ་དང་མང་ཚོགས་ཀྱིས་ཀྱང་དགའ་བསུ་ཆེན་པོ་བྱེད་བཞིན་མཆིས།  ད་ལྟ་ལག་ཏུ་སོན་པའི་སྒྲུང་དཔེ་ཡང་ཉིས་བརྒྱ་ལྷག་ལ་བུད་ཡོད་ཅིང་།   དེ་དག་ལས་སྒྲུང་དཔེ་བརྒྱད་ཅུ་ལྷག་པར་སྐྲུན་བགྱིས་ནས་ཕྱོགས་བཞི་མཚམས་བརྒྱད་དུ་བཀྲམ་པ་ཡིན།  ད་དུང་སྒྲུང་པ་རྣམས་ཀྱིས་བཤད་ཤེས་པའི་སྒྲུང་རྣམས་ལྷན་དུ་བརྩིས་ན་སྒྲུང་གྲངས་བཞི་བརྒྱ་ལྷག་ལ་སླེབ་ཐུབ། དེའི་ཕྱིར་གེ་སར་གྱི་སྒྲུང་འདི་རང་རེའི་རྒྱལ་ཁབ་ཀྱིས་གཅེས་ནོར་དུ་བརྩིས་ནས་འཚོལ་སྡུད་དང་དག་སྒྲིག  ཡིག་སྒྱུར།  པར་སྐྲུན།  ཞིབ་འཇུག་བཅས་བྱེད་བཞིན་ཡོད་པར་མ་ཟད།   ཕྱིའི་རྒྱལ་ཁབ་ཕལ་ཆེར་སུམ་ཅུ་ལྷག་གིས་ཀྱང་ཆེད་གཉེར་གྱི་ལས་ཁུངས་བཙུགས་ཏེ་ཞིབ་འཇུག་པ་གཏན་ཁེལ་བགྱིས་ནས་གེ་སར་སྒྲུང་ལེགས་སྒྲིག་དང་ཞིབ་འཇུག་བྱེད་མུས་སུ་མཆིས།  
            གེ་སར་སྒྲུང་གི་བརྗོད་བྱའི་དོན་གྱི་ཆ་ནས་བལྟས་ནའང་དེ་ནི་བོད་གནའ་རབས་ཀྱི་ཆབ་སྲིད་དང་དམག་དོན། རིག་གནས། ཆོས་ལུགས། དམངས་སྲོལ་བཅས་མཚོན་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་ངག་རིང་མོ་ཞིག་ཡིན། དེར་གླིང་གེ་སར་རྒྱལ་པོས་གཙོས་གླིང་གི་དཔའ་རྟུལ་སུམ་ཅུས་བཙན་པོ་གཉའ་ནས་གནོན་པ་དང་དབུལ་ཕོངས་མཐའ་ནས་སྐྱོང་ཞིང་།   ཕྱོགས་བཞིའི་དགྲ་བཞི་བཏུལ་ཏེ་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་གྲངས་མེད་ཆམ་ལ་ཕབ་པའི་་ལོ་རྒྱུས་དག་གསལ་ལེར་བརྗོད་ཡོད།   འཇིག་རྟེན་ཁ་དཔེར་བོད་མི་རེའི་ཁ་ན་སྒྲུང་རེ་ཟེར་བ་ལྟར།  གླིང་གེ་སར་གྱི་སྒྲུང་ནི་བོད་གངས་ཅན་གྱི་ཡུལ་འདིར་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་ཅིང་། གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ། སྨན་མཆོག་བཅུ་གསུམ་བཅས་ཀྱི་ཤུལ་རྟེན་དང་རྗེས་ཤུལ་སོགས་ཀྱང་རི་ལུང་ཀུན་ཏུ་་ཁྱབ་ཡོད།  ལྷག་པར་དུ་རང་རེའི་ཆབ་འགག་ཡུལ་ལ་མཚོན་ན།  གནའ་བོའི་དུས་ནས་གེ་སར་སྒྲུང་བཤད་པར་དགའ་བ་དང་ཉན་པར་སྤྲོ་བ་ཡིན།   ཡི་གེ་གཅིག་ཀྱང་མི་ཤེས་པའི་རྒན་པོ་རྒན་མོ་རྣམས་ཀྱང་དུས་ནམ་ཡང་ལྷན་དུ་འཛོམས་ནས་སྒྲུང་བཤད་པ་དང་སྒྲུང་ལ་ཉན་པའི་སྲོལ་ཆགས་ཡོད།   ད་དུང་ཁོང་རྣམ་པས་སྒྲུང་ནང་གི་གཏམ་རྒྱུད་གཙོ་བོའི་སྐོར་བློར་བཤད་ཤེས་ཤིང་། སྒྲུང་གླུ་ཡང་རྣར་སྙན་པ་ལེན་ཤེས།   གཞན་ཡང་ཡུལ་ཕྱོགས་དེར་གེ་སར་རྒྱལ་པོའི་རྟེན་འགངས་ཆེན་ཏེ། གེ་སར་གྱི་ཞབས་རྗེས་དང་ཕྱག་རྗེས། ཤན་པའི་བ་རྡོ།  རྟ་རྐྱང་རྒོད་གཡེར་བའི་རྨིག་རྗེས་ཞེས་པ་སོགས་མང་པོ་མཐོང་རྒྱུ་ཡོད་པ་དང་ངག་རྒྱུན་གྱི་བཤད་སྲོལ་ཡང་མང་པོ་མཆིས།   དེ་དག་ལ་སྐྱེ་བོ་ཀུན་གྱིས་མཆོད་བཀུར་བགྱིད་པར་མ་ཟད་དེ་དང་འབྲེལ་བའི་གཏམ་རྒྱུད་གསོན་ཉམས་ལྡན་པའང་མང་པོ་འཆད་ཤེས་པ་ལགས་སོ། །   
            ཆབ་འགག་ཡུལ་འདིར་དར་ཁྱབ་ཧ་ཅང་ཆེ་བའི་སྒྲུང་ནི་《ཨ་སྟག་ལྷ་མོ་》དང་《ཧོར་གླིང་གཡུལ་འགྱེད།》 《འཇང་ཕྲུག》 《ཤན་འདན་ནང་འཁྲུག་》)བཅས་ཡིན་ལ། སྡེ་བའི་རྒན་པའི་ནང་དུ་སྒྲུང་དཔེ་དེ་དག་བཤད་ཤེས་པའི་སྒྲུང་པ་མི་ཉུང་བ་ཞིག་ཡོད་པ་སྟེ། ལ་ལས《ཨ་སྟག་ལྷ་མོ་》བཤད་ཤེས་པ་དང་། ལ་ལས་《འཇང་ཕྲུག་》བཤད་ཤེས་པ། འགའ་རེས་《ཧོར་གླིང་གཡུལ་འགྱེད་ 》ཀྱི་ཚན་པ་འགའ་རེ་དང་ལེའུ་འགའ་རེ་བཤད་ཤེས་པ་ལགས། ཁོང་རྣམ་པས་ཡི་གེ་གཅིག་ཀྱང་མི་ཤེས་ཀྱང་སྒྲུང་བཤད་པར་ཐོགས་པ་མེད་ལ།    ད་དུང་སྒྲུང་རྟ་མང་པོར་བཀུག་ནས་སྒྲུང་གླུ་ཡང་ལེན་ཐུབ་པ་ཡིན། ཁོ་བོའི་བསམ་པར། གོང་ཞུའི་སྒྲུང་དཔེ་དེ་དག་སྒྲུང་པ་ཁོང་རྣམ་པས་བློ་དང་རིག་པས་གསར་རྩོམ་བགྱིས་པ་ཞིག་མ་ཡིན་པར།   ཁོང་རྣམས་ཀྱིས་རང་ཉིད་ཀྱི་དགའ་བ་དང་རྩོལ་བར་བརྟེན་ནས་བློར་ངེས་པར་བྱས་པ་ཞིག་ཡིན་ཞིང་། སྒྲུང་པ་འདིའི་རིགས་ལ་ངེད་ཅག་གིས་བསླབ་སྒྲུང་ཞེས་འབོད་བཞིན་ཡོད།   
            ཕྱིས་སུ་སློབ་གྲྭ་པ་དང་དགོན་པ་ནས་ཕྱིར་སྡེ་བར་ཡོང་བའི་སྐད་ངག་གཉིས་འཛོམས་ཀྱི་ན་གཞོན་ཚོས་ཀྱང་སྒྲུང་དཔེར་བལྟས་ནས་བཤད་པ་ཡང་ཡོད་ལ།  གླུ་རྟ་ཡང་སྒྲུང་པ་སྐལ་བཟང་གྲགས་པའི་གླུ་རྟ་དང་མགོ་ལོག་གི་སྒྲུང་པ་ངག་རིག་གི་གླུ་རྟ།  གདང་ལའི་སྒྲུང་པ་ཚེ་རིང་དབང་འདུས་ཀྱི་གླུ་རྟ་སོགས་གླུ་རྟ་ལེགས་གྲས་ཀྱི་སྐོར་ལ་སྦྱངས་པ་བགྱིས་ཏེ་ལེན་པ་ཡིན་པས།  ཉན་མཁན་རྣམས་ཀྱིས་དགའ་བསུ་ཚད་མེད་བྱེད་ཀྱིན་ཡོད། 
            གླུ་རྟར་མཚོན་ན་སྤྱིར་དཔའ་ཆེན་རེ་ལ་གླུ་རྟ་རེ་དང་། སྐྱེས་མ་རེ་ལ་གླུ་རྟ་རེ། ད་དུང་དགའ་བའི་གླུ་རྟ་དང་སྐྱོ་བའི་གླུ་རྟ། སྡུག་པའི་གླུ་རྟ་བཅས་མང་པོ་ཡོད་ཀྱང་།   ཆབ་འགག་ཡུལ་འདིར་ཁྱབ་རྒྱ་ཆེ་བའི་གླུ་རྟ་ནི་གེ་སར་ཁྲོམ་ཆེན་ཟིལ་གནོན་དང་།  འབྲུག་མོའི་དགུ་སེང་དྲུག་འགྱུར།  རྒྱ་ཚའི་དཀར་མོ་དྲུག་འགྱུར་བཅས་སོ། །  
གེ་སར་སྒྲུང་དེ་ཡུལ་ཕྱོགས་འདིར་ཐོག་མར་ངག་ཐོག་བརྒྱུད་དེ་ཁྱབ་པ་ཡིན་ཡང་ཕྱིས་སུ་ལག་བྲིས་མ་དང་དཔར་མ་དར་ཁྱབ་ཏུ་སོང་ཡོད།  ལག་བྲིས་མའི་སྒྲུང་དཔེའི་ཁ་མི་ཚང་བ་དང་ཡི་གེ་མི་དག་པ། རྗོད་ཚིག་མི་སྙན་པ་རྣམས་ཡོན་ཏན་ཅན་གྱིས་སྒྲུང་པའི་ངག་ཐོག་བརྒྱུད་ནས་ཁ་སྐོང་བགྱིས་ཏེ། དག་སྒྲིག་བྱས་པར་བརྟེན།  རིམ་གྱིས་ཁ་ཚང་ཞིང་ཚིག་སྙན་པ།  དག་ཆའང་ལྡན་པར་གྱུར་པ་ཡིན་ལ། ཆབ་འགག་ཡུལ་གྱི་རྒྱ་ར་དང་རྐ་གསར། ཨར་སྟི། གཡུང་རོང་བཅས་སྡེ་བའི་ནང་དུ་སྒྲུང་དཔེ་ལག་བྲིས་མ་དེ་དག་ད་རུང་ཉར་ཡོད་པར་གྲགས་སོ། །